གནམ་གྱི་སྐར་ཁུང་།

རྩོམ་པ་པོ།:​​​​​​​སྨར་ཁམས་རིན་ཆེན་བཀྲ་ཤིས། ཡོང་ཁུངས།:ཇོ་མོ་གླང་མ། དུས་ཚོད།:2025-12-17 09:27:44 ཀློག་གྲངས།:
       ལུག་ཁྱུ་འདེད་ས་མེད་པའི་སྲང་ལམ་དུ། ང་ཡི་ཁེར་རྐྱང་གི་རྫི་གླུ་ལ་ཉན་མཁན་མེད་ཀྱང་། སྨུག་རྡུལ་གྱི་ཀློང་དུ་འབབ་པའི་ཆར་ཐིགས་རེ་རེས། ང་རང་རྒྱང་བཞུད་ཀྱི་ལམ་ཐག་རིང་མོ་སྙེག་པར་དྲན་སྐུལ་བྱེད་བཞིན་ཡོད་པ་འདྲ། བརྩེ་དུང་མེད་པ་ནི་ས་འོག་ལྕགས་ལམ་གྱི་འབབ་ཚུགས་བཞིན། གནས་ངེས་མེད་དུ་སླེབས་འཕྲལ། སྣང་དོགས་ཅི་ཡང་མེད་པར་ཁྱེད་རང་བསྐྱུར་ནས་འགྲོ་སྲིད་ནའང་། དུང་སེམས་ཀྱི་རླབས་ཁར་འཕྱོ་བ་ནི། ས་འོག་ལྕགས་ལམ་དང་མེ་འཁོར་སོགས་བརྒྱུད་པའི་ངལ་དུབ་ལ་མ་འཛེམ་པར། རྨི་ལམ་ཁྲོད་ཀྱི་དག་ཞིང་སྙེག་ཚུལ་ཞིག་ལོས་ཡིན།
       གནམ་དཔྱང་དུ་འཐེན་པའི་དཔྱང་སྒམ་བརྒྱུད་རི་བོ་གནམ་སྒོ་ཞེས་བྱ་བའི་དབུ་རྩེར་སྙེག་དུས། ཁང་བརྩེགས་མང་པོའི་གྲོང་ཁྱེར་དེ་ཉིད་ག་ལེར་རྐང་འོག་ཏུ་བསྐྱུར་ཞིང་། དགུང་དུ་ཟུག་པའི་གཡང་གཟར་གྱི་བྲག་རིའི་ཡང་སྟེང་དུ་སླེབས། བྲག་རིའི་སྐེད་པ་དང་རི་རྩེ། བར་བར་དག་ན། སྤྲིན་དང་སྨུག་པའི་ཕུང་བོ་ལང་མ་ལིང་དུ་གནས་ཤིང་། རིའི་སྒང་དང་གཞུང་ཀུན་ཏུ་ནགས་ལྗོངས་སྟུག་པོས་ཁེབས་ནས། ཆར་པས་བྲན་མ་ཐག་པའི་ནགས་ཀྱི་ལོ་མ་དག་སྔོ་ཡུག་ཡུག་ཏུ་སྣང་། དཔྱང་སྒམ་དེ་ཉིད་གཡང་གཟར་གྱི་རི་བོའི་དབུ་རྩེར་དལ་གྱིས་འགོས་པས། གློ་བུར་དགུང་སྔོན་དབྱིངས་ནས་གཡང་དུ་ལྷུང་མི་འགྲོའམ་སྙམ་ཞིང་། མར་བལྟས་ཚེ་དམ་པ་དགེ་འདུན་ཆོས་འཕེལ་གྱིས་བཤད་པའི་སྤྲིན་གྱི་རྒྱ་མཚོ་ཞེས་པ་འདི་ཉིད་མིན་ནམ་སྙམ། རྒྱ་སྟག་ནགས་ལ་མཆོངས་པ་ལྟ་བུའམ། སེང་གེའི་གཡུ་རལ་གསིག་པ། དཔའ་བོ་གཡུལ་ལ་ཆས་པ་ལྟར་སྣང་ཞིང་། ཙི་ན་བའི་གནའ་རབས་གློག་བརྙན་དག་ཏུ་མཐོང་བ་ལྟ་བུའི་རི་བོ་དེ་དག་ནི་ཀྲོང་ངེར་འགྲེང་ཞིང་། རི་བོའི་རྩེ་དག་ཏུ་འཕུར་དུས། ཞེ་རུ་སྐྲག་མ་དངངས་དང་དགའ་སྣང་ཅི་རིགས་ཀྱིས་ཁྱབ་ནས་བཟི་བར་བྱེད།
       ཙི་ན་བ་རྣམས་གནས་སྐོར་གྱི་ལྗོངས་བཀོད་བཟོ་བ་ལ་ཤིན་ཏུ་མཁས་པ་འདྲ་སྟེ། རི་བོའི་དཀན་གཟར་དུ་ཤེལ་ལེབ་བསྒྲིགས་ཤིང་། མཐའ་རུ་ལན་ཀན་བཟོས་པ་དང་། ཡང་ཤིང་ཟམ་ལྟ་བུ་རེའི་མཐའ་དག་ཏུ་ལན་ཀན་བཟོས་པ་སོགས། མི་འགྲོ་སའི་གཡང་གཟར་གྱི་རྒྱུ་ལམ་ཅི་རིགས་བསྐྲུན་འདུག ཤེལ་ལེབ་ཀྱིས་བཟོས་པའི་ལམ་དེ་དག་ཏུ་འགྲིམས་ཚེ། ཕྱི་གསལ་ནང་གསལ་གྱི་ཤེལ་ལེབ་ལས་གཡང་གཟར་གྱི་ཞབས་མཐོང་ཞིང་། མར་བལྟས་པ་ཙམ་གྱིས། ཞབས་བརྡོལ་ནས་ལྷུང་མི་འགྲོའམ་སྙམ་ཞིང་། ཡིད་ཀྱི་གཏིང་ཞིག་ནས་མགོ་ཡུ་འཁོར་བའམ་སྐྱུག་མེར་ལངས་པའི་ཚོར་སྣང་ཅི་རིགས་འབྱུང་། འདི་ལ་གནས་སྐོར་དུ་རེམ་པའི་མི་དག་ཀྱང་ཞེད་སྣང་གིས་ཁེངས་འདུག་སྟེ། ཁ་ནས་ཡ་ང་བའི་རྣམ་འགྱུར་ཅི་རིགས་སྟོན་བཞིན། དབུགས་ཧལ་ཧལ་ངང་གོམ་པ་འཁྱར་འཁྱོར་དུ་འགྲོ། རི་རྩེ་ཁ་ཤས་སྨུག་པས་ཡོངས་སུ་དཀྲིས་པས། རྒྱུ་ལམ་ཙམ་ལས་མཐོང་ཐབས་མེད་པ་དེ་འདྲ་ཡང་མཆིས། ཆར་པའི་ཀློང་ནམ་ཟླ་ཅུང་འཁྱག་ཅིང་། ཐམས་ཅད་ཀྱིས་འགྱིག་གི་ཆར་ལྭ་གྱོན་བཞིན་འཁྱག་མ་འདར་གྱི་ངང་བགྲོད།
       རྐང་ཐང་དུ་སྤྲིན་དཀར་དབུ་རྩེ་ཞེས་པ་དེར་སླེབས་ཚེ། སྨུག་པ་དམ་དུམ་ཡར་མར་འགྲོ་བའི་མཚམས་སུ། ཕྱོགས་བཞིའི་རི་བོ་དང་ནགས་ཚལ་གྱིས་ཁེབས་པའི་ལྗོངས་ཆེན་པོ་དེ་ཉིད་མཐོང་བ་མ་ཟད། དེ་ནས་མར་རྒྱང་གྲགས་ལྔ་ཙམ་གྱི་ཚད་དུ་བལྟས་ཚེ། རི་སྒང་ཁོད་ཞེང་ཆེ་བའི་གནས་ག་ལ་བར་འབྲོག་དགོན་པ་ཞིག་མཐོང་ཐུབ། རྒྱང་ནས་བལྟས་ཚེ་དགོན་པའི་གླིང་ཆ་ཚང་མཐོང་། ཆར་པ་ཟམ་ཟིམ་རེ་བབས་ལ་སྨུག་པ་དམ་དུམ་རེ་འཐིབས་པས། གངས་ཅན་ལྗོངས་ཀྱི་དུད་ཁྱིམ་ཁ་ཤས་ལ་འཁྲུལ་ནས། ཕ་ཡུལ་དྲན་པའི་འདུན་པ་ཡང་འགོག་ཏུ་མེད།
