ཆབ་མདོ་དབང་ཆེན་ཉི་མའི་རྩོམ་རིག་འགའ་བཀོད་པ།

རྩོམ་པ་པོ།:དབང་མདའ་ཉི་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-01-29 09:42:00 ཀློག་གྲངས།:
                                               ཁེར་རྐྱང་གི་གདུང་འབོད།
ཟླ་ཆུ་ཡི་རླབས་སྒྲ་ཁང་མིག་ཏུ་འཛུལ་དུས། །
རྒྱང་རིང་གི་དགའ་མ་སེམས་ལ་དྲན་ཞིང་། །
ཁེར་གདུང་གི་ཚོར་བ་རུས་པ་ལ་ཟུག་དུས། །
སྙན་ངག་གི་ལྷ་མོ་བྲང་གཞུང་དུ་བབས་བྱུང་། །
སྙན་ངག་གི་རོལ་མོ་བར་མེད་དུ་བཀྲོལ་ཚེ། །
ངག་དབང་གི་ལྷ་མོ་མིག་མདུན་དུ་འཛུམ་ཅིང་། །
ཀ་མད་ཀྱི་ཡིག་འབྲུ་ཕྲེང་བ་ལ་བརྒྱུས་དུས། །
དྲན་གདུང་གི་མཆི་མས་ངོ་གདོང་ཡང་བརླན་ཐལ། །
དང་དད་ཀྱི་སོར་མོས་སྙིང་ག་རུ་སྦྱར་བའི། །
བྱིན་རླབས་ཀྱི་གཏེར་ཆེན་སྙན་ངག་གི་ལྷ་མོ། །
ཐུགས་རྗེ་ཡི་སྤྱན་སྒོ་ཡངས་པོ་རུ་ཕྱེ་ནས། །
བདག་སེམས་ཀྱི་དྲན་གླུ་རླུང་ཁོ་ལ་བསྐུར་རོགས།
སྟོད་ཕྱོགས་ཀྱི་ཉི་མ་ལྷ་ས་ཡི་གཞུང་གི། །
གཞོན་སྐྱེས་ཀྱི་ཕོ་མོ་སྟོང་ཕྲག་གི་ཀློང་དུ། །
སྐྱོ་གདུང་གི་འཁྲེང་སེམས་ཐག་རིང་ནས་དྲུད་པའི། །
ན་ཆུང་གི་བུ་མོ་ཟླ་ཞལ་ཞིག་ཨེ་རིག།། །
ཐུགས་རྗེ་ཡི་སྤྱན་གྱིས་ཁོ་མོ་ཞིག་རིག་ན། །
ཡུལ་གྱེས་ཀྱི་མཆི་མ་སྙན་ངག་གིས་འབྱིད་རོགས། །
བརྩེ་དུང་གི་འཕྲིན་པ་གླུ་དབྱངས་སུ་འགུག་རོགས། །
ཡིད་སེམས་ཀྱི་སྣང་བ་སོས་དར་གྱིས་ཕྱིས་རོགས། །
                                           སྙན་ངག་གི་རྒྱབ་ལྗོངས།
མ་རིག་སྨུག་པ་སྟུག་པོའི་སྲིབ་ཀྱི་དགུ་རིམ་དུ། །
མཆི་ཞག་རྡོག་པོར་འདྲིལ་བའི་སྒྲོན་མེའི་ཟེར་མའི་གུར། །
འཇིག་རྟེན་ཆོས་ཀྱི་རྒྱུ་འབྲས་མཐའ་དག་ཆོས་ཉིད་བཞིན། །
སྙན་པའི་དབྱངས་དང་བསྡེབས་ཏེ་ཚིག་གིས་བྲོ་གར་ལྡིང་། །
ཀ་མད་རིས་ཀྱིས་ཕྲེང་མཛེས་བསྟར་བའི་རྒྱུ་ལམ་དུ། །
