ཆབ་མདོ་དབང་ཆེན་ཉི་མའི་རྩོམ་རིག་འགའ་བཀོད་པ།
ནོར་དཀར་གྱི་ཕ་ས།
གླུ་མ་རིག་འཛིན་སྒྲོལ་མའི་མཛད་འཕྲིན་ལ་བསྟོད་གླུ་ལེན་པ།
དབང་མདའ་ཉི་མ། ཆབ་མདོ།
ཉེར་གཅིག་དུས་ཀྱི་དཀྱོག་མཚམས་འདིར། སྨན་ལྗོངས་གངས་རི་ར་བའི་་མཁའ་ལམ་ཡངས་པོ་ན། རུལ་སུངས་ཀྱི་སྨུག་པ་ལང་ལོང་འཁྲིགས་ཤིང་། ཚུལ་འཆོས་ཀྱི་འཚུབ་མ་རྒོད་པོ་ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་གཡུག་འགོ་རྩོམ། ལྟོས་དང་། ཨ་གསར་གྱི་བསླུ་བྲིད་འཕྱོན་མ་གཅེར་བུར་རྒྱུ་ཞིང་། དཔའ་བརྟུལ་གྱི་སྟག་ཤར་བག་འཁུམས་ཀྱི་གཉིད་དུ་ཤོར་བས། མཛེས་སྡུག་གི་གངས་དཀར་ལྷུན་པོ་མག་མོག་ཏུ་གྱུར་ལ། ཕ་མེས་ཀྱི་རེ་བཞག་གོར་མོ་འདམ་དུ་ཐིམས། ད་དུང་། ཕ་སྐད་ཀྱི་དབྱངས་རྟ་སྙན་མོའང་དཔྱིད་མཇུག་ཁུ་ལོའི་གྲེ་བ་བཞིན་འགག་ལ་ཉེ་དུས། གངས་ལྗོངས་ཀྱི་བུ་རྒྱུད་དུ་འབོད་པའི་སོ་དཀར་གྱི་ན་གཞོན་འགའ་ཤས་ཤོ་དང་རྒྱན་ལ་མགོ་བོ་འཁོར་ཅིང་། ལོ་རྒྱུས་ཀྱི་མཁན་པོ་རུ་འདོད་པའི་མགོ་དཀར་གྱི་རྒན་པོ་འགའ་ཤས་ཕྱི་མའི་ལམ་རྒྱགས་་་་འཚོལ་བར་ཕྱོགས། ད་དུང་རྣམ་དཔྱོད་ཀྱི་བློ་མིག་གསལ་བའི་ཤེས་ལྡན་པ་ཁ་ཤས་དང་། རྩོམ་པ་པོ་འགའ་ཤས། སྒྱུ་རྩལ་བ་ལ་ལས་སྙན་ངག་བུ་མོའི་འགྲམ་པར་མཆུ་ཏོ་སྦྱོར་ཅིང་། ཉིན་མཚན་ཀུན་ཏུ་རྣམ་རྟོག་ཅིག་གི་ཁུགས་སོ་ནས་དྭངས་གཙང་གི་སེམས་པ་ཞིག་དང། སྙན་ངག་གི་བཟི་ཁ་ཞིག བུ་མོའི་བརྩེ་དུང་ཞིག་ལག་པས་སྙོབ་གང་ཐུབ་དང་། ལུས་པོས་རེག་གང་ཐུབ་བྱེད་པ་ལས། ཕ་སྐད་ཀྱི་ཆག་འཇིགས་ནི་ཁོ་ཚོ་ལ་མཚོན་ན། དྲག་ཆར་ཅི་ཙམ་འབབ་ཀྱང་སྦྲ་ཡི་སྟེང་དང་། ཤྭ་འོད་ཅི་ཙམ་རྒྱུག་ཀྱང་རོང་པའི་གྲོག་ལྟར་རེད། དེར་བརྟེན། སྐད་ཆ་ཚིག་གཅིག་སྙད་དུས། ཁྱོད་ཀྱི་ཁ་ཁུགས་ཀྱི་གསང་བ་ཞིག་ནས་ཕ་སྐད་ཀྱིས་དངན་པ་རིང་པོ་རེ་ཤོར་ཅིང་། གོམ་ཁ་གང་རེ་སྤོ་དུས། ཁྱོད་ཀྱི་གོམ་པའི་བར་མཚམས་ཀུན་ན་ཡབ་མེས་ཀྱི་རྣམ་ཤེས་ན་ཟུག་གིས་མནར། ཀྱེ་མ་ཀྱི་ཧུད། ཕ་སྐད་བུ་མོའི་ངུ་ངག་གི་བྲག་ཅ་གངས་རི་ལ་འཁོར་ཀྱང་། མཛེས་སྡུག་གི་གངས་རི་ལྷུན་པོ་བརྗིད་ཀྱིས་འགྱིང་འདུག་ཨང་།