       རི་རྩེ་འདིར་གངས་ཅན་ལྗོངས་ནས་ཡོང་བའི་དགེ་འདུན་པ་ཁ་ཤས་ཀྱང་མཐོང་ཐུབ་སྟེ། འདི་ལྟ་བུའི་དབེན་གནས་ཤིག་ཏུ་རང་རེའི་དགེ་འདུན་པ་ཞིག་ལ་འཕྲད་པས་སེམས་པ་ཤིན་ཏུ་སྙིང་ཉེ་བར་བྱེད། སྤྲིན་དཀར་རི་རྩེ་ནས་མི་གཉིས་ཙམ་ཤོང་བའི་དཔྱང་སྒམ་ཆུང་ངུ་ཞིག་ལ་བསྡད་ན། ཕར་ཕྱོགས་ཀྱི་རི་རྩེར་ཆགས་པའི་གནམ་སྒོ་ཆོས་གླིང་དུ་སླེབས་ཐུབ། དཔྱངས་སྒམ་ཆུང་ངུར་ཐོག་ཁེབས་མེད་པས། ཆུ་སྟོད་ཟླ་བའི་དུས་སུ་ཆར་པའི་ཀློང་གནག་རྫིར་སོང་བ་བཞིན་འཁྱག་ཅིང་། སེམས་ཆུང་མ་བྱས་ཚེ་དཀན་གཟར་གྱི་རི་བོའི་གསེབ་ཏུ་ལྷུང་ནས་འཇིག་རྟེན་ཕྱི་མའི་གཟིགས་མོར་འགྱུར་བ་ལ་ཐེ་ཚོམ་མི་འདུག དཔྱང་ཟམ་བརྒྱུད་དེ་ཕྱིན་ན་བྱ་བྱེའུས་སྐད་སྙན་ཀྱུར་ཀྱུར་དུ་འབྱིན་ཞིང་། སྨུག་ཟིལ་ཀློང་དུ་ཆར་པ་ཟམ་ཟིམ་རེ་བབས་པའི་མུར་དབེན་གནས་འདི་རུ་དུས་ཡུན་རིང་མོར་སྡོད་པའི་སྐལ་བ་བྱུང་ན་བསམས།
       འབྲོག་དགོན་པ་དེར་སླེབས་དུས་སྒྲ་སྒམ་ཞིག་ལསའི་ཆོས་ཀྱི་སྒྲ་དབྱངས་ཅུང་ཟད་རེ་གྲག་འོང་། དགོན་པ་དེའི་མཚན་ལ་གནམ་སྒོ་ཆོས་གླིང་ཞེས་ཞུ་བར་འདུག དེ་ནི་རྒྱ་ནག་གི་ཐང་རྒྱལ་རབས་སྐབས་སུ་བཙུགས་པའི་དགོན་པ་ཞིག་ཡིན་ཞིང་། སྔ་ཕྱིར་ཉམས་ཆག་མང་པོ་ཐེབས་མྱོང་བའི་གནས་བྱིན་ཅན་ཞིག་ཡིན་འདུག