གྲོགས་པོ་འཁོར་ལོ་ལ་སྤྲིངས་པའི་འཕྲིན་བཞི་བ།

རྩོམ་པ་པོ།:མཛེས་སེ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། དུས་ཚོད།:2026-02-10 08:38:14 ཀློག་གྲངས།:
གྲོགས་པོ་འཁོར་ལོ་ལ་སྤྲིངས་པའི་འཕྲིན་བཞི་བ།
མཛེས་སེ།

       གྲོགས་པོ་འཁོར་ལོ་ལགས། གནམ་ལོ་གསར་པ་ཚེས་པར་ཉེ་བའི་སྐབས་འདིར་གྲོགས་པོ་ཁྱོད་ལ་འཕྲིན་ཡིག་བསྐུར་དོན་ནི། ལོ་སར་དང་འབྲེལ་བའི་འདས་དོན་མང་པོ་དྲན་ཞིང་། སྔོན་ཆད་གྲོང་རྡལ་གཅིག་ཏུ་སྡོད་དུས་གསར་དུ་ངོ་ཤེས་ཤིང་གྲོགས་པོར་གྱུར་བའི་ཁྱོད་སོགས་ཡིད་ལ་ཤར་བས་ཡིན།
       འུ་ཅག་མཉམ་དུ་ཕྲད་སའི་གྲོང་རྡལ་དེ་རུ་ས་ཕྱོགས་སོ་སོ་ནས་ཡོང་བའི་སྐྱེ་བོ་ཕོ་མོའང་ཧ་ཅང་མང་། ལོ་རྙིང་གི་ཉི་མ་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་པ་ན། བཟའ་སྒྲིག་བྱས་ཟིན་པའི་གྲོགས་པོ་ཚོ་དང་། བཟའ་ཟླ་གཉིས་ཀས་ལས་ཁུངས་གང་རུང་དུ་ལས་ཀ་སྒྲུབ་བཞིན་པའི་ཁྱིམ་ཚང་དེ་ཚོ་གཡོལ་ཐབས་མེད་པའི་གནད་དོན་ཞིག་གིས་སེམས་ཁམས་བདེ་རུ་འབབ་པའི་གོ་སྐབས་འཇོམས་ཀྱིན་འདུག་པ་ཀུན་གྱིས་ཤེས་པར་མ་ཟད། ཁྱོད་ནི་དེའི་ཁྲོད་ཀྱི་མིག་དཔེ་ལྟ་བུར་གྱུར་མྱོང་བ་དྲན་ནམ།
       ཁྱོད་དང་ཆུང་མས་བསྟུད་མར་ལོ་གཉིས་ལ་སུའི་ཕ་ཡུལ་དུ་སོང་ནས་ལོ་སར་རྒྱུ་དེ་བརྩད་ཅིང་བཟའ་འཁོན་ཆེ་ཆུང་ཐེངས་མང་བྱུང་མྱོང་བ་ངས་དྲན་གྱིན་འདུག དུས་རྒྱུན་ས་ཆ་གཞན་དུ་ལས་ཀ་སྒྲུབ་ཀྱིན་པའི་བུ་དང་བུ་མོ་ལོ་སར་སྐབས་སུ་ཕྱིར་རང་ཁྱིམ་དུ་ལོག་ནས་ལྷན་དུ་འཛོམས་པའི་རེ་ལྟོས་ནི་ཕ་མ་སུ་ལའང་ཤིན་ཏུ་ཆེ། བཟའ་ཟླ་ཡོད་པའི་བུ་དང་བུ་མོ་སུས་ཀྱང་ཕ་མའི་རེ་འདུན་དེ་བསྐང་བར་བྱེད་ཐུབ་མོད། གཞུང་གི་ལས་ཀ་གཉེར་བཞིན་པའི་ཁྱོད་བཟའ་ཟླ་གཉིས་ལ་མཚོན་ན། ལོ་རྙིང་ཕར་བསྐྱལ་རྒྱུའི་ཆོ་ག་དང་ལོ་གསར་ཚུར་བསུ་བའི་རྟེན་འབྲེལ་གྱི་མཆོད་ཁ་དང་བཟའ་བཏུང་ཐོག་མ་ལ་མཉམ་དུ་རོལ་བའི་གནམ་གང་དང་ཚེས་གཅིག་གི་ཉིན་ཞག་དེར་སུ་ཚང་ནས་སྡོད་རྒྱུ་ནི་རྩོད་གཞིའི་རྩ་བར་གྱུར་ཡོད་པ་རེད།