འོན་ཀྱང་། འབྲི་མོ་དུང་ཆུང་དཀར་མོའི་ངུར་དབྱངས་སྙན་ས། ཆུ་བོ་འཇུ་ལག་རིང་མོའི་རླབས་ཕྲེང་བརྩེགས་ས། གནས་རི་བྱ་དཀར་ལྷུན་པོའི་རླུང་རྟ་འཕུར་ས། ངག་རྒྱུད་དུ་བཙན་པོའི་གདུང་རབས་ཀྱི་རྒྱུད་པ་འཁྲུངས་ས་རུ་འདོད་པའི་དཔའ་རིས་་་་གཡང་གི་གཞིས་ཁྱིམ་དྲོན་མོ་རུ། ཕ་སྐད་ཀྱི་དབྱངས་རྟ་གསལ་ལ་སྒྲ་དབྱངས་ཀྱི་འགྱུར་ཁུག་སྙན་པའི་གངས་ཅན་བོད་ཀྱི་ཕ་སྐད་ཀྱི་གླུ་མ་གྲགས་ཅན་རིག་འཛིན་སྒྲོལ་མའི་་་་་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་ངག་དབང་གི་ཕུན་ཚོགས་ཆར་ལྟར་བསྙིལ་ཅིང་་་་་་་་འབྲུག་ལྟར་ལྡིར་བའི་དུས་ནས་བཟུང་། ནམ་མཁའ་འདི་སྔོ་ཞིང་དྭངས་ལ་སྤྲིན་དཀར་གྱི་མེ་ཏོག་ལྷུག་པོར་བཞད་མགོ་རྩོམ། རེད་ལགས། དཔའ་རིས་གཡང་གི་ར་བ་ནས་ཁོ་མོའི་གི་ལང་ཚོའི་མེ་ཏོག་གསར་དུ་བཞད་པ་ནས། ལྷག་བསམ་དཀར་པོས་གངས་དཀར་ཏི་སི་བསྒྲོན་ཅིང་། སྒྲ་དབྱངས་སྙན་མོས་ཁྲི་ཤོར་རྒྱལ་མོ་འཁྱོམས། སྟོད་ཀྱི་གངས་དཀར་ཏི་སིའི་གཟི་མདངས་ཁྲོད་ནས། སྨད་ཀྱི་ཁྲི་ཤོར་རྒྱལ་མོའི་རླབས་ཕྲེང་ཀློང་ནས་ཁོང་གིས་ང་ཚོའི་མིག་གི་དགའ་སྟོན་དུ་འབུལ་བ་ནི་སྐྱེ་འབྲས་ཀྱི་མེ་ཏོག་རྐང་གཅིག་དང་། རྣ་བའི་བདུད་རྩི་རུ་དྲངས་པ་ནི་ཕ་སྐད་ཀྱི་དབྱངས་རྟ་སྙན་མོ་རེད་ལ་དབྱངས་གསལ་གྱི་སྒྲ་དབྱངས་གསོན་པོའང་རེད།
གཟིགས་དང་། དུས་རབས་ཀྱི་གར་སྟེགས་མཐོན་པོའི་གདེངས་ཀའི་རྩེར། བཙན་པོའི་གདུང་རྒྱུད་དུ་སྐྱེས་པའི་བུ་མོ་དེས་ཕ་མེས་ཀྱི་མགོ་བོ་མཐོན་པོ་དགུང་དུ་་་་་བཏེགས་ཤིང་། ལ་རྒྱའི་དབུ་སྐྱེས་ལྕང་ལོ་ཉིལ་ལེར་འཕྱངས། ད་དུང་། ཕ་སྐད་དབྱངས་ཀྱི་སྒྲ་གདངས་ཀྱི་འགྱུར་ཁུག་ཀློང་ནས་མི་རིགས་ཀྱི་བླ་སྲོག་སྙོར་ལ། འབྱུང་འགྱུར་གྱི་ལམ་སྣ་འདྲེན། ཨཱ་ཨཱ། སྙན་ཞིང་འཇེབས་པའི་གླུ་སྒྲ་རེ་རེ་དང་། དྭངས་ཤིང་གཙང་བའི་དབྱངས་གསལ་གྱི་འདོན་རྟ་རེ་རེ་ནི། དཔྱིད་གསུམ་གྱི་སྦྲང་ཆར་ཟིལ་མ། སྟོན་གསུམ་གྱི་ལྟེང་ཀ་དྭངས་མ། དབྱར་གསུམ་གྱི་མེ་ཏོག་མཛེས་ལྡན་དང་དགུན་གསུམ་གྱི་ཁ་བའི་མེ་ཏོག་གི་རྗེས་སུ་འབྲངས་ཤིང་ཟླ་བོར་འཁུམས། རེད་ཡཱ། སྦྲང་ཆར་གྱི་ཟིལ་མའི་ཐིགས་པ་དང་། བདུད་རྩི་ཡི་ལྟེང་ཀ་དྭངས་མ། བསུང་ཞིམ་གྱི་མེ་ཏོག་མཛེས་ལྡན་དང་རྣམ་དཀར་གྱི་ཁ་བའི་མེ་ཏོག་བཅས་ནི་ཁྱོད་ཀྱི་སྙིང་གི་རྩ་ལམ་དུ་འཁྱིལ་བའི་ལྷག་བསམ་གྱི་ཁྲག་རྒྱུན་དམར་པོ་དང་། ཁྱོད་ཀྱི་ཡ་ཆུང་སེམས་པའི་སྟོད་སྨད་ཀུན་ཏུ་ནམ་ཡང་འཕྱོ་ཡང་འཕྱོ་ལ། ཀུན་ཏུ་ཡོམ་ཞིང་ཡོམ་པའི་སེམས་བསྐྱེད་ཀྱི་བདག་ཉིད་ཆེན་པོ་ལགས།
ནོར་དཀར་གྱི་ཕ་ས། ཁྱོད་སེམས་ཀྱི་རྒྱབ་རྟེན། སྟོད་ན་ཤིན་ཅང་བྱེ་མའི་ཟེགས་མ་རླུང་གིས་སྤུར་ཅིང་། སྨད་ན་ལན་དྲུག(兰州)རྨ་ཆུ་བུ་མོ་ལྷུང་ལྷུང་སྒྲ་ཡིས་དེད། ཨེ་མ། སྟོད་སྨད་གཉིས་ཀྱི་བར་མཚམས་སུ། ཁམས་འདྲི་གྲོག་ལོ་ཡིན་མོའི་ཤིས་པ་སྔུན་དུ་བཏང་ཞིང་གྱེས་ཁར་ལམ་པ་དཀར་རོའི①ཁ་གཡང་ཚིག་ཏུ་འབོད་པའི་རིགས་རྒྱུད་ཚོ་པའི་གནས་ཡུལ་དང་། རྒྱན་དུ་དཔའ་རྒོད་གཡུལ་ལ་ཞུགས་པའི་དྲག་ཆས་ལུས་ལ་ཀླུབས་པ་བཅས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་། ཡུལ་སྲོལ་ཀུན་དང་མི་འདྲ་བའི་ཞིང་ཁམས་འདི་ནི་ཁྱོད་ཀྱི་ཕ་ས་ཕ་ཡུལ་ཡིན་ལ། ཁྱོད་ཀྱི་གླུ་སྐད་ཀྱི་འགྱུར་ཁུག་རྙེད་ས་དང་། ཁྱོད་ཀྱི་སྐྱོ་གདུང་གི་མིག་ཆུ་བཞུར་སའང་ཡིན། གང་ལ་ཞེ་ན། ངག་རྒྱུད་དུ་དཔའ་རིས(天祝)ཞེས་པའི་མིང་གིས་འབོད་པའི་ཡུལ་ལུང་འདི་ནི་རྒྱ་བོད་ཀྱི་བཞི་མདོ་རུ་ཆགས་ཤིང་། གནས་འདིར་མི་ཚོགས་ཀྱི་འདུ་ལོང་ཁོལ་ཁོལ། བརྡ་སྤྲོད་ཀྱི་སྐད་བརྡ་ཁ་ཁ། ཚོང་གཉེར་གྱི་དོན་མཐུན་འདུར་འདུར། དཔལ་འབྱོར་གྱི་མཚོ་མོ་རྒྱས་རྒྱས། འོན་ཀྱང་། མི་ཚོགས་བརྒྱ་ཡི་གྲིབ་མའི་ངོགས་དང་། གོམ་པ་སྟོང་གི་འབབ་ཐང་འོག