རྒྱལ་ཆེན་ལྷ་ཁང་ཞེས་བྱ་བར། དཀྱིལ་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཆེན་པོ་ཞིག་དང་། གཡས་གཡོན་གཉིས་སུ་སངས་རྒྱས་སྨན་བླ་དང་འོག་དཔག་མེད་ཀྱི་སྐུ་བརྙན་ཆེན་པོ་ཞིག་བཞེངས་འདུག་པ་ལས་གཞན། ལྷ་ཁང་གཞན་ཞིག་ཏུ་རྗེ་བཙུན་སྒྲོལ་མའི་ལྷ་སྐུ་ཆེན་མོ་དང་ཞལ་ཐང་། སྒྲོལ་མ་སྟོང་སྐུ་སོགས་མཆིས། དབེན་དགོན་འདིའི་ཆེས་རྒྱབ་ཕྱོགས་ཀྱི་ལྷ་ཁང་དེར་ཕྱིན་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་བསྲེལ་ལ་མཇལ་ཐུབ་ཅིང་། ཤེལ་སྒམ་གྲུ་བཞིའི་ནང་མཆོད་རྟེན་ཆུང་ངུ་ཞིག་བཞེངས་ཤིང་། དེའི་དཀྱིལ་དུ་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་འདུག་ལ། ལྷ་ཁང་འདིའི་ལྡེབས་ངོས་སུ་སྟོན་པའི་སྐུ་ཆུང་ངུ་ཁྲི་ཕྲག་ལྷག་གིས་གྲུབ་མེད་འགྲོ་སྙམ་པའི་སྐུ་བརྙན་མང་པོ་བཞུགས། ད་རེས་སངས་རྒྱས་ཀྱི་རིང་བསྲེལ་ལ་དངོས་སུ་མཇལ་པས་འདི་ནི་སྔོན་བསགས་ཀྱི་ལས་སྨིན་བཟང་པོ་ཞིག་མིན་ནམ་སྙམ། ཡང་དགོན་པ་འདི་ཉིད་ལྗོངས་རྒྱུའི་ཡུལ་གྲུ་ཙམ་དུ་ཆགས་ཤིང་། དགེ་འདུན་པ་དག་ཀྱང་མཐོང་རྒྱུ་མེད་པར། ལྷ་ཁང་ཞིག་ཏུ་འཇིག་རྟེན་པའི་བུ་མོ་གཉིས་ཀྱིས་སི་ངྷི་ཅུང་ཟད་སྐྱོར་བཞིན་འདུག
       འབྲོག་དགོན་པ་འདིར་མཇལ་ཚར་རྗེས། ཤར་ལམ་དང་ནུབ་ལམ་གཉིས་ཡོད་པ་ལ། ཤར་ལམ་བརྒྱུད་ནས་ཆས། རྐང་ཐང་དུ་ཕྱིན་ནས་ཅུང་ཙམ་སོང་འཕྲལ། སྔར་བཞིན་དཀན་གཟར་གྱི་རི་བོའི་མཐའ་རུ་སླེབས་ཤིང་། རི་རྩེ་ནས་བལྟས་ཚེ་རི་ར་བའི་ལྗོངས་བཀོད་དང་། གཞུང་གི་ཆུ་བོ་དང་རྒྱུ་ལམ། སྤྲིན་དང་སྨུག་པའི་ཡོལ་བས་དཀྲིས་པའི་དག་ཞིང་དེ་སླར་ཡང་མིག་ལམ་དུ་མངོན་ཡོང་བ་མ་ཟད། ཇ་ཡུན་ཙམ་སོང་འཕྲལ། བྲག་ཕུག་གི་ཡང་སྟེང་དུ་སླེབས། སྒང་ནས་མར་བལྟས་ན་བྲག་ཕུག་ནི་ནམ་མཁའི་སྐར་ཁུང་ངམ། རྒྱ་སྒོ་ཆེན་པོ་ཞིག་ནང་བཞིན་ཆེ་ཞིང་། བྲག་ཕུག་གཡས་ཟུར་དུ་ལན་ཀན་ལ་ཁེན་ནས་བལྟས་ན། བྲག་ཕུག་དེ་ནི་ཇི་ལྟ་ཇི་ལྟར་གནའ་བོའི་དགོན་པའི་འདུ་ཁང་གི་སྒོ་ཆེན་བཞིན་སྣང་ཞིང་། མི་རྣམས་ཀྱིས་ཀྱང་གཡང་གཟར་ཆེན་མོའི་བྲག་ཁུང་དེ་ཉིད་ལ་ལྟ་བཞིན་ཚ་ཚ་འུར་འུར་གྱིས་ཁེངས་འདུག
