ལྷུག་རྩོམ། དགེ་འདུན་ཆོས་འཕེལ།
རྩོམ་པ་པོ།:རྩྭ་ཕྲན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-05-21 09:40:54
ཀློག་གྲངས།:
དགེ་འདུན་ཆོས་འཕེལ།
རྩྭ་ཕྲན།
ཤིན་ཏུ་མཇལ་འདོད་པ་ཁྱེད་ཤིན་ཏུ་རྒྱང་ཐག་རིང་། བར་ཐག་གིས་བཀྱེད་པའི་དུས་ཚོད་གྲངས་མེད་ཅིག་ལ་ངས་ཁྱེད་ཀྱི་ཞབས་རྗེས་བཙལ། བདག་གིས་འཇིག་རྟེན་འདིའི་བདེན་པ་གྲངས་མེད་ཅིག་ལ་ཚོད་བགམ་ཡང་ཡང་བྱས། ཁྱེད་ཀྱི་བཞུད་སོང་གི་ལོ་ཟླ་རེ་རེ་ནི་ངའི་ནང་སེམས་ཀྱི་ཟབ་ས་རེ་རེ་ཡིན། དོན་ལ་སྐུ་སྐྱེས་ཡིན་ཡང་སྐུ་སྐྱེས་གྱི་ཆོ་ལོ་མི་དགོས་པའི་ཁྱེད་ལ་དོན་དམ་པར་དམིགས་པ་ཅི་ཞིག་ཡོད་དམ། ཕ་ཡུལ་ནས་ལམ་ལ་ཆས་དུས་ཁྱེད་རང་བྱིས་པ་བསམ་མེད་ཅིག་རེད། ཡིན་ཡང་ཁྱེད་ཀྱི་མིག་རྒྱང་ནི་ཅི་འདྲའི་རྒྱང་ཐག་རིང་བ་ཞིག་རེད་ཨང་། བླ་བྲང་བཀྲ་ཤིས་འཁྱིལ་ནི་མདོ་སྨད་ཀྱི་དཔལ་ན་ལེཎ་དྲ་རེད། གནས་འདིར་ཀུན་མཁྱེན་བླ་མའི་ཐུགས་དགོངས་ལ་གསེར་མདོག་གི་ཉི་འོད་འཕྲོས། ལྔ་རིག་པཎ་གྲུབ་དུ་མས་རྣམ་དཔྱོད་ཀྱི་རྣོ་དབལ་འབར། འཆད་རྩོད་རིག་གནས་ལ་དགུ་འགྱུར་གྱི་སྙིང་ཁམས་སྤྲད། ཀྱེ་ཀྱེ། འདི་ནི་དགོན་སྡེ་ཆུང་ཆུང་ཞིག་ག་ལ་ཡིན། རིག་གནས་ཀྱི་གཏེར་མཛོད་ཅིག་རེད། དྷི་ཚ་སྐམ་པོ་ཁྱེད་མཁས་པ་རྩེར་སོན་ཞིག་རེད། གནས་འདིར་འཕྲུལ་འཁོར་གཞུང་ལུགས་ལ་ཆུ་ཐོག་བགྲོད་ལམ་གྱི་རྡོ་རིང་བསླངས་བ་ཁྱེད་ལས་སུ་ཞིག་ཡིན། ཁྱེད་རང་རིག་པ་རྐྱེན་དྲགས་པས་དུས་ཚོད་ཀྱི་སྔ་ཕྱི་ཙམ་ལས་འདི་ལས་རྒྱང་ཐག་རིང་བ་ཞིག་ཏུ་བགྲོད་དགོས་པ་ངས་སྔ་མོ་ནས་ཤེས་ཡོད། དགུང་གྲངས་ཆུང་ཡང་རྣམ་དཔྱོད་འབར་བའི་རྒྱལ་ཁམས་པ་ཁྱེད་རང་ད་ནི་ཐག་རིང་ཐག་རིང་ཞིག་ལ་ཕེབས། ཨ་མདོ་ལུང་པ་ནས་མགོ་ན་གདུགས་དང་ཞབས་ན་རྟ། ལག་ན་དངུལ་མེད་པའི་ཕལ་བའི་མི་ཁྱེད་རང་དལ་བུར་ཉི་མ་ལྷ་སའི་དབུས་ལམ་རིང་མོར་ཞུགས། ལམ་འདི་ནི་ཁྱེད་ཀྱི་བློ་རིག་ལ་གཤོག་ཟུང་སྤྲད་པའི་ལོ་ཟླ་རིང་མོ་ཞིག་ཅི་ལ་མིན། ལམ་འདི་ནི་ཁྱེད་ཀྱི་ཕ་ཡུལ་མཐོང་བ་ཆེས་མཐའ་མ་ཡིན་ལ་ཕ་ཡུལ་གྱི་དབུ་འཕང་དགུང་དུ་བསྟད་པའི་མཛད་བཟང་གི་ལམ་བུ་ཞིག་ཀྱང་ཅི་ལ་མིན།
