ཆབ་མདོ་དབང་ཆེན་ཉི་མའི་རྩོམ་རིག་འགའ་བཀོད་པ།

རྩོམ་པ་པོ།:དབང་མདའ་ཉི་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-01-29 09:42:00 ཀློག་གྲངས།:
        ཉིན་གུང་།
སྤྲིན་དཀར་གྱི་ལྷ་མོའི་སྐུ་བརྙན་ལྷ་ལམ་གྱི་ལྷུམས་སུ་འཁྲུངས་དུས། །
མཛེས་སྡུག་གི་རི་རྒྱལ་ལྷུན་པོས་བརྟན་བརླིང་གིས་ཉམས་ཤིག་བསྟན་ཅིང་། །
རྨོན་མཛོ་ཡི་གཉའ་བ་ཧྲེང་ཧྲེང་རྨོ་ཞིང་གི་ཐང་དུ་དཔྱངས་དུས། །
སོ་ནམ་གྱི་ལས་ལ་འཇུག་པའི་རྒད་པོ་ཡི་གཏམ་རྒྱུད་འཁྲུངས་སོང་། །
        ས་སྲོད། 
ངུར་སྨྲིག་གི་མཚམས་སྤྲིན་དམར་སེར་ཆུ་ལྷ་ཡི་ཕང་བར་འཛུལ་དུས། །
གཡོས་སྦྱོར་གྱི་དུ་ཞགས་སྔོན་མོ་ཨ་སྔོན་གྱི་དགུང་དུ་འཐེན་ཅིང་། །
སྒོ་ཁྱི་ཡི་ཟུག་སྐད་རིང་མོ་སྡེ་མཐའ་རུ་ར་མདར་ཆས་དུས། །
ནོར་ནག་གི་སྐྱུག་ལྡད་ཞིམ་ཁ་ལྷས་ར་ཡི་ཕྱོགས་སུ་འཐོར་བྱུང་། །
        མཚན་མོ།
དཀར་གསལ་གྱི་དུང་ཟླ་སྒོར་མོས་མི་ཡུལ་ལ་སོ་ལྟ་བྱེད་དུས། །
ཁྱོ་ཤུག་གི་སྙིང་གཏམ་དྲོན་མོ་ཟླ་འོད་ཀྱི་གུར་ཁང་དུ་བསྐྱིལ་འདུག །
ཁུ་སིམ་གྱི་གཡང་སྡེ་ཕྱུག་མོ་རྨི་ལམ་གྱི་ཁམས་སུ་འགྲིམས་དུས། །
རྒྱང་རིང་གི་འཁྱམ་བུའི་མིག་ཆུས་སྙན་ངག་པའི་སྨྱུག་རྩེ་བརླན་སོང་། །
 

འབྲལ་ཁ་མའི་སྙིང་གཏམ།

འདོད་ཁམས་དགའ་སྐྱོ་འདྲེས་མའི་གཞུང་དུ་ནི། །
འདོད་ཆགས་དགའ་བདེའི་ལས་ནི་མང་མཆིས་ཀྱང་། །
འདོད་མ་ཁྱོད་ལ་འདོད་པའི་བདག་གི་སེམས། །
འདོད་མོས་བསླུ་བྲིད་གང་གིས་བྲན་དུ་བཀོལ། །
 

འདོད་ཀྱིས་ལུས་སེམས་སྡུག་ལ་སྦྱར་ན་ཡང་། །
འདོད་སེམས་དྭངས་མ་ཆོས་ཀྱི་རྒྱལ་པོ་ལ། །
འདོད་པའི་ལྟུང་བ་སྲོག་གིས་བཤག་དགོས་ཀྱང་། །
འདོད་ཅན་བདག་ལ་ཞུམ་པ་ཡེ་མ་འཚལ། །
 

ཡིད་ཀྱི་ནེམ་དྲོད་འཕེལ་བའི་གཡང་གི་ཁྲིར། །
ཡིད་འཛིན་ཁྱོད་ནི་གཏན་དུ་བཞུགས་ལགས་མོད། །
ཡིད་ཀྱི་ཕྱི་ནང་བརླན་པའི་སྙིང་གཏམ་ཞིག །
ཡིད་འཁྲེང་བདག་ལ་མེད་འདི་ཅི་འདྲའི་སྐྱོ། །
 

ཡིད་ཀྱི་ཟེའུ་འབྲུར་ཆགས་པའི་ཁྱོད་ལ་ནི། །
ཡིད་ཤེས་སྲོག་གི་དབང་པོ་ལྡན་ཡོད་ན། །
ཡིད་ཀྱི་རེ་སྒུག་ཡུལ་དུ་བྱོན་ལ་ཤོག །
ཡིད་ཀྱི་དགའ་བ་སྟོང་གིས་བསུ་རན་ཡོད། །
 

དུས༷་ཀྱི་དང་པོར་ཁྱོད་དང་འཕྲད་ནས་བཟུང་། །
དུས༷་ཀྱིས་དྲུད་པའི་བདག་གི་ཡོད་ཚད་ཀུན། །
དུས༷་འགྱུར་ཆར་གྱིས་བྲན་མེད་དེ་རིང་བར། །
དུས༷་ཀྱི་དང་པོ་བཞིན་དུ་ཁྱོད་ལ་དུངས། །
 

དུས༷་ཀྱི་རྒྱལ་པོ་བཞི་ལྔ་ཙམ་གྱི་རིང་། །
དུས༷་གསུམ་ཀུན་ཏུ་གདུང་བ་སེམས་ཀྱིས་བསྲན། །
དུས༷་ཀྱི་མཐའ་མར་ཁྱོད་དང་འབྲལ་ཁ་དེར། །
དུས༷་མཐའི་སེམས་སུ་ཁ་བ་བསྟུད་མར་བབས། །

རིག་འཛིན་སྒྲོལ་མར་བསྟོད་པ་ལྷག་བསམ་ཡིད་ཀྱི་མཆོད་པ།

རིག་བྱེད་ངག་གི་འགྱུར་ཁུགས་གྲོལ་བ་ལས། །
འཛིན་གཟུང་ཟུང་གི་ཡོན་ཏན་མངོན་པར་གསལ། །
སྒྲོལ་བྱེད་ཉི་མའི་དགའ་མ་འཁུམས་མཛད་པ། །
མ་མ་འདི་ནི་རིག་འཛིན་སྒྲོལ་མ་ལགས། །
 

ཚོགས་གཉིས་མཚོ་མོ་འཁྱིལ་བའི་གཡང་གི་ས། །
ས་འཛིན་བྱ་དཀར་ལྷུན་པོའི་དབུ་འཕང་མཐོ། །
མཐོ་གཞོང་དཔའ་རིས་སྐྱིད་པའི་ཞིང་ཁམས་ན། །
ན་ཆུང་གླུ་མ་གང་དེའི་སྐྱེས་སྟོབས་འབར། །
 

དབྱངས་གསལ་ངག་གི་འགྱུར་ཁུག་སྙན་མོ་ཡིས། །
ཡ་མ་བརླ་ཡི་སྒྲ་དབྱངས་ཟིལ་གནོན་ཅིང་། །
ཁྲི་ཤོར་རྒྱལ་མོའི་རླབས་ཀྱི་གདེངས་ཀའི་རྩེར། །
ཕ་སྐད་དུང་གི་དབྱངས་རྟ་བག་གིས་འཁྲོལ། །
 

སྤྱིར་ན་དབྱངས་ཀྱི་རོལ་བ་སྒེག་མོ་དེའི། །
སྒེག་ཆོས་བསྟོད་པའི་ངལ་བ་མ་བྱེད་ཀྱང་། །
མཛེས་ལས་ཡང་མཛེས་ལས་དང་བསམ་པའི་དཔལ། །
མཁའ་ཉལ་ལྷ་ཡི་ཚོགས་ལས་རྣམ་པར་འགོངས། །

སྨན་ཆུང་བུ་མོ།

ཕྲ་ལྡེམ་ལུས་ཀྱི་སྟངས་ཀ་པད་དཀར་འདབ་བརྒྱར་གྲོལ། །
མཉེན་འཇམ་སོར་མོའི་རེག་བྱ་སྤྲིན་དཀར་ཕྱུག་མོའི་འཇམ། །
འཛུམ་རིས་ལྷག་བསམ་དཀར་པོའི་རླབས་ཀྱི་ཟེགས་མ་རུ། །
མ་བཅོས་ལྷུན་དུ་ཆགས་པའི་ཡིད་ཀྱི་རང་གཤིས་སྦས། །
 