       དེ་ནས་གོམ་པ་བརྒྱ་ཕྲག་ཙམ་དུ་སོང་ན། རི་རྩེ་ནས་མར་འབབ་སའི་དོང་ལམ་ཞིག་བཟོས་འདུག་ཅིང་། ཕྱི་ནས་བལྟས་པ་ཙམ་གྱིས་དེའི་ནང་དུ་གློག་སྐས་ཡོད་པ་ཤེས་ཐབས་དབེན། ནང་དུ་ཕྱིན་ན་དོང་ལམ་སྦུག་ཏུ་གློག་སྐས་རིང་མོ་རེ་བཟོས་འདུག ནང་ལོགས་སུ་གློག་ཁྲ་སྣ་ཚོགས་སྦར་ཞིང་། ལྗོངས་བཀོད་ཀྱི་པར་རིས་སྣ་ཚོགས་གློག་འོད་ཀྱི་འགྲོས་དང་བསྟུན་རྩིག་ལྡེབས་སུ་བཀལ་འདུག ཕར་ཁྱོག་ཚུར་ཁྱོག་བག་ཙམ་རེ་བྱེད་བཞིན། གློག་སྐས་བདུན་བརྒྱད་ཙམ་ཕྱིན་ན། གནམ་སྒོ་བྲག་ཕུག་ཏུ་སླེབས་ཐུབ་པས། འདི་འདྲའི་ལག་རྩལ་ནི་ཇི་འདྲའི་ཡ་མཚན་པ་ལ་ཨང་སྙམ།
       བྲག་ཕུག་ནང་སླེབས་དུས། ད་གཟོད་དེ་ནི་རང་བྱུང་གི་བྲག་ཕུག་ཁྱད་མཚར་པོ་ཞིག་ཡིན་པ་ཤེས། བྲག་རི་གཉིས་མཉམ་དུ་གཤིབ་ནས་འདྲེས་པ་བཞིན། བྲག་ཕུག་ནང་རི་བོའི་ཕར་ཚུར་གྱི་གཞུང་དག་མཐོང་ཐུབ། བྲག་ཕུག་གི་ཡང་སྟེང་དུ་འོ་མ་ལྟ་བུའི་སྤྲི་དཀར་པོ་ཆགས་པ་དེ་འདྲ་སྣང་ཞིང་། སྨུག་པ་ལང་ལོང་ཁྲོད་དུ། སྐབས་རེར་བྲག་ཕུག་བསྒྲིབས་ནས་ཁུང་བུ་ཆེན་པོའི་ཟུར་ཙམ་ལས་ཅི་ཡང་མི་མཐོང་བར་བྱེད། མཚམས་རེར་སྨུག་པ་ཅུང་ཟད་དྭངས་ནས། ཕྱོགས་གཡས་གཡོན་གྱི་ནགས་ཚལ་དང་། སྟེང་གི་ནགས་ཕྲན་གྱི་ཡལ་འདབ་རྣམས་སྣུམ་ཤིག་གེར་གཡོ་བ་མཐོང་ནུས། བྲག་ཕུག་ནི་ཁང་པའི་ཐོག་བརྩེགས་དྲུག་བདུན་ཙམ་གྱི་མཐོ་ཚད་དུ་འདུག་ཅིང་། ཐད་དུ་ཡང་གཞུང་ལམ་གཉིས་གཤིབ་པ་བཞིན་རྒྱ་ཆེ་བས། ལོ་ངོ་མང་པོའི་སྔ་རོལ་དུ་དངོས་གནས་འཇིག་རྟེན་བྱེད་པོ་སུ་ཞིག་གིས་ཆེད་དུ་བཟོས་པ་མིན་ནམ་སྙམ།