       ཐེངས་ཤིག འུ་ཅག་གྲོགས་པོ་ལྔ་དྲུག་ཙམ་གྱིས་ཆུང་མ་དང་མཉམ་དུ་གསོལ་ཁང་ཅུང་ཆེ་བ་ཞིག་ཏུ་དགོང་ཟས་ལ་རོལ་མྱོང་བ་ཁྱོད་ཀྱིས་བརྗེད་ག་ལ་སྲིད། ལོ་སར་དང་ཐག་ཇེ་ཉེ་ཡིན་པས། དགོང་མོ་དེར་ང་ཚོའི་གླེང་བྱའང་ལོ་སར་གང་ལ་སོང་ནས་རོལ་རྒྱུའི་ཕྱོགས་སུ་འཁོར་སོང་།
       ལོ་སར་སྐབས་སུ་ཁྱོད་ཚོ་སུ་ཚང་ལ་འགྲོ་རྩིས་ཡོད་དམ། ཞེས་པའི་གཏམ་དེ་གྲོགས་པོ་ཁྱབ་འཇུག་གིས་དྲིས་པ་ན། དེར་འདུས་བཟའ་ཟླ་ཐམས་ཅད་ཀྱིས་ཕན་ཚུན་ལྟ་ཙམ་བྱས་ཏེ། ད་དུང་གྲོས་ཐག་བཅད་མེད་ཅེས་ཟེར་བ་ལས་ལན་གསལ་པོ་འདེབས་མཁན་གཅིག་ཀྱང་མ་བྱུང་། གྲོང་ཁྱེར་དང་གྲོང་རྡལ་དུ་སྡོད་པའི་བཟའ་ཚང་མང་ཤོས་ལ་མཚོན་ན། སྐྱེས་པས་ཉན་མི་འདོད་པའི་དྲི་བ་ནི་འདི་ཡིན་ལ། ཆུང་མས་ལན་གདབ་མི་བསམ་པའི་སྐད་ཆའང་འདི་རེད། གྲོགས་པོ་ཕོ་ཁྱབ་འཇུག་གི་ཆུང་མས་ཀུན་གྱི་སེམས་སུ་ཅི་ཞིག་དྲན་གྱིན་པ་ཚོར་ནས་དོན་དག་གཞན་ཞིག་གླེང་རྩིས་བྱས་མོད། ཁྱབ་འཇུག་གིས་ཆང་འཐུང་ཞོར་དུ་བཤད་རྒྱུར། ངའི་ཤ་ཉེ་ཕུ་བོ་ཞིག་ཕ་ཡུལ་གྱི་རྫོང་དེའི་གཞུང་ཞབས་པ་ཡིན། ཁོའི་ཕ་རྒན་གཞེས་ནིང་ལོར་ཚེ་ལས་འདས་པས། ལོ་སར་ལ་རོལ་བའི་སྐལ་བ་མེད་ནའང་སྡུག་མགོ་ལ་ལྷུང་དུས་བུ་སྤུན་དང་མནའ་མ་དང་ཚ་བོ་སོགས་ཐམས་ཅད་རང་ཁྱིམ་དུ་འཛོམས་ནས་ལྷན་དུ་སྡུག་འཁུར་དགོས་པ་ནི་དཔེ་རེད། འོན་ཀྱང་ཁོའི་ཆུང་མས། ཁྱོད་ཚང་གི་མགོ་ན་སྡུག་ཡོད་པས་ལོ་སར་ལ་རོལ་བའི་སྐལ་བའང་མེད། ང་ནི་རང་གི་ཕ་མའི་ཁྱིམ་དུ་ལོ་སར་རོལ་རྒྱུ་ཡིན་ཟེར་ནས་སོང་བས། ངེད་ཅག་ཤ་ཉེ་རིང་ཡོངས་ཀྱིས་མནའ་མ་མགོ་སྟོང་འདི་ལྟ་བུ་ཞིག་གིས་ཅི་བྱ། ཁྱིམ་ཚང་འདི་རུ་མོ་ཡོད་པ་ལས་མེད་ན་བཟང་ཞེས་གྲོས་ཁ་གཅིག་ཏུ་མཐུན་ནས་བཟའ་ཟླ་གཉིས་ཐོར་དུ་བཅུག་སོང་བ་རེད། སྐྱིད་ཡོད་དུས་ཁྱོ་གའི་ཕ་ཡུལ་དུ་འགྲོ་བ་དང་། སྡུག་བྱུང་སྐབས་ཁྱོ་གའི་ལྷན་དུ་མི་སྡོད་པར་རང་གི་ཕ་མའི་གམ་དུ་ལོ་སར་བ་ནི་ད་ལྟའི་དུས་སྐབས་སུ་གླ་ཕོགས་ལེན་རྒྱུ་ཡོད་པའི་བུད་མེད་ཚོའི་དལ་ཡམས་ཞིག་ཏུ་འགྱུར་བཞིན་པ་འདྲ། འདི་ནི་རང་སྲོལ་བཟང་པོ་ཉམས་པར་འགྱུར་བའི་སྔ་ལྟས་ངན་པ་ཞིག་རེད། ཅེས་བཤད་དུས། ཆུང་མས་ཁྱབ་འཇུག་གི་ཁ་འགོག་པར་བརྩམས་ཀྱང་མ་ཕན། ཁོས་མུ་མཐུད་དུ་ན་རེ། བུད་མེད་དེ་ཚོའི་ཕ་མ་ལ་བློ་རིག་འཛོམས་མིན་དང་ཁོག་རྒྱ་ཆེ་མིན་ཡང་དོན་དག་འདི་ལྟ་བུ་ལས་གསལ་པོར་ཤེས་ཡོང་། སྐྱིད་སྡུག་གང་ལ་ཕྲད་ཀྱང་ཁྱོ་གའི་ཁྱིམ་དུ་ལོ་སར་མཉམ་དུ་རོལ་བར་མི་འཐད་ན། བཟའ་ཟླ་མ་རེད་གནས་སྐབས་ཀྱི་བཟའ་རོགས་འཐུང་རོགས་ཙམ་རེད། སྐྱིད་སྡུག་མཉམ་དུ་འཁུར་མི་ཐུབ་ན་གནས་ལ་སོང་ནས་ཅི་བྱ། དེ་ནི་བྱ་བྱེའུ་དང་ཁྱད་པར་མེད། མཉམ་དུ་རྒུམ་བུ་འཐུས་ནས་ཉེན་ཁར་ཕྲད་པ་ན་རང་རང་སར་འཕུར་འགྲོ་བ་དང་ཡོངས་སུ་མཚུངས།
       གྲོགས་པོ་ཁྱབ་འཇུག་ཆང་གིས་བཟི་བཞིན་པ་འདྲ། ཁོའི་ཆུང་མ་ནི་གྲོང་སྡེ་ནས་ཡོང་བའི་བུད་མེད་ཅིག་ཡིན་པ་དང་། འུ་ཅག་ལྷན་དུ་འཛོམས་ཐེངས་རེར་མོ་ཁྱབ་འཇུག་གི་གམ་དུ་བསྡད་དེ་གདོང་ལ་ཡལ་བ་མེད་པའི་འཛུམ་ཞིག་མངོན་པ་ལས་སྐད་ཆ་མང་པོ་མི་བཤད་པ་ཁྱོད་ཀྱིས་དྲན་ནམ། དགོང་མོ་དེར་མོས་ཉན་མ་བཟོད་པར་ཁྱབ་འཇུག་གི་བརླ་ཤ་སེན་མོས་བཙིར་ནས་བཤད་མཚམས་བཅད་པ་ན། ཁྱོད་ཀྱིས་ཆང་ཁམ་གང་འཐུང་རྗེས་ན་རེ། ངའི་ཆུང་མ་ནི་ངེད་ཚང་གི་མནའ་མ་ཡིན་པས་ལོ་སར་སྐབས་སུ་ངའི་ཕ་ཡུལ་དུ་འགྲོ་དགོས་ཞེས་བཤད་པར། ཆུང་མས། ང་ནི་ཁྱོད་ཚང་གི་མནའ་མ་ཡིན་རུང་ངེས་པར་ཁྱོད་ཚང་དུ་ལོ་སར་དགོས་པ་ཅི་ཡིན་ནམ་ཞེས་ལན་བཏབ་པ་དང་། ཁྱོད་ཀྱིས། འོ་ན་