འཁོར་བའི་གདོང་འབག་བཤུས་པའི་བྱ་འགུལ་བསླུ་བྲིད་ཉིད། །
དམར་རྗེན་གཅེར་བུར་ཉུལ་བའི་སྟངས་སྟབས་གྲོལ་ཙ་ན། །
ཕྲེང་མཛེས་གང་ཉིད་སྙན་ངག་བུ་མོས་རྒྱན་དུ་རློམས། །
སྣང་བ་སྒྱུ་མའི་འཕྲུལ་གྱི་བསམ་པའི་མེ་ལོང་ངོས། །
མཛེས་ལྡན་ན་ཆུང་ཅིག་གི་མཛེས་སྡུག་འཁྲུངས་བའི་ཚེ། །
མི་ཡུལ་གཏམ་རྒྱུད་འཐུ་བའི་འཁྱམས་པོའི་སེམས་ཀྱི་བུ། །
སྙན་ངག་ལྟག་རྒྱབ་ཅིག་ནས་བརྩེ་བའི་དུངས་བར་རོལ། །
                                           “དྭངས་གཙང”བཀླགས་པའི་འཆར་སྣང་།
ཁོར་ཡུག་རྫབ་ཀྱི་རྫིང་བུའི་འཇིངས་རིམ་དུ། །
བདེན་པའི་བུ་ཆུང་མི་མངོན་སིམས་པའི་དུས། །
《བསྟོད་པ་བཀླགས་པའི་འཆར་སྣང》ཡིད་ལ་དྲན། །
དེ་མུར་ཡུན་རིང་བསྲན་པའི་ན་ཟུག་གིས།  །
དྭངས་གཙང་བཀླགས་པའི་འཆར་སྣང་འབྲི་བར་ཤོར། །
སྲིད་འདིར་དྲི་བྲལ་དྭངས་གཙང་ཆེས་མང་སྟེ། །
དམ་པ་མི་ཆོས་དྭངས་གཙང་ཕྱོགས་ལ་དགའ། །
སྨྱོན་པས་རང་ཉིད་དྭངས་གཙང་ཡིན་བསམ་རློམ། །
ལྐུགས་པས་རང་གི་སྨྲ་སྒོ་དྭངས་གཙང་སྒོམ། །
མཁས་པས་བླུན་པོ་དྭངས་གཙང་རང་དུ་མཐོང་། །
མདོར་ན་མཁས་དང་བླུན་དང་དམ་པ་སོགས། །
མི་ཡིས་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས། །
ཁག་ཅིག་ཕོ་མོའི་བརྩེ་དུང་དྭངས་གཙང་འཚོལ། །
ལ་ལས་གནས་དང་ཁོར་ཡུག་དྭངས་གཙང་འདོད། །
ལ་ཤས་བློ་དང་རིག་པ་དྭངས་གཙང་འཚོལ། །
བོད་ཀྱི་སྒོམ་ཆེན་དྭངས་གཙང་གནས་སུ་སྒོམ། །
རྒྱ་ཡི་ཐའོ་ཡོན་མིང་སོགས་དྲན་དབང་འགས། །
པིར་གྱི་རྩེ་མོས་དྭངས་གཙང་འཐུ་བར་མཁས། །
མདོར་ན་རྒྱ་སོག་བོད་ཧོལ་མི་རིགས་སོགས། །
འཇིག་རྟེན་མི་ཡིས་རང་བཞིན་གཅིག་ཡིན་པས། །
འདོད་པའི་དོན་ལ་སྲེད་པ་ཆགས་འདི་སྲོལ། །
གཞན་གྱིས་དྭངས་གཙང་འཚོལ་འདི་ཁྱད་མཚར་མཐོང་། །
མཐོང་ལ་ཡང་མཐོང་བོད་ཀྱི་སྙན་ངག་པས། །
སྙན་པའི་རོལ་མོས་དྭངས་གཙང་སྒྲུབ་ལ་ཞེན། །
ཞེན་ལ་ཡང་ཞེན་བརྗོད་བྱ་དྭངས་ཤིང་གཙང་། །
དྭངས་གཙང་ལྷ་ལམ་ཡུལ་གྱི་ཡང་སྟེང་ན། །
དྭངས་གཙང་གཟུགས་མཛེས་ལྷ་ཡི་བུ་མོ་ལ། །
དྭངས་གཙང་མཛའ་བའི་མཆོད་པ་འབུལ་ལ་ཞིང་། །
དྭངས་གཙང་མཆུ་དག་སྦྱོར་ན་དགའ་བདེས་ཚིམ། །
དོན་དུ་རྩོམ་གྱི་རྣམ་གྲངས་མཐའ་ཡས་ཀྱང་། །
དྭངས་གཙང་རླབས་ཕྲེང་གཡོ་བའི་རྩོམ་ལ་ཤས། །
འཁོར་བའི་གནས་དང་རྒྱང་ནས་གྱེས་པ་མཐོང་། །
རྩོམ་པོའི་ཞེ་སེམས་དྭངས་ཤིང་གཙང་པ་ལས། །
འོངས་པའི་བརྗོད་བྱ་དྭངས་ཤིང་གཙང་བ་འདི། །
ཆོས་དང་འཇིག་རྟེན་ཡོངས་ཀྱི་ཆོས་ཉིད་རེད། །
རེད་དེ་དུས་རབས་ཉེར་གཅིག་པ་ཡི་ཆར། །
རང་རེའི་བོད་ནི་ཨ་གསར་ཕྱོགས་ལ་ཤོར། །
ཤོར་ལ་ཡང་ཤོར་རྨོངས་པའི་རྒྱ་རུ་ཤོར། །
འདི་ནི་སྤྱི་ཚོགས་ཡོངས་ཀྱི་སྲོལ་དུ་ཆགས། །
དེ་བས་རྟོགས་ལྡན་བླ་མའི་གྲལ་རིམ་དང་། །
མང་ཐོས་བྱང་ཆུབ་མཆོག་གི་བདག་ཉིད་ཅན། །
ལྷག་ཏུ་ཤེར་ཕྱིན་དྲན་དབང་དམ་པ་དང་། །
སྙན་ངག་ལྷ་མོའི་གྲོགས་སུ་འཁུམས་མཛད་པའི། །
ཚུལ་འཆོས་སྙན་ངག་མཁན་པོ་ལ་སོགས་པ། །
མཁས་དང་བླུན་དང་ལྐུགས་དང་སྨྱོན་པ་སོགས། །
འཚོ་བའི་འདམ་དུ་ལྷུང་བ་གཅིག་ཡིན་པས། །
དུག་དང་འགྲོགས་ན་དུག་གི་ཁ་རླངས་དང་། །
སྨན་དང་བསྡེབས་ན་བདུད་རྩི་དྲི་བསུང་སོགས། །
ཁྱབ་པའི་ངེས་པ་མ་བཅོས་ལྷན་གྱི་ཆོས། །
འོན་ཏེ་དུས་དང་ཡུལ་གྱི་དྲི་མ་སོགས། །
མ་བགོས་རྩོམ་གྱི་གཟུགས་མཛེས་བུ་མོ་ཡི། །
དྭངས་གཙང་ཡིད་ཀྱི་རང་བཞིན་མཆོག་གྱུར་ཀྱང་། །
ལྷག་ཏུ་སྙན་པའི་ངག་སྦྱོར་མཆིས་ལགས་མོད། །
གང་དེར་འཇིག་རྟེན་པ་ཡི་ཆོས་མེད་པས། །
འདོད་པའི་རྦ་རླབས་མཁའ་ལ་འཕྱུར་ན་ཡང་། །
དེ་ནི་འཁོར་འདས་ལྷ་ཡི་བུ་མོ་ལྟར། །
ཡུལ་དུ་བྱོན་པའི་རྣམ་ཐར་རི་བོང་རྭ། །
དེ་བས་འཇིག་རྟེན་བུ་མོའི་བརྩེ་དུང་ཞིག།།
འདོད་པའི་བུ་ལ་སྦྱིན་འདི་སྣང་བ་ཙམ། །
པིར་གྱི་ཁ་ལོ་བསྒྱུར་བའི་རྩོམ་པ་པོས། །