བཅུ་དྲུག་ལང་ཚོའི་ཟུངས་ཀྱིས་སྐྱེ་འབྲས་ཉིན་བཞིན་བརྟས། །
བརྟས་ཡང་གཉུག་གནས་ཡིད་ཀྱི་ཁ་དོག་གསེར་གྱི་སྤུན། །
གསེར་གྱི་སྤུན་དུ་འཁུམས་པས་བརྩེ་དུང་རིན་གྱི་ཐང་། །
ཐང་ཉུལ་འཁྱམས་པོ་ཞིག་གིས་གཞལ་བའི་རྣམ་ཐར་སྟོངས། །
 

སྙིང་གཏམ་སྙིང་གི་གེ་འུར་བརྩེ་བའི་སེམས་ཀྱིས་སྦྲུམ། །
ནམ་ཞིག་སྙིང་གཏམ་ཆང་གི་བདུད་རྩི་འཇོ་བའི་དུས། །
རྒྱལ་ཡུམ་ཏཱ་རེས་གནང་བའི་ལུང་གི་དངོས་གྲུབ་བཞིན། །
སྐྱེ་འགྲོའི་ཡིད་ཀྱི་ཕོ་ཉ་དགའ་བདེའི་དཔལ་གྱིས་མྱོས། །


སྙན་པའི་དབྱངས་ཀྱི་འགྱུར་ཁུག་ངག་ཏུ་གྱེར་བ་ན། །
མཛེས་པའི་ཉམས་ཀྱི་འཕྱོར་མོ་ལུས་ཀྱིས་ལྡེམ་སེ་ལྡེམ། །
བདེན་དོན་ཚིག་གི་རྡོག་པོ་ཡིད་ཀྱིས་བཤམས་ཙ་ན། །
ང་ཡི་སེམས་ཀྱི་བརྟན་པ་གླུ་ཡི་ཁོངས་སུ་འཕྱོ། །
 

འཁོར་བའི་རིན་ཆེན་ནོམ་པར་ཆགས་པའི་འདོད་པ་ནི། །
ཟླ་བའི་འཕེལ་འགྲིབ་བཞིན་དུ་རྟག་པ་སྒྲུབ་ན་ཡང་། །
དམན་ཆུང་བུ་མོ་འདོད་པའི་སེམས་ཀྱི་བརྟན་པ་འདི། །
ཇི་སྲིད་བསྐལ་པ་མ་སྟོངས་བར་དུ་ནམ་མཁའི་སྤུན། །

དབྱངས་ཅན་མར་བགྲོ་བའི་སྙིང་གཏམ།

སྙན་ངག་མཁན་པོས་སྨྱུག་ཁ་རྩེ་མོ་ཡིས། །
སྙན་ངག་རླབས་ཕྲེང་རྒོད་པོའི་གདེངས་ཀའི་རྩེར། །
སྙན་ངག་དབྱངས་ཀྱིས་བཏེགས་པའི་དབྱངས་ཅན་མ། །
སྙན་ངག་མཁན་པོའི་བདག་མོ་ཕྱག་གི་ཡུལ། །
 

སྙན་སྙན་མཚོ་མོ་འཁྱོམས་པའི་སྒྲ་དབྱངས་དེ། །
སྙན་སྙན་འདོད་དུ་འཚོལ་བའི་ཚངས་དཀར་གྱི། །
སྙན་སྙན་འདོད་དུ་འཇོ་བས་དགའ་བདེ་ལས། །
སྙན་སྙན་སྙན་ངག་ལྷ་མོ་གང་དེར་བྱོན། །
 

ཀྱེ་ཀྱེ་རིག་པའི་གཏེར་ལ་དབང་མཛད་པའི། །
སྙན་འཇེབས་དབྱངས་ཀྱི་བདག་མོ་དབྱངས་ཅན་མ། །
ཐུགས་བརྩེའི་གསུང་དབྱངས་སྙན་མོ་རབ་འཁྲོལ་ཏེ། །
ཐུགས་ཀ་ན་ཟུག་དག་ལ་རློབས་སུ་གསོལ། །


འཇིག་རྟེན་སྒྱུ་མའི་ལྟད་མོར་སུན་སྐྱེས་ཤིང་། །
ལྷག་ཏུ་ཁེར་གདུང་སེམས་པ་ཟླ་བའི་གཟུགས། །
གྲོགས་མེད་ཁེར་དུ་འཁྱམས་པའི་ང་ཡི་ཟླར། །
ཟླ་བའི་སྲིང་མོ་ཁྱོད་ཉིད་ཕེབས་པར་མཛོད། །
 