ང་ནི་ཁྱོད་ཚང་གིས་མག་པར་བླངས་པ་མིན་པས། ཁྱོད་ཀྱི་ཕ་མ་དང་ལྷན་དུ་ལོ་སར་དགོས་དོན་ཅི་ཡོད། ཁྱོད་ནི་གནས་ལ་བྱིན་ཚར་བའི་བུ་མོ་རེད། ཁྱོད་ཀྱི་ཕ་མའི་ཁྱིམ་དུ་ཕུ་ནུ་དང་མནའ་མ་སོགས་ཡོད་པ་མ་ཡིན་ནམ། གལ་ཏེ་ཁྱོད་ཚང་གི་ཕུ་བོ་དང་སྲུ་མོས་ཀྱང་ལོ་སར་སྐབས་སུ་ཕ་མ་བསྐྱུར་ནས་སྲུ་མོའི་ཁྱིམ་དུ་སོང་བ་ཡིན་ན། འུ་གཉིས་ཁྱོད་ཚང་ལ་སོང་ཆོག་ཅེས་བཤད་པ་ངས་ད་ལྟའང་དྲན། སྐབས་དེར་ཁྱོད་ཀྱི་ཆུང་མ་ཤིན་ཏུ་ཁྲོས་ཏེ་ན་རེ། ང་ནི་ཁྱོད་ཚང་གིས་རིན་གོང་མཐོན་པོ་བྱིན་ནས་ཉོས་པ་མིན་པས། ཕ་མའི་གམ་དུ་ལོ་སར་རོལ་མི་ཆོག་པའི་དབང་ཆ་དེ་ཁྱོད་ལ་སུ་ཡིས་གནང་པ་ཡིན་ནམ། ཁྱོད་ཀྱིས་ལན་དུ། འོ་ན་ཁྱོད་ཀྱི་ཨ་མ་ལགས་ནམ་ཡང་རང་གི་ཁྱོ་གའི་ཁྱིམ་དུ་ལོ་སར་ལ་རོལ་གྱིན་པ་དེ་ཅི་ཡིན་ནམ། མོ་ནི་ཁྱོད་ཀྱི་ཨ་ཕས་རྒྱུ་ནོར་འབོར་ཆེན་གྱིས་བརྗེས་ཡོང་བ་རེད་དམ་ཡང་ན་རིན་གོང་མཐོན་པོས་ཉོས་ཡོང་བ་ཡིན་ནམ་ཞེས་སྨྲས་པར། ཁྱོད་ཀྱི་ཆུང་མའི་གདོང་མདོག་དམར་པོར་གྱུར་ཅིང་དེ་མ་ཐག་ཡར་ལངས་ཏེ་གསོལ་ཁང་གི་ཕྱི་རོལ་དུ་བུད་སོང་། སྐབས་དེར་ངའི་སེམས་སུ། འཁོར་ལོ་དང་ཁོའི་ཆུང་མ་རླུང་འཚུབ་འདི་ལས་ཐར་བར་དཀའ་སྙམ་བྱུང་།
       ཆོས་དང་འཇིག་རྟེན་གཉིས་ཀར་མཁས་པའི་གྲྭ་ལོག་སྟེ། གྲོགས་པོ་ཕོ་བྲང་ནི་འུ་ཅག་ཀུན་གྱི་ཕུ་བོའང་ཡིན་པས་བཤད་པའི་གཏམ་ལ་སྒམ་པོའི་ཁྱད་ཆོས་ལྡན། དགོང་མོ་དེར་ཁོས་བཤད་པ་ངས་ད་དུང་དྲན་གྱིན་འདུག་སྟེ། སྐྱེ་བ་འདིའི་བཟའ་ཚང་ཡིན་ན་ཕྱོགས་གཉི་གའི་ཁྱིམ་དང་ཕ་མའི་གམ་དུ་ལོ་སར་རོལ་རྒྱུ་ནི་རང་གི་བཀུར་སེམས་དང་འདང་བརྩེ་མཚོན་པ་ཙམ་མ་ཡིན་པར་དེ་ནི་སོ་སོའི་འོས་འགན་ཡང་རེད། འོན་ཀྱང་ཁྱོ་གའི་ཁྱིམ་དང་ཆུང་མའི་ཁྱིམ་ལ་གཙོ་ཕལ་གྱི་དབྱེ་བ་འབྱེད་དགོས་ལ། སྔ་གཞུག་གི་གོ་རིམ་ཡང་འཆོལ་མི་རུང་། གནའ་ནས་དར་ཡོང་བའི་འཇིག་རྟེན་གྱི་དཔེ་སྲོལ་ནི་ནམ་ཡང་བདེན་པ་ཡིན། དེ་ནི་མི་གཅིག་གིས་བཙུགས་པ་མ་ཡིན་པར། ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ་སྐྱེ་བོ་ཡོངས་ཀྱིས་ལེགས་ཉེས་སྤང་བླང་དང་སྙིགས་དོར་བཅུད་ལེན་བྱས་མཐར་ཀུན་གྱིས་བརྩི་སྲུང་བྱས་པ་ཡིན་པས། རང་ཉིད་ནི་གཞུང་གི་ལས་ཀ་སྒྲུབ་མཁན་ཞིག་ཡིན་པས་ཅི་འདོད་གང་དྲན་ལྟར་བྱས་ཆོག་སྙམ་པའི་བློ་སྐྱེ་མི་རུང་། རྟོགས་པ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་བསྟུན་དགོས། ཤེས་རྒྱ་མཐོང་རྒྱ་དང་ཐོབ་ཐང་འཇོན་ཐང་སོགས་ཁྱོད་ལས་ལྷག་པ་གང་མང་མང་ཡོད་ཀྱང་། འཇིག་རྟེན་ཁྱིམ་པའི་ལུགས་ལ་བརྩི་སྲུང་མི་བྱེད་མཁན་ཤིན་ཏུ་ཉུང་། རྒྱལ་ཁབ་ཅིག་གི་རྒྱལ་མོ་ཡང་གཞུང་དོན་བསྒྲུབས་ཚར་ནས་རང་ཁྱིམ་དུ་ལོག་ན་རང་ཉིད་ནི་སྐྱེས་པ་ཞིག་གི་ཆུང་མ་ཡིན་པ་བརྗེད་མི་སྲིད། ཁྱིམ་ཐབ་ཇི་ལྟར་སྐྱོང་བའི་ཐད་དུ་རང་གི་ཁྱོ་གའི་ངག་ལ་ཉན་དགོས་པ་ནི་དཔེ་རེད་ཅེས་བཤད་བྱུང་། ཁོས་བསམ་བློ་ཡུད་ཙམ་བཏང་རྗེས་མུ་མཐུད་དུ་བཤད་རྒྱུར། གལ་ཏེ་ཁྱོད་ཀྱིས་རང་ཉིད་ནི་སྲས་མོ་ཇི་བཞིན་རིགས་རུས་བཟང་བའམ་ལྷ་ལྕམ་ལྟ་བུའི་བུད་མེད་རྒྱུད་དག་ཅན་ཞིག་ཡིན་སྙམ་ན། རང་གི་གཏམ་སྤྱོད་སོགས་གང་ཐད་ནས་རྗེས་རབས་དང་ན་ཟླ་ཡོངས་ལ་མིག་དཔེ་མཆོག་དང་ལེགས་དང་མཛེས་པའི་ཆ་དེ་བསྟན་དགོས་ཕྱིར། ལོ་སར་སྐབས་སུའང་ཐོག་མར་ཁྱོ་གའི་ཕ་མའི་ཁྱིམ་དུ་སོང་ནས་ལྷན་དུ་འཛོམ་རྒྱུ་དང་། དེ་ནས་ཁྱོ་གར་འགྲོགས་ནས་རང་གི་ཕ་མའི་དྲུང་དུ་ལོ་སར་ལ་རྟེན་འབྲེལ་ཞུ་རུ་འགྲོ་བ་ཡིན་ན། ད་གཟོད་ཕྱོགས་གཉིས་ཀྱི་གཉེན་ཉེ་ཀུན་ཡང་སེམས་པ་དྲོ་ཞིང་སྣང་བ་སྐྱིད་པའི་ལོ་སར་ལ་རོལ་ཐུབ་སོང་བ་ཡིན། རང་ཚུགས་མ་ཤོར་ཞིང་གཞན་སེམས་མ་དཀྲུགས་པར་བཟའ་ཚང་གི་འགྲིག་མཐུན་ལ་དོ་གལ་བྱས་ན། ཚེ་འདིའི་ཕ་མ་ལ་དྲིན་ལན་དེ་ལས་ལྷག་པ་གཞལ་དགོས་པ་མ་རེད།
