སྐལ་རྒྱམ་གྱི་ལྷུག་རྩོམ་གསར་པ། དུས་རབས་དང་འགན་འཁྲི།

རྩོམ་པ་པོ།:སྐལ་རྒྱམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-21 09:00:12 ཀློག་གྲངས།:
དུས་རབས་དང་འགན་འཁྲི།
                            —ང་དང་བོད་ཀྱི་ལོ་རྒྱུས་ཡིག་ཚགས་བར་གྱི་གཏམ་རྒྱུད་ཐན་ཐུན།
སྐལ་རྒྱམ།

       བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཞེས་པ་ནི་ཅུང་དམིགས་གསལ་གྱི་བརྡ་ཆད་ཅིག་ཡིན་པར་སྙམ་སྟེ། དེ་དང་ཡིག་རྙིང་དང་ཡིག་ཚང་རིག་པ་སོགས་ལ་ངོ་བོ་དང་བརྗོད་བྱ། རྣམ་པའི་སྟེང་ནས་བར་ཁྱད་མངོན་གསལ་ལྡན། སྤྱིར་ཡིག་ཚགས་ཞེས་པ་ནི་མི་རྣམས་ཀྱིས་སྤྱི་ཚོགས་ཀྱི་བྱེད་སྒོ་སྣ་ཚོགས་ཁྲོད་ཐད་ཀར་གྲུབ་པའི་ཉར་ཚགས་ཀྱི་རིན་ཐང་ལྡན་པའི་ཐོག་མའི་ཟིན་ཐོ་དེར་ཟེར་ན། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཞེས་པ་ནི་བོད་ཀྱི་གནའ་རབས་སྤྱི་ཚོགས་ནས་དེང་རབས་སྤྱི་ཚོགས་བར་གྱི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་རིང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཆོས་ལུགས། སྤྱི་ཚོགས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་གནས་ཚུལ་ཇི་བཞིན་ཐོ་འགོད་བྱས་པའི་ཐོག་མའི་ཡིག་ཆ་དང་དཔྱད་ཡིག་དེ་ལ་གོ་དགོས་པས། དེའི་གོ་དོན་ལ་ཆེད་དམིགས་རང་བཞིན་དང་གཟབ་ནན་རང་བཞིན་ལྡན། སྔོན་ཆད་ངས་ཀྱང་ཡིག་ཚགས་དང་ཡིག་ཚང་། ཡིག་རྙིང་སོགས་ཀྱི་ཁྱད་པར་གསལ་བོ་ཤེས་ཀྱིན་མེད་དེ། རང་གི་ཆེད་ལས་སམ་དགའ་ཕྱོགས་གཙོ་བོའང་བོད་ཀྱི་སྐད་བརྡ་རིག་པའི་སྐོར་ཡིན་པས། ཞིབ་འཇུག་སློབ་མའི་ཡིག་རྒྱུགས་དེའང་ཆེད་དུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སྐད་བརྡ་རིག་པའི་ཆེད་མཁས་རྒན་དཔལ་མཁར་ལགས་ཀྱི་སློབ་མར་སྤྲད་པ་ཡིན། དེར་བརྟེན། ཞིབ་འཇུག་སློབ་མ་སློབ་མཐར་མ་ཕྱིན་གོང་། ངས་གཙོ་བོ་བོད་ཀྱི་བརྡ་སྤྲོད་རིག་པ་དང་སྐད་བརྡ་རིག་པའི་ཕྱོགས་ལ་ཤ་འབད་རུས་འབད་བྱེད་པ་ལས། ཡིག་ཚང་རིག་པ་དང་། ཡིག་རྙིང་། ཡིག་ཚགས་སོགས་ལ་དོ་སྣང་བྱས་པ་ཧ་ཅང་ཉུང་། ཡིན་ནའང་། ཞིབ་འཇུག་སློབ་མ་སློབ་མཐར་ཕྱིན་རྗེས། རྒྱུ་རྐྱེན་དུ་མའི་དབང་གིས་བོད་ལྗོངས་ཡིག་ཚགས་ཁང་དུ་ལས་ཀར་ཞུགས་ཤིང་། བོད་ཀྱི་ལོ་རྒྱུས་ཡིག་ཚགས་དོ་དོམ་ཁྲུའུ་ཡི་ལེགས་སྒྲིག་ཚན་ཁག་གི་མི་སྣ་ཞིག་ཏུ་གྱུར་པ་ནས། ཐུན་མོང་མ་ཡིན་པའི་རིག་ཚན་འདི་ལ་གཞི་ནས་འབྲེལ་འདྲིས་བྱེད་མགོ་ཚུགས།
       བོད་ལྗོངས་ཡིག་ཚགས་ཁང་དུ་སླེབས་པ་ནས། ངས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཞེས་པའི་བརྡ་ཆད་འདིའི་གོ་དོན་ནས་མགོ་བརྩམས་ཏེ། རིག་ཚན་གང་དེའི་ངོ་བོ་དང་ཁྱད་ཆོས། བརྗོད་བྱ། གྲངས་འབོར། གྲུབ་ཚུལ། རིན་ཐང་། ཡུལ་དུས་ཀྱི་ཁྱབ་ཁོངས་སོགས་ལ་རྒྱུས་ལོན་བྱེད་མགོ་ཚུགས་ཤིང་། ཆེས་ཐོག་མའི་མཚར་སྣང་དང་དཀའ་ཁག་ནས། བར་ཀྱི་དགའ་མོས་དང་སེམས་ཤུགས། ད་ལྟའི་འགན་འཁྲི་དང་ཕུགས་འདུན་བར་དུ་ངས་ལྷག་བསམ་རྣམ་དག་གིས་ལས་རིགས་འདིར་ཞབས་ཕྱི་ཅུང་ཙམ་བསྒྲུབས་དང་སྒྲུབ་མུས་སུ་མཆིས་ལ། བརྒྱུད་རིམ་དེའི་ཁྲོད་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལ་ཅུང་ཞིབ་ཚགས་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་པའི་གོ་སྐབས་ལེགས་པོ་བྱུང་བ་ནི། མི་ཚེ་འདིའི་ཚོགས་བསགས་གལ་ཆེན་ཞིག་ཏུ་བསམ་བཞིན་ཡོད། རང་ལ་མཚོན་ན་སློབ་ཆུང་ནས་ཞིབ་འཇུག་སློབ་མའི་བར་དུ་བོད་ཡིག་བོད་སྐད་གཙོས་བོད་ཀྱི་རིག་གནས་ལོ་རྒྱུས་ལ་སློབ་སྦྱོང་བྱས་ནས་འོངས་པ་ཞིག་ཡིན་པས། དེའི་ཕྱོགས་ཀྱི་ཤེས་བྱའི་རྨང་གཞིའང་ལྟོས་བཅོས་ཀྱིས་ཅུང་ལེགས་པར་སྙམ་གྱིན་ཡོད་མོད། ཡིན་ནའང་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་བྱ་བར་ཞུགས་པ་ནས། དེ་སྔའི་རང་རློམ་དང་ང་རྒྱལ་གྱི་སེམས་ཤུགས་དེའང་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཏེ། བོད་ཀྱི་ལོ་རྒྱུས་ཡིག་ཚགས་སུ་མངོན་པའི་འཁྱུག་ཡིག་སྣ་ཚོགས་ཀྱི་འབྲུ་ཀློག་ནས་གཞུང་ཡིག་གི་གོ་དོན་དང་། ཆེད་བཀོལ་བརྡ་ཆད། ཚིག་སྦྱོར་སྤེལ་སྟངས། གཞུང་ཡིག་གྲུབ་ཚུལ། བརྗོད་བྱའི་ཁྱབ་ཁོངས་སོགས་ཕྱོགས་གང་ཅིའི་ཐད་དུ་ཤེས་རྟོགས་བསྐྱེད་དགོས་པའི་ཆ་ཤིན་ཏུ་མང་ཞིང་། མཚམས་རེར་རང་གིས་སློབ་གྲྭ་ཆུང་འབྲིང་ནས་ཞིབ་འཇུག་སློབ་མའི་བར་དུ་སྦྱངས་པའི་ཤེས་བྱ་དག་ལའང་དོགས་པ་ཟ་དགོས་པའི་ཚད་དུ་སླེབས་ཏེ། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ནི་རང་རེའི་སློབ་ཆེན་ཁག་གི་བསླབ་ཚན་ལས་སྟོང་ཆ་རུ་ལུས་པའི་རིག་ཚན་ཁྱད་པར་བ་ཞིག་ཡིན་པའི་ངོས་ཤེས་རྙེད་པར་མ་ཟད། བོད་ཀྱི་རྒྱལ་རབས་དེབ་ཐེར་སོགས་ཀྱང་དངོས་ཡོད་བོད་ཀྱི་ལོ་རྒྱུས་ཡིག་ཚགས་བེད་སྤྱད་དེ་རྩོམ་སྒྲིག་བྱས་པ་ཧ་ཅང་དཀོན། ལྷག་པར་དུ་འདི་གར་བོད་ཀྱི་རིམ་བྱུང་ལོ་རྒྱུས་ལས་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ནི་གྲངས་འབོར་ཧ་ཅང་མང་བ་སྟེ། ངེད་ཡིག་ཚགས་ཁང་ཁོ་ནར་ཡིག་ཚགས་ཁྲི་སུམ་བརྒྱ་ལྷག་ཡོད་ལ། དེ་དག་གི་བརྗོད་བྱ་ཧ་ཅང་ཕུན་སུམ་ཚོགས་པ་སྟེ། གཞུང་ས་དགའ་ལྡན་ཕོ་བྲང་སྐབས་ཀྱི་བཀའ་ཤག་ལས་ཁུངས་དང་། ཡིག་ཚང་ལས་ཁུངས། གྱོད་ཞིབ་ལས་ཁུངས་སོགས་གཙོས་པའི་སྲིད་གཞུང་གི་ལས་ཁུངས་ཁག་གི་ཡིག་ཚགས་དང་། བསམ་གྲུབ་ཕོ་བྲང་དང་ལྷ་ཀླུ། ཧོར་ཁང་སོགས་ཀྱིས་གཙོས་པའི་སྒེར་པ་སྐུ་དྲག་ཁག་གི་ཡིག་ཚགས། སེ་འབྲས་དགེ་གསུམ་དང་ས་སྐྱ་དགོན་པ་སོགས་གཙོས་པའི་དགོན་སྡེ་ཁག་གི་ཡིག་ཚགས། དེ་བཞིན་མདོ་སྤྱི་དང་ཧོར་སྤྱི། བྱང་སྤྱི་སོགས་གཙོས་པའི་ས་གནས་སྤྱི་ཁྱབ་དང་རྫོང་གཞིས། གཞན་ཞིང་འབྲོག་མང་ཚོགས་སོགས་ཀྱི་ཡིག་ཚགས་སོགས་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ཁྱབ་ཁོངས་སོ་སོ་དང་ཟ་ཟུར་མང་བོའི་ཡིག་ཚགས་རིགས་མི་འདྲ་བའི་སྡེ་ཁག156ལྷག་ཡོད་པར་མ་ཟད། ས་ཕག་གཙང་གསུམ་སྐབས་ཀྱི་ཡིག་ཚགས་ཀྱང་མི་ཉུང་བ་ཞིག་ཡོད་ལ། དུས་སྐབས་སོ་སོའི་ཡིག་ཚགས་ཀྱི་གྲུབ་ཆའི་རྒྱུ་ཆ་དང་། སྲོལ་རྒྱུན་གྱི་དོ་དམ་བྱེད་སྟངས། གཞུང་ཡིག་གི་ལག་ལེན་རྣམ་གཞག  བརྗོད་དོན་གྱི་ཁྱབ་རྒྱ་སོགས་ཕྱོགས་གང་ཅིའི་ཐད་ནས་བལྟས་ཀྱང་དངོས་ནས་ངོ་མཚར་ཞིང་ཧང་སང་བ་ཞིག་འདུག་གོ །
       སྟབས་ལེགས་པ་ཞིག་ལ། ང་ཡིག་ཚགས་ཁང་དུ་ཐོག་མར་ཡོང་དུས་ང་ཚོ་ལེགས་སྒྲིག་ཚན་ཁག་ཏུ་ལོ་ངོ་མང་བོར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་བདག་ཉར་དང་ལེགས་སྒྲིག ཞིབ་འཇུག་སོགས་ཀྱི་ཕྱག་ལས་གནང་མྱོང་བའི་རྒན་རབས་པ་སྐོར་ཞིག་བཞུགས་ལ། ལྷག་པར་དུ་དེ་སྔའི་ཡིག་ཚགས་དོ་དམ་ཆེད་མཁས་པ་རྒན་གྲས་འགའ་ཡང་བཞུགས་པས། ལས་རིགས་འདིར་ཐོག་དང་པོར་ཞུགས་པའི་རང་ལ་མཚོན་ན། སློབ་སྦྱོང་གི་མཐུན་རྐྱེན་ཧ་ཅང་ལེགས་པོ་ཞིག་བྱུང་། སྤྱིར་ང་ཚོ་ལས་རིགས་གང་ཞིག་ལ་ཞུགས་ཀྱང་མི་རང་ཉིད་ནས་མགོ་བརྩམས་ཏེ་སློབ་སྦྱོང་དང་འབད་འབུངས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་ལ། དེ་ལས་ཀྱང་གཙོ་ཆེ་བ་ནི་ལས་རིགས་གང་དེར་ཉམས་མྱོང་ཕུན་སུམ་ཚོགས་པའི་རྒན་རབས་པ་དག་ལས་སློབ་སྟོན་གྱི་མན་ངག་དང་ལག་ལེན་གྱི་གསེར་ཞུན་ལེན་རྒྱུ་ནི་གནད་ཀྱི་དོམ་པོའོ། །དྲང་མོར་བཤད་ན། ང་ལ་མཚོན་ན་ཐོག་དང་པོར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་ཕྲད་དུས། མཚར་སྣང་དང་སྐྲག་སྣང་ཞིག་ཅིག་ཅར་དུ་སྐྱེས་འོངས་ཏེ། མཚར་སྣང་ནི་དེ་སྔ་སློབ་གྲྭ་ཁག་ཏུ་གཏན་ནས་མཐོང་མ་མྱོང་བའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཞེས་པའི་རིག་ཚན་ཡན་གར་པ་ཞིག་སྟེ། རྒྱུ་ཆ་ཅི་རིགས་དང་། ཆེ་ཆུང་སྣ་ཚོགས། ཡིག་རིགས་འདྲ་མིན་གྱིས་གྲུབ་པའི་ཡིག་ཚགས་གྲངས་འབོར་ཁྲི་སུམ་བརྒྱ་ལྷག་ཅིག་མིག་ལམ་དུ་བསྟར་དུས་དངོས་ནས་ཧང་སང་བར་བྱས། དེའི་སྲོལ་རྒྱུན་གྱི་དོ་དམ་ལམ་ལུགས་དང་ཐུན་མིན་གྱི་ཁྱད་ཆོས་ཏེ། ཡིག་ཚགས་མང་པོ་རས་བསྒྲིལ་གཅིག་ཏུ་ཕྲེང་བསྟར་བསྒྲིགས་པའི་ཡིག་རྡང་དང་། རིང་ཚད་ལ་སྨི་སུམ་བརྒྱ་དྲུག་ཅུ་ལྷག་ཡོད་པའི་ཡིག་ཚགས་རིང་གྲས་གཙོས་ཆེ་ཆུང་དང་རིང་ཐུང་ཅི་རིགས་ཀྱི་གཞུང་ཡིག བརྗོད་དོན་ལ་འབྲེལ་བ་ངེས་ཅན་ཡོད་པའི་ཡིག་ཚགས་མང་བོ་ཞིག་གཅིག་རྗེས་གཉིས་མཐུད་དུ་སྦྱར་བའི་རིམ་འཛར། གོང་མ་རིམ་བྱོན་ནས་བོད་ས་གནས་སྲིད་གཞུང་དང་རྒྱལ་བ་ཡབ་སྲས་སོགས་ལ་བསྩལ་བའི་འཇའ་ས་དང་བཀའ་ཤོག རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ས་གནས་སྲིད་འཛིན་དང་དགོན་སྡེ། མི་སྒེར་སོགས་ལ་བསྩལ་བའི་བཀའ་གཏན་སྣ་ཚོགས། དངོས་རིགས་ཡིག་ཚགས་ཏེ་ཐམ་ག་དང་ཐང་ག་སྣ་ཚོགས། ཡིག་ཚགས་དང་འབྲེལ་ཡོད་ཀྱི་ཡོ་ཆས་ཅི་རིགས། གཞན་ཡང་ས་བཀྲ་དང་བྲིས་རིས། སྤྲོད་དེབ། མགྲོན་དེབ། ཐམ་དེབ། སྒོ་དེབ། ཞིབ་གཞུང་། བཅའ་ཡིག ཞོལ་པར་ཁང་ནུབ་མའི་པར་ཤིང་ཆ་ཚང་སོགས་འདྲ་མིན་སྣ་ཚོགས་ཀྱི་ཡིག་ཚགས་མང་བོ་མིག་ལམ་དུ་བཀྲམ་འོང་དུས་སེམས་གཏིང་གི་མཚར་སྣང་དེ་ཡུན་རིང་བོར་འཇགས་ཐུབ་བྲལ། དེ་དང་ལྷན་དུ་འཇིགས་སྣང་ཞིག་ཀྱང་རང་བཞིན་གྱིས་སྐྱེས་འོངས་ཏེ། དེ་ནི་མདོར་དྲིལ་ན་རང་སྟེང་གི་རིག་གནས་ཡོན་ཚད་གྱི་རྒྱ་མིག་དེ་ཧ་ཅང་ཕྲ་དྲགས་པས། རི་རབ་ཀྱི་གཏོས་དང་མཉམ་པའི་བོད་ཀྱི་ཤུལ་བཞག་རིག་གནས་འདི་ཐེག་ཐབས་བྲལ་བའི་རང་སེམས་ཀྱི་སྐྲག་སྣང་ཞིག་གོ །དེར་བརྟེན། སྐྲག་སྣང་དེ་རིམ་བཞིན་སེལ་བ་ལ་རྒན་རབས་པ་དག་ལས་ཕྱག་ལེན་གྱི་ཉམས་མྱོང་དང་ཤེས་རིག་གི་འོད་སྣང་ཡང་ཡང་བླངས་ཏེ། རང་གི་ཡིག་ཚགས་རིག་པའི་རྨང་གཞིའི་ཤེས་བྱ་སྲ་བརྟན་དང་། གཞི་རྩའི་ཐབས་ལམ་ཇེ་རྒྱས་ཇེ་ལེགས་སུ་གཏང་རྒྱུ་ནི་ཆེས་ཐོག་མའི་རྨང་རྡོ་ལྟར་གལ་འགངས་ཤིན་ཏུ་ཆེ་བ་གཞི་ནས་རྟོགས།
       སྤྱིར་བོད་ལྗོངས་ཡིག་ཚགས་ཁང་གསར་དུ་བཙུགས་པ་ནས་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་བདག་གཉེར་དོ་དམ་དང་ལྷན་རྒྱག་ལེགས་སྒྲིག མཁོ་སྤྲོད་ཞིབ་འཇུག་སོགས་ཀྱི་ཐད་ཕྱག་ལས་གནང་མྱོང་པའི་རྒན་རབས་པ་དག་གི་སྐུ་དྲིན་ལ། གྲངས་འབོར་ཧ་ཅང་མང་བའི་ཡིག་ཚགས་འདིར་རིགས་དང་དབྱེ་བ་བཀར་ཏེ། སྲོལ་རྒྱུན་ལེགས་སྒྲིག་གི་རྣམ་གཞག་ལྟར་སྡེ་ཁག་མི་འདྲ་བ156དང་། ཡིག་ཚགས་གྲངས་འབོར་ཁྲི311གཏན་ཁེལ་བྱས་ཤིང་། དེ་ལས་སྡེ་ཁག27དང་ཡིག་ཚགས་ཁྲི100ལྷག་ལ་དཀར་ཆག་ཞིབ་བཀོད་ཀྱིས་ལེགས་སྒྲིག་གནང་ཡོད་པས་ཕྱག་རྗེས་ཆེ་བ་ནི་མིག་མཐོང་ལག་ཟིན་རེད། ཡིན་ནའང་། ད་ལྟ་ང་ཚོ་ཕྱི་རབས་པ་དག་གི་ཕྲག་ཏུ་བབས་པའི་འགན་འཁྲི་གཙོ་བོ་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་སྲོལ་རྒྱུན་ལེགས་སྒྲིག་བྱེད་སྟངས་ནས་དེང་རབས་གྲངས་འཛིན་ཅན་གྱི་ལེགས་སྒྲིག་བྱེད་སྟངས་སུ་ཐོད་རྒལ་བྱ་དགོས་པ་དེ་ཡིན། ཡང་གཅིག་བཤད་ན། དེ་ནི་རྒྱལ་སྤྱིའི་རང་བཞིན་གྱི་ཡིག་ཚགས་རིག་པའི་དོ་དམ་ལམ་ལུགས་ཀྱི་འཕེལ་ཕྱོགས་གཙོ་བོ་ཞིག་ཡིན་པས། རང་རྒྱལ་ལ་མཚོན་ནའང་ནང་ལོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་མང་བོར་དོ་དམ་ལམ་ལུགས་དེ་ལག་བསྟར་བྱས་དང་བྱེད་བཞིན་པའི་སྒང་ཡིན་ཙ་ན། ང་ཚོས་ཀྱང་རང་ནུས་ཡོད་རྒུས་ལས་གཞི་གང་དེར་དབུ་ཁྱུད་ལེགས་པོ་ཞིག་བྲི་རྒྱུ་ནི་གཡོལ་ཐབས་མེད་པའི་འོས་འགན་ཞིག་ཏུ་གྱུར་ཡོད། ཡིན་ནའང་། གོང་དུ་གླེང་བ་ལྟར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་རྩ་ཆེ་བའི་རིན་ཐང་དང་། ཕྱི་རྣམ་པའི་ཁྱད་ཆོས། ནང་བརྗོད་གཞིའི་ཟབ་ཚད། སྤྱིའི་རིགས་དབྱེའི་གྲངས་འབོར་སོགས་ནི་བློ་ཡུལ་ལས་འགོངས་པ་ཞིག་ཡིན་པས། ངེད་ཅག་ཉམས་ཆུང་ཞིང་ཉག་ཕྲ་བའི་ཕྱི་རབས་ཡིག་ཚགས་ལས་གཉེར་བ་དག་གིས་དུས་ཡུན་ག་དུས་ཤིག་ལ་ལས་གཞི་གང་དེའི་ཐོག་མའི་དེང་རབས་བདག་གཉེར་ནས། བར་གྱི་གྲངས་འཛིན་ལེགས་སྒྲིག མཐའ་མའི་མཁོ་འདོན་བེད་སྤྱོད། ཡང་མཐའི་ཆེད་དམིགས་ཞིབ་འཇུག་སོགས་ཀྱི་ལས་གཞི་དེ་དུས་ནམ་ཞིག་ལ་རྫོགས་ཐུབ་བམ་བསམས་ན། དངོས་ནས་གཏོས་ཆེ་བའི་རི་རབ་ཅིག་གི་འདབས་རོལ་ཏུ་ཉམ་ཆུང་བའི་གྲོག་མ་འགས་ས་སྔོག་པ་དང་འདྲ་བས། ཡི་མུག་ཅིང་སེམས་ཕམ་པའི་ཚོར་སྣང་ཞིག་ཀྱང་སྐྱེས་ཡོང་མོད། ཡིན་ནའང་དུས་རབས་ཉེར་གཅིག་པ་སྟེ། ཚན་རྩལ་གྱི་མཐོ་རླབས་འཕྱུར་པའི་དུས་བབ་འདིའི་འཕེལ་འགྲོས་དང་བསྟུན་ནས། དེང་རབས་གྲངས་འཛིན་ཅན་གྱི་ལག་རྩལ་གང་དེ་ཡིག་ཚགས་ལེགས་སྒྲིག་གི་ཐད་དུ་བཀོལ་སྤྱོད་གཏང་རྒྱུ་ནི་ང་ཚོ་ཕྱི་རབས་པའི་ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་མོ་ཞིག་ཡིན་པའི་ངོས་ཟིན་ཟབ་མོ་ཞིག་རྙེད་པས། ད་ནི་ལྷག་བསམ་རྣམ་དག་དང་སེམས་ཤུགས་བརྟན་པོས་ལས་གཞི་གང་དེའི་མགོ་བརྩམ་རྒྱུ་ནི་གནད་ཀྱི་དོམ་པོར་བསམས་པས། བློ་ཐག་རྦད་ཆོད་ཀྱིས་འབྲེལ་ཡོད་ལས་ཁུངས་དང་དབུ་ཁྲིད་ལ་དེའི་གལ་ཆེན་རང་བཞིན་དང་བེད་སྤྱོད་རིན་ཐང་སོགས་ཡང་ཡང་སྙན་སེང་ཞུས་པ་ཡིན།
       བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་སྲོལ་རྒྱུན་དོ་དམ་ལམ་ལུགས་དེ་དེང་རབས་གྲངས་འཛིན་ཅན་དུ་ཐོད་རྒལ་བྱེད་པར། དཀའ་ཁག་ཀྱང་མི་ཉུང་བ་ཞིག་དང་འཕྲད་སྲིད་པ་ནི་ཆོས་ཉིད་དུ་གྲུབ་ལ། དེ་དག་ལས་ཆེས་བརྗེད་པར་དཀའ་བ་ནི་ངེད་ཡིག་ཚགས་ཁང་གི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཐད་ཀྱི་ཆེད་ལས་མི་སྣའམ་ཡིག་ཚགས་ལས་གཉེར་བ་དག་ལ་རང་རང་གི་ལྟ་ཚུལ་སྣ་ཚོགས་བྱུང་སྟེ། ལ་ལས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ནི་གནའ་ནས་ད་ལྟའི་བར་དུ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཉར་ཚགས་དང་། ལེགས་སྒྲིག བེད་སྤྱོད་བྱེད་སྟངས་ཤིག་ཆགས་ཡོད་པས། ང་ཚོས་འདི་རྒྱུན་འཛིན་དང་དར་སྤེལ་བྱེད་པ་ལས་གཏོར་བརླག་གཏན་ནས་གཏོང་མི་རུང་བར་འདོད་པ་དང་། ལ་ལས་དེང་རབས་གྲངས་འཛིན་ཅན་གྱི་ལེགས་སྒྲིག་བྱེད་ཐབས་དེ་ཐད་ཀར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་ཐད་དུ་བེད་སྤྱོད་བཏང་ན་བཟང་ཆ་ལས་སྐྱོན་ཆ་མང་ཚུལ་ལབ། ཡང་ལ་ལས་ངེས་པར་དུ་དེང་རབས་ཡིག་ཚགས་རིག་པའི་གཞུང་ལུགས་དང་གྲངས་འཛིན་ཅན་གྱི་ལེགས་སྒྲིག་བྱེད་ཐབས་གཉིས་ཟུང་འབྲེལ་བྱས་ཏེ་རིན་ཐང་གཞལ་དུ་མེད་པའི་ཡིག་ཚགས་འདི་ཉིད་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱ་རྒྱུ་ནི་དུས་རབས་འདིའི་ཁ་ཚ་དགོས་གཏུགས་ཀྱི་འོས་འགན་ཞིག་ཡིན་པར་འདོད་པ་སོགས་ལྟ་ཚུལ་མང་བོ་བྱུང་བ་རེད། དེ་ལྟར་ལྟ་ཚུལ་སྣ་ཚོགས་བཏོན་པ་ནི་ཁུངས་མེད་ཉོག་གཏམ་ཞིག་གཏན་ནས་མ་ཡིན་པར། སོ་སོར་རང་རང་གི་གནས་ལུགས་དང་རྒྱུ་མཚན་ངེས་ཅན་ཞིག་ཡོད་པས། ང་ཚོས་དུས་ཡུན་རིང་བོ་ཞིག་ལ་རྩད་སྡུར་དང་གྲོས་མོལ་ཡང་ཡང་བྱ་དགོས་པ་བྱུང་ཞིང་། མཐར་ངེད་ཡིག་ཚགས་ཁང་གི་མགོ་ཁྲིད་ལྷན་རྒྱས་ཀྱི་ཐུགས་ཁུར་དང་། སྐབས་དེའི་ལོ་རྒྱུས་ཡིག་ཚགས་དོ་དམ་ཁྲུའུ་ཡི་འགན་འཛིན་པས་ཡང་དག་པའི་སྣེ་ཁྲིད་དང་ཞིབ་ཚགས་ལྡན་པའི་འཆར་གཞི། ཡང་ན་རང་རེའི་ལོ་རྒྱུས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཏེ། བོད་ཀྱི་ལོ་རྒྱུས་ཡིག་ཚགས་སྤྱིའི་བདེ་འཇགས་དང་མཁོ་འདོན་གྱི་དགོས་དབང་། དུས་རབས་གསར་བའི་འཛམ་གླིང་སྤྱིའི་ཡིག་ཚགས་རིག་པའི་འཕེལ་ཕྱོགས་སོགས་ལ་གཞི་བཅོལ་ཏེ་ཡིག་ཚགས་འདི་ཉིད་དེང་རབས་གྲངས་འཛིན་ཅན་གྱི་ཐབས་སྤྱད་དེ་ལེགས་སྒྲིག་བྱ་བར་གྲོས་ཐོག་གཅིག་ཏུ་བབས། དེ་བཞིན་རྗེས་ཀྱི་གཞུང་ཡིག་ཁ་ཚང་ཀློག་ཀླད་དུ་གཏག་སྐབས་ཀྱང་མ་ཡིག་གི་ཡིག་ནོར་ལ་བཟོ་བཅོས་རྒྱག་དགོས་མིན་ཐད་བསམ་ཚུལ་རིགས་གཉིས་བྱུང་ཞིང་། དེ་ནི་ཐད་ཀར་ཡིག་ཚགས་མཁོ་འདོན་གྱི་འཚོལ་ཞིབ་མཇུག་འབྲས་དང་། ཡིག་ཚགས་མ་ཡིག་གི་དངོས་དོན་བརྩི་སྲུང་གཉིས་ལ་འབྲེལ་བའི་ལངས་ཕྱོགས་གལ་ཆེན་གཉིས་ཡིན་པས། སོ་སོར་གནས་ལུགས་དང་རྒྱུ་མཚན་ངེས་ཅན་ལྡན་པ་སོགས་ལས་གཞི་གང་དེའི་བརྒྱུད་རིམ་ཁྲོད་དཀའ་ཁག་ཆེ་ཆུང་མང་བོར་ཕྲད་མྱོང་།
       ང་ཚོ་ཚང་མས་ཤེས་གསལ་ལྟར།  དེང་རབས་གྲངས་འཛིན་ཅན་གྱི་ལག་རྩལ་གྱིས་ཡིག་ཚགས་ལེགས་སྒྲིག་བྱེད་པར་ངེས་པར་དུ་མཐུན་རྐྱེན་གལ་ཆེན་ཞིག་འཛོམས་དགོས་པ་ནི། ཆེད་སྤྱོད་རང་བཞིན་གྱི་མཉེན་ཆས་ལེགས་པོ་ཞིག་དང་དེའི་རྟེན་གཞིའི་གྲངས་མཛོད་ཚད་ལྡན་ཞིག་དགོས་པ་དེ་ཡིན་ལ། ཆེད་སྤྱོད་མཉེན་ཆས་མེད་པར་ཡིག་ཆའི་ནང་དོན་དང་དཀར་ཆག་གློག་ཀླད་དུ་གཏགས་པ་ཙམ་གྱིས་དེང་རབས་གྲངས་འཛིན་ཅན་དུ་བསྒྱུར་རོ་ཞེས་པ་ནི་དགོད་གཏམ་འབའ་ཞིག་ཡིན་ཞིང་། དེ་བཞིན་ཆེད་དམིགས་མཉེན་ཆས་ལེགས་པོ་ཞིག་ཡོད་ཀྱང་མཉེན་ཆས་གང་དེའི་བྱེད་ནུས་སྣ་ཚོགས་བརྒྱུད་ནས་འབྱུང་འགྱུར་གྱི་འབྲེལ་ཡོད་གཞི་གྲངས་ མཐའ་དག་གསོག་ཉར་ལྟེ་གནས་ཏེ་ཚད་ལྡན་གྲངས་མཛོད་ཅིག་མེད་ཚེ། གྲངས་འཛིན་ཅན་གྱི་ལེགས་སྒྲིག་གང་དེའི་གཞི་རྐང་ཚུགས་ཐུབ་མེད་པའི་རྟགས་མཚན་ཡིན། རྒྱུ་མཚན་དེའི་དབང་གིས་ང་ཚོས་ཐོག་མར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་གཞི་འཛིན་རྩ་གནད་ལེགས་པོ་ཞིག་གཏན་ཁེལ་བྱས་པ་དང་སྦྲགས། རྩ་གནད་གང་དེའི་དགོངས་དོན་ཇི་བཞིན་མངོན་འགྱུར་བྱ་ཐུབ་པའི་ཆེད་སྤྱོད་ཀྱི་མཉེན་ཆས་དང་གྲངས་མཛོད་འཛུགས་སྐྲུན་བྱེད་པར་གྲ་སྒྲིག་ཕྱོགས་ཡོངས་ནས་མགོ་བརྩམས་པ་ཡིན། སྤྱིར་རྒྱལ་སྤྱི་དང་རྒྱལ་ནང་ལ་མཚོན་ན་ཡིག་ཚགས་རིག་པའི་ལས་དོན་འདི་ཅུང་འཕེལ་རྒྱས་བྱུང་ཡོད་པས། དེར་ཆེད་སྤྱོད་ཀྱི་མཉེན་ཆས་ཀྱང་མང་བོ་ཞིག་བྱུང་ཡོད། ཡིན་ཡང་མཉེན་ཆས་དེ་དག་ཐད་ཀར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་ཐད་དུ་བཀོལ་སྤྱོད་བྱ་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་བ་ཞིག་སྟེ། རྒྱུ་མཚན་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་རང་སྟེང་ན་ཐུན་མིན་གྱི་ཁྱད་ཆོས་མང་བོ་ཞིག་ལྡན་པ་སྟེ། གཅིག་ནས་ཡིག་ཚགས་ཀྱི་རྒྱུ་ཆ་ནི་བརྒྱ་ཆའི་དགུ་བཅུ་གོ་ལྔའི་ཡན་རང་གི་ས་གནས་ནས་བཟོས་པའི་བོད་ཤོག་རྐྱང་རྐྱང་ཡིན་པར་མ་ཟད། སྐབས་དེའི་ཤོག་བུའི་ཐོན་ཁུངས་ཀྱི་ཚད་བཀག་སོགས་ཀྱིས་ཡིག་ཆ་རེ་རེའི་བརྗོད་བྱའི་ནང་དོན་གྱི་མང་ཉུང་ལྟར་ཤོག་བུའི་ཆེ་ཆུང་ལ་གཅིག་གྱུར་གྱི་ཚད་གཞི་ཞིག་མེད་པར་སྣ་ཚོགས་སུ་སྣང་བ་སྟེ། རིང་ཤོས་ནི་སྨི་སུམ་བརྒྱ་ལྷག་ཅན་ཡོད་པ་དང་ཐུང་ཤོས་ནི་ལི་སྨི་ཁ་ཤས་ལས་མེད། གཉིས་ནས་ཡིག་ཚགས་ལས་བརྒྱ་ཆའི་དགུ་བཅུའི་ཡན་བོད་ཡིག་གི་འཁྱུག་བྲིས་ཡིན་པ་དང་། འབྲི་མཁན་གྱི་ཤེས་བྱའི་ཆུ་ཚད་ལ་མཐོ་དམའ་ཡོད་པས་བྲིས་གཟུགས་ལའང་རབ་འབྲིང་ཐ་གསུམ་ཡོད་པར་མ་ཟད། འབངས་མི་སེར་གྱིས་བྲིས་པའི་ཡིག་ཚགས་ཁག་ཏུ་ཡིག་ནོར་ཡང་ཤིན་ཏུ་མང་སྟབས། དབྱིན་ཡིག་དང་རྒྱ་ཡིག་ནང་བཞིན་གློག་ཀླད་ཀྱིས་ཐད་ཀར་གློག་རྡུལ་པར་རིས་ལས་ཡིག་འབྲུ་ངོས་འཛིན་བྱེད་ཐབས་བྲལ། གསུམ་ནས་བོད་ཡིག་ལས་གཞན་རྒྱ་ཡིག་དང་དབྱིན་ཡིག སོག་ཡིག མན་ཇུའི་ཡི་གེ བལ་ཡིག རྒྱ་གར་གྱི་ཡི་གེ་སོགས་ཡིག་རིགས་སྣ་ཚོགས་ཡོད་པར་མ་ཟད། རྒྱུ་ཆ་ཤོག་བུ་ལས་གཞན་གསེར་དང་དངུལ། ལྕགས། ཟངས། ཤིང་། གོས། རས་སོགས་སྣ་ཚོགས་ཀྱི་སྟེང་དུ་བྲིས་པ་མང་། བཞི་ནས་མཉེན་ཆས་གང་དེར་ངེས་པར་དུ་བོད་ཡིག་གི་རྩོམ་སྒྲིག་དང་འཚོལ་བཤེར་གྱི་ནུས་པ་ལྡན་དགོས་པ་སོགས་ཐུན་མིན་གྱི་ཁྱད་ཆོས་མང་པོ་ཞིག་གིས། ད་ལྟའི་རྒྱལ་ནང་གི་གཅིག་གྱུར་གྱི་ཡིག་ཚགས་མཉེན་ཆས་དག་ཐད་ཀར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་ལེགས་སྒྲིག་ཐད་དུ་བཀོལ་སྤྱོད་བྱ་རྒྱུ་ནི་ཐབས་ཟད་འུ་ཐུག་གི་ལས་ཤིག་ཏུ་གྱུར་ཡོད། རྒྱུ་མཚན་དེའི་དབང་གིས་ང་ཚོས་ངེས་པར་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་སྤྱིའི་གནས་བབ་དངོས་དང་འཚམ་ཞིང་། དེང་རབས་གྲངས་འཛིན་ཅན་གྱི་ལེགས་སྒྲིག་གི་རྩ་བའི་དགོངས་དོན་དང་ཡོངས་སུ་མཐུན་ལ། ཅུང་ཐུན་མོང་མ་ཡིན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དེང་རབས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱེད་པའི་ཆེད་སྤྱོད་མཉེན་ཆས་ཤིག་གསར་བཟོ་བྱ་དགོས་བྱུང་།
       2008ལོའི་ལོ་སྟོད་ནས་བཟུང་། སྐབས་དེའི་ངེད་ལོ་རྒྱུས་ཡིག་ཚགས་དོ་དམ་ཁྲུའུ་ཡི་འགན་འཛིན་པའི་སྣེ་ཁྲིད་འོག ང་ཚོས་“བོད་ཀྱི་ལོ་རྒྱུས་ཡིག་ཚགས་དོ་དམ་མ་ལག་”ཅེས་པའི་ཆེད་སྤྱོད་མཉེན་ཆས་ཤིག་གསར་བཟོ་བྱེད་འགོ་བརྩམས་ཤིང་། གཙོ་བོ་མཉེན་ཆས་ཀྱི་སྤྱིའི་སྒྲིག་བཀོད་དང་བྱེད་ནུས། ཁྱད་ཆོས་སོགས་ལ་ང་ཚོས་ཅུང་ཞིབ་ཕྲ་ལྡན་པའི་སྒོ་ནས་འཆར་བཀོད་བཟོས་ཤིང་། བཟོ་སྐྲུན་ལག་རྩལ་གྱི་ཐད་ནས་འབྲེལ་ཡོད་མཉེན་ཆས་ལས་གཉེར་ཀུང་སི་ཞིག་དང་མཉམ་འབྲེལ་བྱས་པ་ཡིན། ཡང་གཅིག་བཤད་ན། མཉེན་ཆས་ཀུང་སི་ཡིས་ང་ཚོས་གཏན་ཁེལ་བྱས་པའི་མཉེན་ཆས་ཀྱི་སྤྱིའི་སྒྲིག་གཞི་དང་བྱེ་བྲག་གི་གྲུབ་ཆ་རེ་རེ་སྟེ། ཡིག་ཚགས་འཚོལ་སྡུད་དང་། ཡིག་ཚགས་བདག་གཉེར། ཡིག་ཚགས་ལེགས་སྒྲིག