ཤེས་དམན་བུ་རང་ས་མཐའི་ཡུལ་དུ་འཁྱམས། །
བས་མཐར་མིག་ཆུའི་ཕྲེང་བ་ངག་གིས་བགྲང་། །
བགྲང་བྱ་དུ་མའི་མིག་ཆུར་སིམས་མཛད་པ། །
ལྷ་མོ་དབྱངས་ཅན་ཉིད་ལས་གང་ན་ཅི། །
 

དེ་ཕྱིར་མཚུངས་མེད་ངག་དབང་ལྷ་མོ་ཁྱོད། །
རིགས་ཞེན་ཁྲག་གི་མིག་ཆུ་མིད་པ་ཡིས། །
སྨྱོན་པ་བདག་གི་བྱང་ཁོག་མཚོ་མོའི་གཏིང་། །
སྙན་འཇེབས་དབྱངས་ཀྱིས་བདེ་བ་སྩོལ་ཏུ་གསོལ། །

“མ”ཡིག་དང་འབྲེལ་བའི་འབེལ་གཏམ་དགུ་རྡུང་མ།

མ་གཅིག་བྲག་སྲིན་མངལ་ལས་མཆེད་པའི་གངས་རིའི་སྤུན། །
མ་འབྲི་སེམས་སུ་བསྙལ་བའི་གཏམ་གྱི་ལོ་ཆང་གན། །
མ་བཅོས་ལྷག་བསམ་ཚིག་གི་ཕོར་པར་ཡོངས་དྲངས་པས། །
མ་གཡེངས་བདག་གི་གམ་དུ་འདི་ཀོ་འཐུང་ལ་ཤོག །
མ་མ་པང་དུ་འཚོ་བའི་དུས་ནི་མ་ཡིན་པས། །
མ་ནུའི་བཅུད་ལ་འདོད་པའི་སྐབས་ནི་དེ་བས་ཀྱང་། །
མ་དང་གྱེས་ནས་ས་མཐའ་ཡུལ་དུ་གྱར་བ་འདི། །
མ་འོངས་སོ་སོའི་མདུན་ལམ་འཚོལ་བ་ཤེས་སུ་འཇུག །
མ་ཕམ་གཡུ་མཚོའི་ཁ་རུ་ངང་པས་ངང་ཕྲུག་ཁྲིད་ན་ཡང་། །
མ་རྟག་དུས་སྐབས་ཤིག་ལ་གཏན་བྲལ་ཆོས་ཉིད་བཞིན། །
མ་ལོ་ཚེ་ཡི་རྒྱུན་ཐག་གཤིན་རྗེས་བཅད་པའི་དུས། །
མ་ཡི་རྒྱུན་དེ་འུ་སྐོལ་འཛིན་སྐྱོང་སྤེལ་དགོས་ཚེ། །
མ་ལུས་གནས་ལྔ་རིག་པའི་གཞུང་གི་དགའ་མ་འདི། །
མ་ལྷོད་རྟག་གུས་བརྩོན་པས་རུམ་དུ་འགུག་ཐུབ་ན། །
མ་མཐར་ན་ཡང་ཚེ་གཅིག་འགྲོགས་པའི་སྐྱ་ཡ་ཞིག །
མ་འོངས་འཚོ་བ་བསྐྱངས་པའི་ལས་ཀྱི་གྲོགས་སུ་འབབ། །
མ་དག་སེམས་ཀྱི་བྱུང་བ་ཅི་དང་གང་བྱུང་ཡང་། །
མ་འདུས་གང་ཡང་མེད་པའི་རིག་པའི་དགའ་མ་ལ། །
མ་མགུ་ཡིད་ཀྱི་སྡང་བས་ཡེ་ནས་མི་གཙེས་པར། །
མ་མོས་ལུ་གུར་དུངས་བཞིན་སེམས་ཀྱི་བརྟན་པ་འདི། །
མ་ལུས་ཁོ་ལ་བཅོལ་ན་ཕུགས་ཀྱི་རེ་བ་འགྲུབ། །
མ་གཞི་འཇིག་རྟེན་འཁོར་བར་མཛེས་མ་མང་ལགས་མོད། །
མ་ཡི་ལྷུམས་ནས་མི་ཡི་ཡུལ་དུ་ལྷུངས་བའི་རྗེས། །
མ་གྱུར་འགྲོ་དྲུག་ཀུན་ལ་བྱམས་པ་རིས་མེད་པའི། །