       ཕྱིས་སུ་ཁྱོད་ཀྱིས་རང་ཕ་ཡུལ་གྲོང་སྡེ་དེའི་བུད་མེད་ཅིག་ཆུང་མར་བླངས་ཤིང་། ཆུང་མ་ནམ་ཡང་ཁྱོད་ཚང་དུ་ལོ་སར་རོལ་གྱིན་ཡོད་པས། ཁྱོད་ཀྱི་གདོང་ལ་སྐྱིད་མདངས་མངོན་ཡོད་པ་མཐོང་ཚེ་གྲོགས་པོ་རྣམས་ཀྱང་ཧ་ཅང་དགའ། ཁྱོད་ཀྱིས་བཤད་པ་ལྟར་ན། ཆུང་མ་སྔོན་མ་དེའང་མོ་དང་ཡུལ་ཕྱོགས་གཅིག་པའི་སྐྱེས་པ་ཞིག་དང་བཟའ་སྒྲིག་བྱས་ཤིང་བུ་དང་བུ་མོ་གཉིས་སྐྱེས་ཡོད་རབས་ཟེར། ངས་མི་གཞན་གྱི་ངག་ལས་ཐོས་པ་ལ། མོ་དང་ཁྱོ་གས་ཀྱང་ལོ་མཇུག་སླེབས་ཐེངས་རེར་སུ་ཚང་དུ་ལོ་སར་རོལ་རྒྱུའི་ཐད་རྩོད་པ་ཆེན་པོ་བྱུང་གིན་འདུག་ཅེས་ཟེར། གྲོགས་པོ་འཁོར་ལོ་ལགས། ཁྱོད་ཀྱིས་རང་གི་ཆུང་མ་སྔོན་མ་དེའི་སྐྱོན་དང་ཞན་ཆ་གཞན་ལ་གཏན་ནས་མི་བཤད་པ་ནི་སྐྱེས་ཕོ་རབ་ཅིག་གི་ཁྱད་ཆོས་རེད་སྙམ།
       གྲོགས་པོ་འཁོར་ལོ་ལགས། དུས་ད་ལྟ་ཁྱོད་ནི་གྲོང་ཁྱེར་གཞན་དུ་སོང་ཡོད་པས། ལོ་སར་སྐབས་སུ་རང་གི་ཕ་ཡུལ་དུ་ལོག་པ་ཧ་ཅང་ཉུང་ཟེར། ཕ་མ་དང་ཕུ་ནུ་མིང་སྲིང་དང་གཉེན་ཉེ་ཐམས་ཅད་འཇིག་རྟེན་དུ་བཞུགས་སྐབས་ཁོ་ཚོའི་ལྷན་དུ་ལོ་སར་མི་རོལ་པར་ཐག་རིང་གི་གྲོང་ཁྱེར་ཞིག་ཏུ་ཁེར་རྐྱང་གིས་བསྡད་ན་ལྷིང་འཇགས་ཡིན་མོད། རང་སེམས་སུ་སྐྱིད་སྣང་ཡོད་ཨེ་སྲིད། ནམ་ཞིག་ཁྱོད་རང་འགྱོད་པ་སྐྱེས་དུས་ཡོད་ཚད་འཕྱིས་དྲགས་པ་རེད། ཁྱོད་ཀྱི་ཆུང་མ་དང་བུ་ཕྲུག་ཀྱང་རང་གི་ཕ་ཡུལ་དུ་ལོག་འདོད་དང་གཉེན་ཉེ་ལ་འཕྲད་འདོད་མེད་པ་ཡིན་ནམ། དེ་ལྟར་ཡིན་ཚེ། ཁྱོད་ཀྱིས་སྔོན་ཆད་རང་གི་ཆུང་མ་དེ་དང་བཟའ་འཁོན་བརྒྱབ་ནས་ཅི་བྱེད། གལ་ཏེ་ཁྱོད་གཉིས་བཟའ་ཐོར་བྱུང་མེད་ན། ལོ་སར་སྐབས་སུ་ཁྱོད་རང་གི་ཕ་ཡུལ་དུ་འགྲོ་མི་འདོད་ཚེ་ཆུང་མའི་ཕ་ཡུལ་དུ་སོང་ཆོག