       བྲག་ཕུག་གི་སྒོ་ཁ་ནས་མར་བལྟས་ཚེ། འདུ་ཁང་མདུན་གྱི་རྡོ་སྐས་རིང་མོ་བཞིན། མདུན་ཐད་དུ་རྡོ་སྐས་རིང་མོ་ཟམ་མ་ཆད་པར། གཅིག་ལ་གཅིག་འབྲེལ་གྱི་ཚུལ་དུ་འདུག རྡོ་སྐས་དཔངས་ཆེ་བས་བཙན་པོའི་ཕོ་བྲང་ཆེན་པོ་ཞིག་ལ་ཆེད་དུ་བཞེངས་པ་མིན་འགྲོ་སྙམ་ཞིང་། རྡོ་ལེབ་དག་ཕྲ་ཞིང་ལེབ་མོར་སྣང་ལ། ཆར་གྱིས་བྲན་པས་འོད་ཡུག་ཡུག་བྱེད་པའི་མུར། རྡོ་སྐས་གཟར་བས་གོམ་པ་མགྱོགས་མོར་སྤོས་ཚེ་རིལ་མི་འགྲོ་བསམ་པ་འོང་། རྡོ་སྐས་བརྒྱུད་ནས་དུས་ཡུན་ངེས་ཅན་ཕྱིན་མཚམས། ཕྱོགས་གཡས་གཡོན་ནས་བཞུར་བའི་ཆུ་ཕྲན་གྱི་སྒྲ་དང་། བྲག་ངོས་གཟར་པོ་ན་ཆལ་ཆིལ་དུ་འབབ་པའི་རྦབ་ཆུ་ཡང་མཐོང་ཐུབ་ལ། སྨུག་པ་དམ་དུམ་རེ་ཕར་འགྲོ་ཚུར་འོང་བྱེད་པ་ཙམ་གྱིས་ཡར་བལྟས་ཚེ། གནམ་ལ་ཟུག་པའི་བྲག་རིའི་དཀྱིལ་དུ་བྲག་ཁུང་ཆེན་པོ་དེ་ཉིད་སྐར་ཁུང་ལྟར་སྣང་ཞིང་། རྒྱང་ནས་བལྟས་ན། གནམ་ལ་བུ་ག་བརྟོལ་བའམ། ཤེལ་གྱི་མེ་ལོང་ཞིག་དགུང་སྔོན་གནམ་དུ་བརྐོས་པ་བཞིན་གསལ་ལེར་མཐོང་ཡོང་ལ། སྐས་རྐང་དེ་ཉིད་ལས་མར་བབས་ནས་འོང་ན། ལུང་པའི་མདུན་གྱི་མཚེའུ་ཆུང་ངུ་ཞིག་མཐོང་། མཚེའུའི་མཐའ་འཁོར་དུ་གྲོང་ཁྱིམ་ཁ་ཤས་ཆགས་ཤིང་། ནགས་ཀླུང་གིས་མངོན་པར་ཁེབས། རིམ་བཞིན་གོམ་པ་སྤོས་ནས་མཚེའུའི་མདུན་ལ་འོང་ནས་ཡར་བལྟས་ན། ཨ་སྔོན་དགུང་དུ་ཟུག་པའི་གནམ་སྒོ་བྲག་ཕུག་ནི། གནམ་གྱི་སྐར་ཁུང་བཞིན་དཀན་གཟར་གྱི་དབྱིངས་སུ་གསལ་ལྷང་ངེར་བྱེད་པ་བཅས། རི་ལྗོངས་ཉམས་དགའ་བ་འདིར། ཕྱོགས་བཅུའི་མགྲོན་པ་དག་འཚང་ཁ་བརྒྱབ་ནས་འོང་བ་ཡང་དོན་མེད་པ་ཞིག་མ་ཡིན་གྱི།