མ་བཅོས་སེམས་ཀྱི་ངོ་བོར་གྱུར་པའི་ཁོང་ཉིད་ལས། །
མ་གཏོགས་འདོད་མ་གཞན་ཞིག་ཁོ་བོས་མ་མཐོང་བས། །
མ་མ་ཁོང་ནི་འདོད་རྒུ་སེམས་ཀྱི་འདོད་མ་དང་། །
མ་རིག་མིག་གི་དབང་པོ་སྦྱིན་པའི་ཏཱ་རེ་མ། །
མ་ཐོས་སྒྲ་འཛིན་སྒོ་མོ་ཕྱེ་བའི་མཚོ་བྱུང་མ། །
མ་འདིས་བདག་གི་འདོད་ཡོན་ལྔ་བོར་བདེ་སྟེར་བས། །
མ་ལུས་ཡིད་ཀྱི་དང་བ་རྣལ་མ་ཁོ་ལ་བཅོལ། །
མ་དང་ཁྱད་མེད་ལྔ་རིག་གཞུང་གི་གཟུགས་མཛེས་མ། །
མ་གཞི་སྲོག་གི་དབང་པོ་མེད་པའི་གང་ཉིད་ནི། །
མ་ལུས་བདེན་དོན་རྟོགས་པའི་དྲན་དབང་ཕ་དང་ནི། །
མ་འཁྲུལ་བརྡ་ཡི་དབང་འཛིན་ལོ་ཙཱ་དྲིན་ཆེན་མས། །
མ་ནུའི་བཅུད་དང་ཡབ་ཆེན་ཁྲག་གིས་སྐྱེད་ལགས་ཤིང་། །
མ་གཅིག་མི་རིགས་འདི་དང་མཉམ་དུ་ནར་སོན་པས། །
མ་བརྫུས་ལོ་རྒྱུས་སྟོང་གི་རྨ་ཁ་སྙིང་ལ་གཟན། །
མ་ཟད་འབྱུང་འགྱུར་དཔོག་པའི་མཁྱེན་པ་ལ་སོགས་པ། །
མ་ལུས་འཇིག་རྟེན་ཁམས་ཀྱི་འདུས་བྱས་ཡོངས་རྟོགས་པས། །
མ་མ་འདི་ནི་གདོང་དམར་རིགས་ཀྱི་བླ་སྲོག་དང་། །
མ་ཡུམ་མེས་རྒྱལ་ཆེན་མོའི་མཚར་སྡུག་འོད་སྣང་ཡིན། །
མ་དེའི་རུས་ལས་མཆེད་པའི་གངས་ཅན་སློབ་བུ་ཀུན། །
མ་གྲོས་གཅིག་ཏུ་མཐུན་པའི་བརྩོན་པའི་ངར་སྐད་དང་། །
མ་ཞིག་མཐུན་སྒྲིལ་ལག་རྡང་གཅིག་ཏུ་སྦྲེལ་ནས་ནི། །
མ་སྐད་ཕ་ཡིག་གསོན་པོའི་བུ་མོར་དུངས་དང་ཀྱེ། །

རིག་གནས་ཀྱི་ཞིང་ས་སྐྱོང་བའི་གྲོས་འདེབས།

གངས་ཅན་རིག་པའི་གཏེར་གྱི་ལྷ་ལམ་དུ། །
རིག་འཕྲུལ་གར་གྱི་སྟངས་སྟབས་ངོམས་ལ་ཞིང་། །
མཛད་འཕྲིན་ཉི་ཟླ་ཟུང་གི་དཔལ་བཀྲ་བའི། །
སྔོན་བྱོན་མཁས་དབང་རྣམས་ལ་ཕྱག་འཚལ་ལོ། །
འཆད་དང་རྩོད་པའི་རིག་པ་ཕྲ་ན་ཡང་། །
དུངས་ཞེན་རླབས་ཀྱིས་མཚོ་མོ་སྐྱོམས་དྲག་པས། །
རིག་པའི་ཞིང་ས་སྐྱོང་བའི་གྲོས་འདེབས་ཤིག།།
རྩོམ་པའི་ཆོད་སེམས་བརྟན་པོ་མཁའ་ལ་འཕྱོ། །
དེ་ཕྱིར་རིགས་ཀྱི་བུ་དང་བུ་མོའི་ཚོགས། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།