       གྲོགས་པོ་འཁོར་ལོ་ལགས། དེང་སང་གྲོང་ཁྱེར་དང་གྲོང་རྡལ་དུ་འཚོ་བ་རོལ་གྱིན་པའི་བོད་མིའི་ཁྲོད་དུ་ཁྱོད་ལྟ་བུའང་མཐོང་རྒྱུ་འདུག་སྟེ། ཁོ་ཚོ་ཁྱོད་ཀྱི་བསམ་སྤྱོད་ལ་དགའ་ཞིང་ཁྱོད་ཀྱི་རྗེས་སུ་འབྲང་མོས་པ་འདྲ། ལ་ལས། ངའི་མགོ་ལ་སྡུག་ལྷུང་ཡོད་པས་ལོ་སར་ལ་རོལ་བའི་སྐལ་བ་མི་ལྡན་ལ། ཕ་ཡུལ་དུ་སོང་ནའང་ལས་རྒྱུ་ཅི་ཡང་མེད་པས་ས་ཆ་གཞན་དུ་ཡུལ་སྐོར་ལ་འགྲོ་བསམ་པ་ཡིན་ཞེས་ཟེར། ལོ་སར་བའི་སྐལ་བ་མེད་པ་ནི་ཁ་གཡར་ས་ཙམ་རེད། སྐྱིད་ཡོད་ན་མཉམ་རོལ་དང་སྡུག་ཡོང་དུས་རང་གིས་མི་འཁུར་བར་ཕ་གཞིས་སྲུང་མཁན་སྤུན་ཟླ་ཚོའི་གཉའ་ལ་འཕེན་པ་ནི་ཕ་མའི་དྲིན་མི་དྲན་པ་དང་སྤུན་ཟླ་ལ་འདང་མེད་པ། རང་ཉིད་ནི་ཕ་མའི་བུ་ཕྲུག་མིན་པ་དང་སྤུན་ཟླ་ཚོ་ཁྱིམ་ཚང་གཅིག་ནས་སྐྱེས་ཤིང་ནར་སོན་པ་མིན་པ་ལྟ་བུར་ཆགས་ན། དེ་ནི་རྒྱུ་འབྲས་དང་མཐུན་པའི་བསམ་བློ་གཏོང་ཕྱོགས་ཤིག་ཡིན་ནམ།
       གྲོགས་པོ་འཁོར་ལོ་ལགས། ད་དུང་ཁྱོད་དང་མཚུངས་པའི་སྐྱེ་བོ་ལ་ལས། ལོ་སར་སྐབས་སུ་ཕ་ཡུལ་དུ་ལོག་འདོད་ཀྱང་ད་ནི་རང་གི་ཕ་མ་མི་བཞུགས་པས་འགྲོ་སའི་ཁྱིམ་ཡང་མེད་ཅེས་ཟེར་བ་དང་། ལ་ལས། ལོ་སར་སྐབས་སུ་ཕ་ཡུལ་དུ་སོང་ན་ལོས་ཆོག་མོད། ཕ་མའི་གཞིས་ཤུལ་བཟུང་ཡོད་པའི་ཕུ་ནུ་མིང་སྲིང་དང་དེའི་བཟའ་ཟླ་སོགས་ཀྱིས་དགའ་མདོག་མི་བསྟན་ཚེ་ང་ནི་རང་གི་ཆུང་མ་དང་བུ་ཕྲུག་ལའང་ངོ་གནོང་ངེས་ཡིན་ཞེས་ཟེར། ཡང་ལ་ལས། ང་ནི་ཕུ་ནུ་མིང་སྲིང་ཚོར་ཤ་འདང་རུས་འདང་ཡོད་མོད། ཕ་ཡུལ་དུ་འགྲོ་རྒྱུ་མང་ན་ཁོ་ཚོས་ང་རང་ཕ་ཤུལ་ཕ་ནོར་ལ་ཧམ་པ་ལངས་པ་ཨེ་ཡིན་སྙམ་ནས་དོགས་ཀྱིན་ཡོད་པ་འདྲ་ཞེས་ཟེར། ཁོ་ཚོས་བཤད་པའི་སྐད་ཆ་དང་དྲན་ཚུལ་འདི་དག་ལ་གནས་ལུགས་མེད་པ་མ་རེད་མོད། དོན་དངོས་ནི་དེ་འདྲའི་ཚབས་ཆེན་དང་རྙོག་འཛིང་ཡིན་ག་ལ་སྲིད། རང་གི་ཕ་མ་དང་མེས་པོ་དག་གི་དྲིན་ཁོ་ན་དྲན་པས་ཀྱང་ལོ་སར་སྐབས་སུ་ཕ་ཡུལ་དུ་ཐེངས་གཅིག་ལོག་ན་འགྲིག་