       རི་བོ་གནམ་སྒོའི་དབུ་རྩེ་སྙེག་པ་ནི། ངེས་པར་གོ་ལའི་གླིང་སྣེ་གཞན་ཞིག་ལ་ཕྱིན་པ་དང་འདྲ་བར། འཆར་ཡན་གྱི་སྒྱུ་མའི་ཞིང་དུ་ཁྲིད་ཅིང་། བྲག་ཕུག་གི་ཉམས་མཚར་བའི་རང་བཞིན་དང་། རི་རྩེའི་འབྲོག་དགོན་པའི་ཞི་དུལ་གྱི་ཆགས་ཡུལ། ད་དུང་དཀར་གཟར་གྱི་རི་ཚོགས་དང་། ནགས་ཀླུང་སྟུག་པོ། སྨུག་སྤྲིན་གྱི་ཞིང་ཁམས་གང་ལ་མཚོན་ཡང་། ཉིན་གཅིག་ལ་འཁྱམ་ཉུལ་མང་དུ་བྱས་པ་ཙམ་གྱིས། ཁྱད་མཚར་བའི་བཟོ་བཀོད་འདི་ཉིད་ཇི་ལྟར་གྲུབ་བམ་སྙམ་པའི་བྱིས་བློ་འབའ་ཞིག་གིས་ཁེངས་ཏེ།  ནང་སེམས་སུ་རྟོག་འཆར་གྱི་རི་མོ་ཀུན་ནས་བཀྲ་བར་བྱེད་པར་ལགས་ན། བག་ཕེབས་པའི་ཞིང་ཁམས་གང་ཞིག་སྙེག་ནས། ཡིད་སེམས་ཀྱི་རང་དབང་ལ་གཤོག་པ་ཐོགས་ཏེ་རྒྱང་དུ་འཕུར་བ་དང་། ཞི་དུལ་གྱི་རོལ་དབྱངས་ལ་ཞིབ་ཏུ་ཉན་ནས།  ཕལ་བའི་བདེ་སྐྱིད་ལ་ཉམས་སུ་མྱོང་བ་ནི། འཇིག་རྟེན་གྱི་དོན་སྙིང་འཚོལ་སྟངས་གཞན་ཞིག་རེད་ལ། བསམ་གཞིག་གི་རི་བོའི་ཕ་རོལ་བརྒལ་ཚུལ་ཞིག་ཀྱང་རེད་སྙམ།

རྩོམ་པ་པོ་ངོ་སྤྲོད།
       སྨར་ཁམས་རིན་ཆེན་བཀྲ་ཤིས། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། རང་དབང་རྩོམ་འབྲི་བ། མདོ་སྨད་མཚོ་སྔོན་པོའི་ལྷོ་རྒྱུད་དུ་སྐྱེས། སྔ་ཕྱིར་མདོ་སྨད་དང་དབུས་གཙང་དུ་ཤེས་བྱ་རིག་པའི་ཐོས་བསམ་དོན་དུ་གཉེར། ལག་གྲུག་དང་ཁུར་འཛིང་། གནས་སྐོར། རོལ་མོ། རྩོམ་འབྲི་སོགས་ལ་དད། རྩོམ་རིག་བརྩམས་ཆོས་འགའ་ཞིག«སྦྲང་ཆར»དང་། «གངས་རྒྱན་མེ་ཏོག» «མཚོ་སྔོན་བོད་ཡིག་གསར་འགྱུར།» «བོད་ཀྱི་རྩོམ་རིག་སྒྱུ་རྩལ»སོགས་སུ་བཀོད། བརྩམས་ཆོས་གཙོ་བོར་ལྷུག་རྩོམ་གཅེས་བཏུས་དེབ«རི་བོ་གངས་ཅན་གྱི་བསིལ་རླུང»དང་། སྙན་ངག་གཅེས་བཏུས་དེབ«འབྲོག་གླུ་རིང་མོ།»སོགས་ཡོད་ལ། ད་ལྟ་དབུས་གཙང་དུ་སྐད་ཡིག་དགེ་རྒན་གྱི་ལས་ལ་འབད་ཀྱིན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།