ཡིག་ཚགས་བེད་སྤྱོད། ཡིག་ཚགས་ཞིབ་འཇུག གཞི་གྲངས་དོ་དམ་སོགས་གཙོ་ངོས་དྲུག་དང་། དེ་དག་རེ་རེའི་འོག་ཏུའང་བྱེ་བྲག་གི་བྱེད་ནུས་མང་དུ་མངོན་འགྱུར་བྱས་ཡོད་པ་སྟེ། དཔེར་ན་ཡིག་ཚགས་ལེགས་སྒྲིག་ལྟ་བུར་མཚོན་ནའང་། དེའི་འོག་ཏུ་ཡིག་ཚགས་ཞིབ་འགོད་དང་། ཡིག་ཚགས་ཞུ་དག ཡིག་ཚགས་དབྱེ་འབྱེད། ཟུར་མཁོའི་དཔྱད་གཞི་སོགས་བྱེ་བྲག་གི་བྱེད་ནུས་མང་དུ་ཡོད་ལ། དེ་དག་རེ་རེའི་འོག་ཏུའང་བྱེ་བྲག་གི་བྱེད་ནུས་མང་དུ་ཡོད་པ་སྟེ། དཔེར་ན་ཡིག་ཚགས་ཞིབ་འགོད་ཀྱི་འོག་ཏུ་ཡིག་ཚགས་ཀྱི་ཨང་གྲངས་དང་། རིགས་དབྱེ། དུས་ཚོད། ཁ་བྱང་། བརྡ་ཆད་གཙོ་བོ། ས་གནས། མི་སྣ་གཙོ་བོ། བཤར་འབེབས་པར་རིས། མ་ཡིག་གཏག་ཡིག འགྱུར་ཡིག་སོགས་ཧ་ཅང་ཞིབ་ཕྲའི་གནས་ཚུལ་མངོན་འགྱུར་བྱ་ཐུབ། འདི་དག་རེ་རེ་བཞིན་ཞིབ་བརྗོད་བྱས་ན་ཅུང་མང་བབར་འགྱུར་བས། འདིར་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་དུ་དཔེ་ཙམ་དྲངས་པ་ཡིན། དེ་བཞིན་མཉེན་ཆས་གང་དེར་འབྲེལ་ཡོད་ཀྱི་གྲངས་མཛོད་འཛུགས་སྐྲུན་ཡང་ཧ་ཅང་གལ་འགངས་ཆེ་བས། ང་ཚོས་མཉེན་ཆས་སྒྲིག་བཟོ་དང་དུས་མཉམ་དུ་ཡིག་ཚགས་སྤྱིའི་དོ་དམ་དང་མཁོ་འདོན་གྱི་དགོས་དབང་ལྟར། མཉེན་ཆས་ཀུང་སི་དང་མཉམ་འབྲེལ་སྒོས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་གྲངས་འཛིན་ཅན་གྱི་ཚད་ལྡན་གྲངས་མཛོད་ཁག་མི་འདྲ་བ་གསུམ་འཛུགས་སྐྲུན་བྱས་པ་ཡིན།  མདོར་ན་མཉེན་ཆས་འདི་སྒྲིག་བཟོ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ང་ཚོས་གཅིག་ནས་འབྲེལ་ཡོད་ཡིག་ཚགས་དོ་དམ་མཉེན་ཆས་དག་ལ་ཁུངས་བཅོལ་ཏེ། ཡིག་ཚགས་རིག་པའི་ལེགས་སྒྲིག་གི་སྤྱིའི་རྩ་དོན་དང་རེ་བ་ལྟར་ཇུས་འགོད་བྱས་པ་དང་། གཉིས་ནས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་གནས་བབ་དང་ཁྱད་ཆོས་དངོས་གཙིགས་སུ་བཟུང་སྟེ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་བདག་གཉེར་དང་དོ་དམ། ལེགས་སྒྲིག བེད་སྤྱོད་སོགས་གཞི་གཅིག་ཏུ་མངོན་འགྱུར་བྱ་ཐུབ་པར་བྱས། གསུམ་ནས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་མ་ཡིག་ལ་སྲུང་སྐྱོབ་དང་ཚད་ལྡན་གྱིས་བདག་གཉེར་བྱེད་ཅི་ཐུབ་བྱས་པ་སོགས་ཧ་ཅང་ཞིབ་ཆ་ལྡན་པའི་སྒོ་ནས། ངེད་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་གལ་ཆེའི་ཡིག་ཚགས་འདི་ཉིད་དེང་རབས་གྲངས་འཛིན་ཅན་གྱི་ཐབས་ལམ་སྤྱད་དེ་ལེགས་སྒྲིག་བྱ་བའི་མཉེན་ཆས་དང་དེར་འབྲེལ་གྱི་ཚད་ལྡན་གྲངས་མཛོད་གསར་དུ་བཟོས་ཤིང་། ལོ་ངོ་གསུམ་ལྷག་གི་རིང་ལ་འབད་བརྩོན་ལྷོད་མེད་བརྒྱུད། 2010ལོར་མཉེན་ཆས་དེའི་ཐོག་མའི་མ་ལག་དངོས་སུ་ལེགས་གྲུབ་བྱུང་སྟེ་བེད་སྤྱོད་གཏོང་མགོ་བརྩམས་པར་མ་ཟད། ལོ་དེའི་ལོ་མཇུག་ཏུ་མཉེན་ཆས་དེར་རྒྱལ་ཁབ་ཡིག་ཚགས་ཅུས་ནས་ཚན་རྩལ་ཡར་ཐོན་གྱི་གཟེངས་རྟགས་ཨང་གསུམ་པ་གནང་བས། ང་ཚོར་མཚོན་ན་སྐུལ་ལྕག་ཆེན་པོ་ཞིག་ཐེབས་སོ། །
       ཡིག་ཚགས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་གཙོ་བོ་ནི། རང་འགུལ་འཚོལ་བཤེར་མ་ལག་ལེགས་པོ་ཞིག་ཆགས་དགོས་པ་དེ་ཡིན་ལ། དེ་ཉིད་ཇི་བཞིན་མངོན་འགྱུར་བྱ་བ་ལ་ཡིག་ཚགས་རེ་རེའི་གཞུང་ཡིག་ཁ་ཚང་མཉེན་ཆས་སུ་གཏག་དགོས་པ་དེ་རེད། ཡིན་ནའང་ལས་གཞི་དེ་ནི་ཧ་ཅང་རྒྱ་ཆེ་ཞིང་འགན་ལྕི་བ་ཞིག་ཡིན་ཏེ། གོང་སྨྲས་ལྟར་མིག་སྔར་ངེད་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་ཡིག་ཚགས་ཀྱི་གྲངས་འབོར་ཁྲི་སུམ་བརྒྱ་ལྷག་བརྒལ་ཞིང་། ཡིག་ཚགས་རེ་རེར་ཚོད་དཔག་བྱས་ཏེ་ཆ་སྙོམས་ཀྱིས་ཡིག་འབྲུ་སྟོང་གཅིག་ཡས་མས་ཡོད་པར་ཆ་བཞག་ནའང་། དཀའ་ཁག་ཅི་ཙམ་མཆིས་པ་མིག་མཐོང་ལག་ཟིན་རེད། དེར་བརྟེན། ང་ཚོས་ཡིག་ཚགས་ཀྱི་ནང་དོན་ཁ་ཚང་མཉེན་ཆས་སུ་གཏག་དགོས་མིན་ཐད་དུའང་ལྟ་ཚུལ་གཉིས་བྱུང་བ་སྟེ། ཁ་ཅིག་གིས་ལས་གཞི་འདི་ཧ་ཅང་རྒྱ་ཆེ་བས་མངོན་འགྱུར་བྱེད་པ་ལ་མི་ཤུགས་དང་དངོས་ཤུགས་གང་རུང་ནས་དཀའ་ཁག་ཤིན་ཏུ་ཆེ་བས། ཡིག་ཚགས་རེ་རེའི་ཁ་བྱང་དང་ལོ་ཁམས། འབྲེལ་ཡོད་བརྡ་ཆད་གཙོ་བོ་སོགས་འཚོལ་བཤེར་གྱི་གནད་ཚིག་ཁ་ཤས་ལས་གཞུང་དོན་ཆ་ཚང་གཏག་མི་དགོས་ཚུལ་བརྗོད་པ་དང་། ཁ་ཅིག་གིས་ང་ཚོས་ཡིག་ཚགས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་གཙོ་བོ་ནི་འཚོལ་བཤེར་གྱི་ཆེད་ཡིན་ལ། རྒྱ་ཡིག་དང་དབྱིན་ཡིག་སོགས་ལ་བཤར་འབེབས་པར་རིས་ངོས་འཛིན་གྱི་ལག་རྩལ་ཡོད་ནའང་། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལ་ཆ་རྐྱེན་དེ་མེད་པའི་རྒྱུ་མཚན་གོང་དུ་གླེང་ཟིན་པ་ལྟར་ཡིན་པས། ངེས་པར་དུ་གཞུང་དོན་ཁ་ཚང་མཉེན་ཆས་སུ་གཏག་དགོས་ཤིང་། དེ་ལྟར་བྱས་ཚེ་ད་གཟོད་གློག་ཀླད་ཀྱིས་རང་འགུལ་འཚོལ་བཤེར་བྱེད་པར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད་པར་འདོད། དེ་ལྟར་རྩད་སྡུར་མང་བོ་བྱས་མཐར་འབྲེལ་ཡོད་དབུ་ཁྲིད་དག་གི་རྒྱབ་སྐྱོར་དང་ང་ཚོ་ལས་གཉེར་བ་དག་གི་ཐུན་མོང་འབད་བརྩོན་འོག ཡིག་ཚགས་རེ་རེ་གཞུང་དོན་ཁ་ཚང་མཉེན་ཆས་སུ་གཏག་རྒྱུར་གཏན་ཁེལ་བྱས། ཡིན་ནའང་ལས་གཞི་དེ་ནི་འགོ་རྩོམ་སླ་ཞིང་རྒྱུན་སྐྱོང་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་བ་ཞིག་ཡིན་པ་ང་ཚོས་གསལ་བོར་རྟོགས་ཤིང་། བོད་མིའི་ཁ་དཔེར“སྟག་གི་རྔ་མ་མི་འཛིན། བཟུང་གི་དུས་སུ་མི་གཏོང”ཟེར་བ་ལྟར། ང་ཚོས་ལས་གཞི་འདི་ཐབས་བརྒྱ་ཇུས་སྟོང་གིས་མགོ་ལེགས་པོ་ཞིག་བརྩམ་ཐུབ་པ་བྱུང་ན། ཅིས་ཀྱང་བྱ་གཞག་གང་དེའི་མཇུག་ཇི་ལྟར་བསྐྱང་བ་ལ་རྨང་གཞི་ལེགས་པོ་ཞིག་བཏིང་ཡོད་པར་སྙམ་ཞིང་། མ་འོངས་པར་ངེད་ཡིག་ཚགས་ཁང་གི་དབུ་ཁྲིད་ལྷན་རྒྱས་ཀྱི་ཡང་དག་པའི་སྣེ་ཁྲིད་དང་རྒྱབ་སྐྱོར་འོག  ལས་དོན་འདི་ཉིད་ཀྱི་མཇུག་མཐའ་བདེ་བླག་ངང་བསྐྱང་ཐུབ་པར་ཡིད་ཆེས་ཡོད་དོ། །
       ང་ཚོས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་བརྒྱུད་རིམ་ལས་ཐོད་རྒལ་དང་དཀྱོགས་མཚམས་རང་བཞིན་གྱི་ལས་གཞི་གལ་ཆེན་ཏེ། དེང་རབས་གྲངས་འཛིན་ཅན་གྱི་ལེགས་སྒྲིག་བྱེད་སྟངས་དེ་བདེ་ལེགས་ངང་མགོ་བརྩམས་པ་ནས་ད་ལྟའི་བར་དུ་ལོ་འཁོར་བཅུ་བཞི་ཙམ་འགོར་ཟིན་ལ། བརྒྱུད་རིམ་དེའི་ཁྲོད་དུ་ངེད་ལས་ཁུངས་ཀྱི་ཐོག་ཁང་གསར་བསྐྲུན་དང་། ཁང་གསར་གནས་སྤོར། གྲངས་འཛིན་ལེགས་སྒྲིག་གི་མ་དངུལ་ཚད་བཀག་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བྱ་གཞག་གང་དེར་ཆད་མ་མཐུད་ཀྱི་དུས་འགྱངས་མང་དུ་བྱུང་ནའང་། ང་ཚོ་ལས་གཉེར་མི་སྣ་དག་གི་ཐོག་མའི་ཕུགས་འདུན་དང་བརྩོན་སེམས་ལ་ནམ་ཡང་བཏང་ལྷོད་བྱུང་མ་མྱོང་བས། ལས་གཞི་གང་དེའི་རྒྱུན་མུ་མཐུད་དུ་བསྐྱངས་དང་སྐྱོང་བཞིན་ཡོད་དེ། གཅིག་ནས་ཆེད་སྤྱོད་མཉེན་ཆས་དེའི་བཟང་ཆ་སྲ་བརྟན་དང་ཞན་ཆ་ཁ་གསབ་ཀྱིས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས། ད་ནི་འཐུས་སྒོ་ཚང་ཞིང་བྱེད་ནུས་འཛོམས་པའི་ཆེད་སྤྱོད་མཉེན་ཆས་ཚད་ལྡན་ཞིག་ཏུ་གྱུར་ཡོད། གཉིས་ནས་མཉེན་ཆས་དེ་ཉིད་བརྒྱུད་དེ་ཡིག་རིགས་ཡིག་ཚགས་ལས་བཀའ་ཤག་སྡེ་ཁག་དང་། གྱོད་ཞིབ་ལས་ཁུངས་སྡེ་ཁག བསམ་གྲུབ་ཕོ་གྲངས་སྡེ་ཁག གནས་ཆུང་དགོན་སྡེ་ཁག རྩེ་གཉེར་ཚང་སྡེ་ཁག་སོགས་ཀྱིས་མཚོན་པའི་ཡིག་ཚགས་སྡེ་ཁག་བཅུ་ལྷག་གི་ཡིག་ཚགས་ཁྲི་བཞི་བཅུ་ཞེ་བརྒྱད་ལྷག་དེང་རབས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱས་ཚར་ཞིང་། གཞན་ཡང་ངེད་ལས་ཁུངས་སུ་གཅེས་ཉར་བྱས་པའི་དཔེ་རྙིང་དང་། པར་རྙིང་མང་བོ་ཞིག་ཀྱང་གྲངས་འཛིན་ཅན་དུ་བསྒྱུར་ཡོད་པས། དེ་དག་ནི་ཡིག་འབྲུ་དུང་ཕྱུར་ལྔ་ལྷག་བརྒལ་བའི་གྲངས་མཛོད་ཆེན་པོ་ཞིག་ཡིན་ལ། ད་དུང་མུ་མཐུད་དུ་ཡིག་འབྲུ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་དང་སྦྲགས། གྲངས་མཛོད་དེའང་གཞི་རྒྱ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། གསུམ་ནས་ཉེ་ཆར་ངེད་ལས་ཁུངས་ཀྱི་ཡིག་ཚགས་མཛོད་ཁང་དང་ལེགས་སྒྲིག་ལྟེ་གནས། ཆེད་སྤྱོད་སྒྲིག་ཆས། ལས་གཞིའི་རྣམ་གྲངས་སོགས་ཕྱོགས་གང་ཅིའི་ཐད་ནས་སྔར་ལས་ལྷག་པའི་འཕེལ་འགྱུར་བྱུང་དང་འབྱུང་བཞིན་ཡོད་པས། ད་ལྟ་ལོ་རེར་འཆར་གཞི་ལྡན་ཞིང་རྩ་འཛུགས་ཡོད་པའི་སྒོ་ནས་ལས་གཞི་འདི་ཅུང་གཏན་འཇགས་རང་བཞིན་གྱིས་རྒྱུན་སྐྱོང་བཞིན་ཡོད་པས། དངོས་ནས་ཡིད་སེམས་སྤྲོ་བས་བརྟས། ལྷག་པར་དུ་མཉེན་ཆས་དེས་ང་ཚོའི་ཡིག་ཚིགས་ལེགས་སྒྲིག་དང་། སྲུང་སྐྱོབ། འཚོལ་བཤེར། མཁོ་འདོན། སྒྱུར་སྒྲིག