པ་རེད། རང་ཉིད་ཆུང་དུས་ཀྱི་དྲན་པའི་ཁྲོད་དུ་ཡལ་ཐབས་མེད་པའི་ཕ་ཡུལ་གྱི་སྲོལ་རྒྱུན་དུས་ཆེན་དག་ལའང་ཞུགས་འོས་པ་རེད། གལ་སྲིད་ཕ་ཡུལ་དུ་ཡོད་པའི་ཁྱོད་ཀྱི་ཕུ་ནུ་མིང་སྲིང་དང་དེ་ཚོའི་བཟའ་ཟླ་དང་ཁྱོད་ཀྱི་ཚ་བོ་ཚ་མོ་རྣམས་ལ་མི་ཡི་དྲི་མ་མི་བྲོ་བའི་དབང་དུ་བཏང་རུང་། རང་གི་སྲུང་མ་དང་སྐྱེས་ལྷ་ཡིས་ཕ་ཡུལ་དུ་ཁྱོད་ཚོར་བལྟས་ཡོད་ཕྱིར། གནམ་ལོ་གསར་དུ་ཚེས་དུས་བསང་མཆོད་བྱེད་དུ་འགྲོ་རྒྱུ་མ་བརྗེད་རོགས། བཞུད་ཟིན་པའི་ཕ་མ་དང་མེས་པོ་དག་གི་བླ་ནི་ཕ་ཡུལ་དུ་གནས་ཤིང་། དུར་ཁུང་ངམ་སྦྲ་དང་ཁང་ཁྱིམ་གྱི་ཕུགས་སུ་མི་མངོན་པའི་ཚུལ་གྱིས་ཁྱོད་དང་བུ་ཚ་རྣམས་ལ་སྒུག་བསྡད་ཡོད་པས། ལོ་རྙིང་ཕར་སྐྱེལ་སྐབས་ཚ་གསུར་གྱི་མཆོད་སྦྱིན་དབུལ་བར་འགྲོ་རྒྱུ་མ་བརྗེད་རོགས།
       སངས་རྒྱས་བྱང་སེམས་ཡིན་ཡང་མཆོག་གི་འཁྲུངས་ཡུལ་ཐུགས་ནས་མི་འདོར་ཞབས་ཀྱིས་བཅགས་པའི་ལོ་རྒྱུས་ཡོད་ལ། ས་སྐྱོང་རྒྱལ་པོ་ཡིན་ཡང་རང་གི་ཕ་ཡུལ་གང་དེར་ནམ་རྒྱུན་ཕེབས་ཀྱིན་ཡོད་པ་ཀུན་གྱིས་ཤེས། གྲོང་ཁྱེར་རམ་གྲོང་རྡལ་དུ་ལས་ཀ་གཉེར་ཞིང་འཚོ་བ་རོལ་བའི་གྲོགས་པོ་འཁོར་ལོ་ཁྱོད་དང་ང་ལྟ་བུའི་སྐྱེ་བོ་སུ་ཡིན་ཡང་ལོ་སར་སྐབས་སུ་ཕ་ཡུལ་དུ་སོང་ན། ཕ་མ་དང་ཕུ་ནུ་མིང་སྲིང་དགའ་བར་འགྱུར་ལ། ཕ་ཡུལ་གྱི་གཉེན་ཉེ་དང་གྲོང་སྡེ་ཡོངས་ཀྱི་རྒྱན་ཡང་ཡིན་པས། ད་ནས་བཟུང་། སྐྱེ་བོ་སུ་ཞིག་ལོ་སར་སྐབས་སུ་ཕ་ཡུལ་དུ་མི་ལོག་ན། ང་ཚོ་ཚང་མ་དེ་ཚང་ལ་སོང་ནས་མཉམ་དུ་ལོ་སར་ལ་རོལ་བར་བྱ།

ཞེས་རབ་རྒྱན་ཤིང་མོ་སྦྲུལ་ལོའི་རྒྱལ་ཟླ་བའི་ཚེས་བཅོ་ལྔ་སྟེ་འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱི་འཁྲུངས་སྐར་ཉིན་མོར་ཁྱོད་ཀྱི་གྲོགས་པོ་མཛེས་སེ་ཡིས་ཟི་ལིང་ནས་ཕུལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།