ཕྲག་དོག་འཚུབ་མ་རྒོད་པོས་རབ་སྤུར་ཞིང་། །
འགྲན་རྩོད་ཁྲག་གི་འཁོར་ལོ་རབ་བསྐོར་བའི། །
གནའ་དུས་མི་ཡི་གཉུག་གཤིས་དྭངས་མ་ཡིས། །
བསྐྲུན་པའི་ཁོར་མོ་ཡུག་གི་རང་བཞིན་གྱི། །
གྲིབ་མ་ཙམ་ཡང་དབེན་པའི་དེང་དུས་ཀྱི། །
འགྲོ་ལུགས་སྡོད་ལུགས་སྤྱོད་ལུགས་ཀུན་གྱི་སྲོལ། །
དྲི་བྲལ་དྭངས་གཙང་ཕྱོགས་དང་རིང་གྱེས་ཀྱང་། །
རང་སེམས་སྣང་བའི་ཁམས་ལ་བྲོ་འབྱུང་ཆེད། །
རྩོམ་གྱི་ཚིག་ཟུར་རྩེ་ནས་དྭངས་གཙང་འཚོལ། །
སྙན་པའི་རོལ་མོ་འཁྲོལ་ནས་དྭངས་གཙང་འཐུ། །
འཐུ་ལ་ཡང་འཐུ་སྣང་བའི་ཁམས་སུ་འཕུར། །
སྣང་བའི་ཁམས་ནས་སྙན་ངག་བུ་མོ་དང་། །
འཇིག་རྟེན་བརྩེ་བའི་དུངས་བར་རྣམ་པར་རོལ། །
ལྷག་ཏུ་འཁོར་བའི་འདམ་གྱི་རྫིང་བུ་ལ། །
དྭངས་གཙང་གཡུ་ཡི་རགས་ཁ་བརྩིགས་པ་ཡི། །
རྩོམ་གྱི་བྱེད་པོ་འདི་རྣམས་ཨ་ཙ་ར། །
གང་དེ་རིག་པའི་གནས་ཀྱི་ཞིང་ས་ལ། །
མུ་གེའི་གདོན་གྱིས་བྲོ་ག་ལྡིང་ན་ཡང་། །
སྒྱུ་མའི་རྨི་ལམ་ཁམས་ཀྱི་ལོངས་སྤྱོད་ལ། །
བདེ་བར་ཆགས་པའི་ཞིང་པ་རྒན་པོའི་དཔེ། །
ཀྱེ་ཀྱེ་རྩོམ་གྱི་དབང་འཛིན་རྩོམ་པ་པོ། །
རྩོམ་གྱི་འབྱུང་ཁུངས་འཚོ་བ་ལགས་པ་དེ། །
གཟུར་གནས་དྲན་དབང་དམ་པའི་རྣ་བའི་ཟུར། །
ཕྲན་གྱིས་བརྗོད་ན་ཉན་ཐོས་སངས་རྒྱས་ལ། །
ཀ་ཁ་སློབ་པའི་ཚུལ་དུ་འགྲོ་ལགས་མོད། །
རིགས་ཀྱི་འཚོ་བའི་ཟློས་གར་སྟོངས་པའི་རྩོམ། །
རྩོམ་དེ་དྭངས་གཙང་སྟོངས་ཁམས་ཡངས་པོ་ན། །
ལྷོད་སེ་འཁོར་བའི་རྒྱལ་མཚན་ཁོག་སྟོང་དང་། །
མཛེས་ཀྱང་དཀར་དམར་གཏོར་མའི་གཟུགས་ཙམ་ལགས། །
དེ་ཕྱིར་དྭངས་གཙང་རྩོམ་པའི་རྩོམ་པ་པོ། །
རྩོམ་གྱི་དྭངས་གཙང་སྣང་བའི་ཞིང་ཁམས་ནས། །
ལན་གཅིག་རིགས་ཀྱི་འཚོ་བར་ཞུགས་སུ་གསོལ། །
                                           2012ལོའི་ཟླ10བའི་ཚེས13ཉིན་བྲིས།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།