དགེ་ལྡན་བསྟན་པའི་རྒྱལ་མཚན་མཁའ་རུ་བསྒྲེངས་བའི་གནས། རིས་མེད་སྐྱེས་མཆོག་དག་གི་འཆད་རྩོད་ལ་མྱུ་གུ་འབུས་སའི་དཔལ་འབྲས་སྤུངས་ཆོས་སྡེ་ཆེན་མོ། མཉམ་མེད་རྒྱལ་བ་གཉིས་པའི་རང་ལུགས་ཆེས་ཆེར་སྤེལ་ས། བྱམས་ཆེན་ཆོས་རྗེའི་ཐུགས་སྨོན་ལ་བྱིན་རླབས་སྨིན་ས། གནས་འདིར་ཁྱེད་ཀྱི་ཤེས་རབ་ལ་མེ་ལྕེ་མཆེད་བཞིན་ལོ་ཟླའི་རྩིགས་ངོས་ལ་འཆར་ཡན་གྱི་ཕུགས་བསམ་བྲིས། ལྷ་ལྡན་ཆོ་འཕྲུལ་ཆེན་མོའི་ལྷ་རམས་པ་ཨང་དང་པོའི་དང་པོ་ནི་ཨ་མདོ་རྡོ་སྦིས་ཤེས་རབ་རྒྱ་མཚོ་ཡིན། ཡོངས་གྲགས་སུ་རྡོ་སྦིས་དགེ་བཤེས་སུ་འབོད་པའི་མཁས་མཆོག་དེར་ཁྱེད་ཀྱིས་བརྒལ་རྟགས་ཀྱི་རིགས་ལམ་བསྩལ། དགེ་བཤེས་མཆོག་གིས་ཀྱང་ཁྱེད་ལ་སྨྱོན་པ་ཟེར་བའི་ཆོ་ལོ་ཞིག་བསྩལ། ཁྱེད་ནི་སྤྱིར་བཏང་གི་སྨྱོན་པ་ཞིག་ག་ལ་ཡིན། ཁོང་གི་ཤེས་པ་ངས་ཀྱང་ཤེས། ངས་མི་ཤེས་པ་ཁོང་གིས་ཀྱང་མི་ཤེས་ཞེས་པའི་བློ་ཐག་ཆོད་པའི་མཚན་ཉིད་ཀྱི་ལྟ་གྲུབ་འདི་མཁས་མཆོག་ཁྱེད་ཉིད་ལས་སུས་ཀྱང་སྨྲ་ག་ལ་ཕོད། དེ་བས་ག་ཙམ་གྱིས་ཚད། ཁྱེད་ཉིད་མེད་ཚེ་སུས་ཀྱང་མི་ཉག་སྐྱོར་དཔོན་གྱི་ཆབ་རིལ་ལེན་མི་ཐུབ་ལ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གྲངས་མེད་ཅིག་ལ་འཁོར་གསུམ་བསྐོར་ག་ལ་ཐུབ། ཁྱེད་ཀྱི་ལྟ་གྲུབ་དང་བདེན་པ་ཁོ་ནའི་རྨོངས་པ་མ་སེལ་བའི་སྐྱེ་བོ་ཁྲི་ཕྲག་ཅིག་ལ་བགྲོད་ལམ་བསྟན་ཀྱང་དེ་དག་འགྲོ་ག་ལ་ཤེས། པོ་ཏ་ལའི་མདུན་གྱི་རྡོ་རིང་འདིའི་མཐའ་ལ་གསེར་གྱི་མཐའ་སྒྲོམ་ཞིག་སྤྲད་པ་ཡིན་ནའང་ད་དུང་རྡོ་རིང་འདིའི་བཀའ་དྲིན་འཇལ་ཐུབ་མེད་ཟེར་བའི་མ་འོངས་ཕུགས་སྟོན་གྱི་ལོ་རྒྱུས་མཁས་མཆོག་ཁྱེད་ད་ལྟ་གང་ན་བཞུགས། ཁྱེད་རང་རང་དབང་དང་ཞི་བདེ་དང་དུ་གཉེར་མཁན་ཞིག་རེད། ང་ལ་རང་དབང་དགོས་རེད། ངའི་ཆེད་དུ་དགེ་འདུན་ཆོས་འཕེལ་ལ་ཆང་ས་རྒྱག་རྒྱུ་མ་བྱུང་ན་ང་ཨ་ནེ་བྱེད་རྒྱུ་ཡིན་ཟེར་མཁན་མང་པོ་ཡོད་པ་རེད། ཐ་ན་ལྷ་སའི་སྐུ་དྲག་གི་སྲས་མོ་སྙིང་རྗེ་བོ་དག་ཀྱང་ང་ལ་ཞེ་དྲག་དགའ་བོ་ཡོད་པ་རེད། གལ་ཏེ་ངས་དེ་དག་ལ་ཆང་ས་བརྒྱབ་ན་ང་རང་ཨ་མདོའི་སྤྲང་བོ་ཞིག་རེད། ཁོ་ཚོའི་སྐད་ཆར་ཉན་དགོས་པ་རེད། ངས་དེ་ལྟར་བྱེད་ཀི་མིན། ང་པཎྡི་ཏའི་མིང་ཅན་ཡོད་པ་ཞིག་གིས་སྐྱེས་དམན་ཞིག་གི་ཁ་ལ་ཉན་དགོས་ན་ཡག་པོ་ཡོད་པ་མ་རེད། ང་ལ་རང་དབང་དགོས་པ་རེད། སུས་ཀྱང་དང་ལེན་དཀའ་བ་དེ་དག་ཁྱེད་ཀྱིས་རེ་རེ་བཞིན་དང་ལེན་བྱས། ཀྱེ་ཀྱེ། ཁྱེད་ཀྱི་རང་སྤོབས་དེ་འདྲ་སུ་ཞིག་ལ་མཆིས་སམ།
ལྷ་སའི་མི་ཚོགས་གྲངས་མེད་ཁྲོད་ཁྱེད་རང་གཅིག་པུ་མཁས་པ་སྙན་གྲགས་ལ་མི་རེ་མཁན་གཅིག་པུ་དེ་ཡང་ཡིན། འདུ་འཛིའི་ཁེངས་བའི་བར་སྐོར་ལམ་དུ་ཁྱེད་ཀྱིས་བག་ཕྱེ་ཞིག་ལག་ལ་བཟུང་ནས་ཉི་མའི་འོད་མདངས་ལ་བལྟ་བཞིན་བག་ཕྱེ་ཟོས། བར་སྐོར་ལམ་དུ་མཁས་མང་ཟིལ་གྱིས་གནོན་པའི་ཁྱེད་རང་དང་ཟོས་ཀྱི་དང་ཀ་འཕེལ་བའི་སྤྲང་བོ་གཉིས་ལས་སུས་ཀྱང་ངོ་ཚ་དང་རྫི་བག་ཟེར་བའི་ཐ་སྙད་ལ་འཛེམ་གྱིན་ཡོད་པ་འདྲ། ཁྱེད་རང་ད་དུང་མཁས་པ་རང་བརྩི་ཅན་ཞིག་ཡིན་པ་འདྲ། སྡེ་བ་གཞུང་གི་སྐུ་དྲག་ཟེར་ན་དམངས་ཕལ་བའི་མགོ་སྒུར་ལྕེ་མནར་བྱེད་དགོས་ས་ཞིག་རེད། ཁྱེད་རང་སྐུ་དྲག་གི་ངོ་སོར་འཛུམ་ཆུང་མི་སྟོན་པའི་མཁས་མཆོག་དམིགས་བསལ་བ་དེ་རེད། ལྷ་སའི་སྐུ་དྲག་གི་གསོལ་སྟོན་སྟེང་ནས་ཨ་ཅག་ཚེ་བརྟན་གཡུ་སྒྲོན་ལས་སུ་ལའང་ཞལ་བརྡ་མེད་པར་ཟོས་ལ་ལོངས་སྤྱོད་མཁན་དེའང་ཁྱེད་རང་གཅིག་པུ་རེད། ལྷ་སའི་དགེ་བཤེས་གྲངས་མེད་ལས་ཁྱེད་རང་གཅིག་པུས་ལྷ་སྐུ་དག་གི་ངོ་བོ་གཅིག་ལ་སྒོམ་མཁན་དེ་རེད། བྱམས་པ། མཆོད་མཇལ་མང་པོ་མང་པོ་བྱེད་དགོས་པ་མ་རེད། གཅིག་ལ་མཆོད་མཇལ་གྱིས་ན་ཆོག་གི་རེད། ལྷ་ཚང་མའི་ངོ་བོ་གཅིག་རེད། ཆོས་ཟེར་བ་དེ་མང་པོ་བྱེད་རྒྱུ་ཡོད་པ་མ་རེད། ཆོས་ལ་དཀོན་པའི་འདུ་ཤེས་ཟེར་བ། ཆོས་ཟེར་བ་འདི་ཧ་ཅང་དཀོན་པོ་རེད་མ་གཏོགས་དེ་འདྲ་མང་པོ་བྱས་ན་ཡག་པོ་ཡོད་པ་མ་རེད། ཅི་འདྲའི་གནད་ལ་འཁེལ་བའི་རིགས་ལམ་ཞིག སུས་ཀྱང་མི་རྟོགས་པ་དེ་ཁྱེད་ཀྱིས་སྔ་མོ་ནས་རྟོགས་པས་ད་གཟོད་ཁྱེད་ཀྱི་ལས་དབང་ལ་རྐྱེན་ངན་བྱུང་། ཁྱེད་རང་བགྲོད་དགོས་པའི་ལམ་མང་པོ་ཞིག་ལ་ཕེབས། ཡུལ་དབུས་རྒྱ་གར་ནས་ཆུ་བོ་གང་གཱའི་བར་དུ་རྐང་ཐང་གི་རི་མོ་ཕབ། མིག་རྒྱང་ལ་འོད་ཟེར་འཕྲོས། དབྱིན་ཡིག་ཟླ་ངོ་དྲུག་ལ་བསླབ་རྗེས་ཕྱི་གླིང་བ་དག་གིས་ཁྱེད་རང་དབྱིན་ཇིའི་ལོན་ཏོན་སློབ་ཆེན་གྱི་སློབ་མ་ཞིག་གི་ཆུ་ཚད་ཡོད་ཟེར་དུས་ཁྱེད་ཀྱི་རྣམ་དཔྱོད་ནི་ཅི་འདྲའི་སྙིང་ལ་སིམ་པ་ཞིག་རེད་ཨང་། ཁྱེད་རང་ལས་སུས་ཀྱང་ཕྱི་རྒྱལ་གྱི་མགྲོན་ཁང་ཞིག་ལས་སྡེ་བ་གཞུང་གི་བཙོན་ཁང་སྐྱིད་པོ་ཡོད་པ་རེད་ཟེར་མཁན་ག་ལ་ཡོད། ཁྱེད་ལ་དངོས་གནས་མི་བརྗེད་པའི་གཟུངས་ཐོབ་འདུག དེབ་དཀར་གྱི་སྒྲིག་གཞི་རྒྱ་གར་ནས་དབུ་བརྩམས། དཔྱད་ཡིག་གི་རྒྱུ་ཆ་ཨ་མདོ་ནས་བློར་བཟུང་། མཁས་བཙུན་གྱི་ཆེ་བ་ལྷ་ས་ནས་གཞི་ཚུགས། ཁྱེད་རང་དངོས་གནས་མཁས་པ་ཆེན་པོ་རེད། ཁྱེད་ཀྱིས་དག་པའི་ཞིང་མཆོག་ཟེར་ན་ཁོ་རང་ལྟ་བུའི་མཁས་པ་འགྲོ་ས་ཞིག་ལས་བླུན་པོ་འགྲོ་ས་ཞིག་མ་རེད་ཟེར། རླབས་ཆེན་གྱི་སྐྱེས་བུ་ཞིག་གིས་གལ་ཏེ་དགེ་འདུན་ཆོས་འཕེལ་བཞུགས་ཡོད་ཚེ་ངའི་བརྒྱད་བཅུའི་ལག་རྟེན་བྱས་ཆོག་ཟེར་བ་ནི་ཁྱེད་ཀྱི་རྨི་ལམ་རྒྱང་ལ་འཐེན་པས་ཅི་ལ་མིན། རྡོ་སྦིས་དགེ་བཤེས་མཆོག་གིས་ཁྱེད་རང་གཤེགས་པ་ལས་བོད་མི་སྟོང་གཅིག་ཤི་བའི་རིན་ཐང་ཆུང་ཟེར་དུས། དེང་སང་ངའི་སེམས་འདི་ལ་སྐྱོ་སྣང་དང་ཕངས་སྣང་ཞེ་དྲག་འདུག ཤི་རྒྱུ་རང་ལ་དེ་འདྲའི་ཞེད་སྣང་སྐྱེས་གིན་མ་རེད། ཨ་ཙི། ངའི་ཤེས་རབ་ཆེན་པོ་འདི་འཇིག་འགྲོ་གི་རེད་བསམས་ནས་ང་དེ་ལ་ཕངས་སྣང་འདུག དངོས་གནས་ཅི་འདྲའི་ཕངས་བ་ལ། གངས་ལྗོངས་ཀྱི་རྣམ་ཤེས་མག་མོག་དུ་གྱུར་བའི་ལོ་ཟླ། མཁས་མཆོག་ལགས། ཁྱེད་རང་ཉི་མ་ལྷ་སའི་དགའ་ལྡན་གསེར་ཁྲི་མི་དགོས་པའི་མཁས་དབང་གཅིག་པུ་དེའང་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།