ཞིབ་འཇུག་སོགས་ཀྱི་ཐད་དུའང་ནུས་པ་མངོན་གསལ་ཐོན་ཞིང་། དེ་ལས་ཀྱང་འཚོལ་བཤེར་མ་ལག་གི་བྱེད་ནུས་ཤིན་ཏུ་ལེགས་པོ་བྱུང་འདུག དཔེར་ན་བར་ཝོན་ཞེས་ང་སྐྱེས་སའི་མདོ་སྨད་ཨ་མདོའི་ཕྱོགས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་གི་མིང་ནང་དུ་གཏགས་ཀྱང་འབྲེལ་ཡོད་ཡིག་ཚགས་ཁ་ཤས་ཐོན་པ་ལྟ་བུས་མཚོན་ཐུབ། མ་འོངས་པར་ངེད་ལས་ཁུངས་སུ་ཉར་ཚགས་བྱས་ཡོད་པའི་ལོ་རྒྱུས་ཡིག་ཚགས་དང་དཔེ་རྙིང་ཁ་ཚང་དེང་རབས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱས་ཚར་བ་ཡིན་ན། མ་མཐའ་ཡང་ཡིག་འབྲུ་དུང་ཕྱུར་སུམ་བཅུ་ལྷག་བརྒལ་བའི་གྲངས་མཛོད་གཏོས་ཆེན་པོ་ཞིག་ཆགས་སྲིད་ཅིང་། མ་འོངས་པར་འདི་ནི་བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཏེ། བོད་ཀྱི་ལོ་རྒྱུས་ཡིག་ཚགས་རིག་པའི་རིག་མཛོད་ཆེན་པོ་ཞིག་ཏུ་འགྱུར་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།
༡༠
       མདོར་ན་བོད་ལྗོངས་ཡིག་ཚགས་ཁང་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཁྲི་སུམ་བརྒྱ་ལྷག་ཙམ་ཉར་ཚགས་བྱས་ཡོད་ལ། དེ་ནི་བོད་ཀྱི་རིག་གནས་ལོ་རྒྱུས་ཁྲོད་ཀྱི་འོད་སྟོང་འབར་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་ནི་བསྙོན་དུ་མེད་མོད། འོན་ཀྱང་རྒྱུ་རྐྱེན་དུ་མའི་དབང་གིས་རྩ་ཆེའི་ལོ་རྒྱུས་ཤུལ་བཞག་རིག་གནས་འདི་ཕྱོགས་ཡོངས་ནས་བེད་སྤྱོད་དང་ཞིབ་འཇུག་བྱེད་ཐུབ་ཀྱིན་མེད་པས། ང་ཚོས་རིན་ཐང་བྲལ་བའི་ལོ་རྒྱུས་རྒྱུ་ཆ་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ལ། ངེས་པར་དུ་ད་ལྟའི་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། དེང་རབས་གྲངས་འཛིན་ཅན་གྱི་ཐབས་ལམ་སྤྱད་དེ་ལེགས་སྒྲིག་བྱ་དགོས་པ་ནི་དུས་རབས་འདིས་ང་ཚོ་ཕྱི་རབས་པར་སྤྲད་པའི་གཡོལ་མེད་ཀྱི་འགན་འཁྲི་ཞིག་ཡིན་པར་སྙམ། རྨང་གཞི་དེའི་སྟེང་ནས་མ་འོངས་པར་སྤྱི་ཚོགས་ཡོངས་ལ་རྩ་ཆེའི་ལོ་རྒྱུས་རྒྱུ་ཆ་འདི་ཉིད་རིན་མེད་དུ་མཁོ་འདོན་བྱ་ཐུབ་པའི་ཐབས་ལམ་ལ་བརྩོན་ལེན་བྱ་དགོས་པར་འདོད་པས་ན། ཐབས་བརྒྱ་ཇུས་སྟོང་དང་རང་ནུས་ཅི་ལྕོགས་ཀྱིས་ལོ་འཁོར་དུ་མའི་རིང་བྱ་གཞག་གང་དེར་བརྩོན་ལེན་བྱས་པ་ཡིན་ལ། འབྲེལ་ཡོད་དབུ་ཁྲིད་ཀྱི་རྒྱབ་སྐྱོར་དང་ངེད་ཅག་ལེགས་སྒྲིག་མི་སྣ་ཡོངས་ཀྱི་ཐུན་མོང་གི་འབད་འབུངས་འོག བྱ་གཞག་གང་དེའི་མགོ་ལེགས་པོ་ཞིག་བརྩམས་ཐུབ་པ་བྱུང་ཞིང་། ལས་གཞི་རླབས་པོ་ཆེ་འདི་མ་འོངས་པར་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པས། རང་ལ་མཚོན་ན་དུས་སྐབས་དེའི་ཡིག་ཚགས་ལེགས་སྒྲིག་ཚན་ཁག་གི་འགན་འཛིན་པ་ཞིག་ཡིན་པའི་ངོས་ནས་དོན་སྙིང་ལྡན་ལ་སྤྱོད་སྒོ་ཆེ་བའི་དོན་དག་གལ་ཆེན་ཞིག་བསྒྲུབས་ཡོད་སྙམ་པའི་བློ་སྤོབས་ཅུང་ཙམ་སྐྱེས། ཡིན་ནའང་། འདི་ནི་ཤིན་ཏུ་རྒྱ་ཆེ་ལ་རྒྱུན་རིང་བའི་ལས་གཞི་ཆེན་པོ་ཞིག་ཡིན་པས། དེ་ཆ་ཚང་ལེགས་འགྲུབ་ཡོང་བ་ལ་ད་དུང་ལོ་ངོ་མང་བོའི་དུས་ཡུན་སྤྱད་དགོས་པས། ངེད་ལེགས་སྒྲིག་ཚན་ཁག་གི་མི་རབས་རྗེས་མས་ཀྱང་མུ་མཐུད་དུ་བྱ་གཞག་གང་དེའི་རྒྱུན་སྐྱོང་ཐུབ་པའི་རེ་འདུན་དང་ཡིད་ཆེས་བརྟན་པོ་ཡོད་ལ། མ་འོངས་པར་ཡིག་ཚགས་མཐའ་དག་འདི་ལྟར་དེང་རབས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱས་ཚར་བ་ཡིན་ན། རང་ཅག་གི་རྗེས་རབས་པ་རྣམས་ཀྱིས་བོད་ཀྱི་རིག་གནས་ལོ་རྒྱུས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་དགོས་ངེས་ཀྱི་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་པའམ། ལོ་རྒྱུས་ཀྱི་རྒྱུ་ཆ་འབོར་ཆེན་ཞིག་འདོན་སྤྲོད་བྱ་ཐུབ་པའི་གདང་ཚོད་ཀྱང་ཡོད་པས། འདིར་བྱ་གཞག་གང་དེའི་མགོ་མཇུག་བར་གསུམ་མཚམས་སྦྱོར་གྱི་ཚུལ་དུ་ཅུང་ཙམ་སྤྲོས་པ་དགེའོ། །

རྩོམ་ཁུངས། ༢༠༢༥ལོའི«སྦྲང་ཆར»དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།