སྐད་བརྡ་ཁྲི་ཡི་སྒྲ་དབྱངས་ཀློང་ནས། གངས་རི་དཀར་པོའི་གླུ་དབྱངས་ཀྱང་ཡིན་ལ་གངས་དཀར་ལྷུན་པོའི་ཁྲག་རྒྱུན་དང་བླ་སྲོག་ཀྱང་ཡིན་པའི་ཕ་་་་སྐད་འདི། འདི་ལྟར་སྐད་ལུགས་ཤིག་གི་སྨུག་པས་བསྒྲིབས་ཤིང་། འདི་ལྟར་འདུ་ཤེས་ཞིག་གི་འཚུབ་མས་གཡོགས། ཀྱི་ཧུད། དཔའ་རིས་གཡང་གི་ར་བའི་གྲོག་རོང་ཞིག་ནས། ཕ་སྐད་ཀྱི་མི་བཟོད་སྡུག་གི་ངུ་འབོད་ཤོར་ཅིང་། མི་མཐོང་ལྟག་གི་གསང་བའི་འཇིག་རྟེན་ན། ཕ་སྐད་ཀྱི་མི་མཇེད་སྐྱོ་བའི་མིག་ཆུ་ཕྲུམ་ཕྲུམ་བཞུར། འོན་ཀྱང་། སྨུག་པོ་གདོང་གི་མདངས་ནི་སྔར་བཞིན་མི་ཚོགས་ཀྱི་གྲིབ་མའི་ཀློང་ནས་འཁོར་སེ་་་་་་འཁོར་ལ། དྲག་པོ་བཙན་པོའི་གདུང་རྒྱུད་འགའ་ཡང་ཁྲོམ་རའི་ཟིང་ཆ་ཀློང་ནས་ཡིབ་སེ་ཡིབས། ཕ་སྐད་ཨཱ། ཕ་སྐད། ཁྱོད་རང་འདི་ལྟར་མི་འདོད་དུཿཁཱས་གཟིར་ཀྱང་། གནས་འདི་རུ། གནས་རི་བྱ་རྒྱལ་ལྷུན་པོའི་དབུ་འཕང་སྔར་བཞིན་མཐོ་ལ། འབྲི་མོ་དུང་ཆུང་དཀར་མོའི་ངུར་དབྱངས་སྔར་བཞིན་སྙན།
ཁ་སང་སྟེ། གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཁ་སང་། ཕྱི་ནང་གི་འབྱུང་བཞི་སྙོམས་པའི་ཁ་སང་གི་ཉིན་མོར། མདོ་སྨད་དཔའ་རིས་ཡུལ་གྱི་སྙིང་ག་དང་། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་འཇིངས་རུམ་ནས་མཚུངས་མེད་སྒྲ་དབྱངས་ལྷ་མོའི་ཕྱི་མའི་ཡང་སྲིད་འཁྲུངས་པ་སྟེ། ཕ་སྐད་ཀྱི་བདག་མོ་ཁོང་ཉིད་འདི་ལྟར་དགོས་པའི་དབང་དང་། འདོད་པའི་དཔལ་དུ་བྱོན་བྱུང་། ཕ་སྐད་ཀྱི་སྒྲ་དབྱངས་སྙན་མོ་ཞིག་གིས་རྨོངས་མུན་གྱི་དྲི་མ་ཡོངས་ནས་བཀྲུས་ཤིང་། དབྱངས་གསལ་གྱི་བྲག་ཅ་ལན་མང་ཞིག་གིས་ཕ་ཁྱིམ་གྱི་རྨི་ལམ་ཡོངས་ནས་དཀྲོགས་སོང་། ད་དུང་། ཕ་སྐད་ཀྱི་ངར་ཤུགས་དང་། ཕ་སྐད་ཀྱི་ཀི་སྒྲ་གསོན་པོ་ཡིས་གངས་རིའི་རིག་གནས་དུས་རབས་ཀྱི་གར་སྟེགས་སུ་་་་་་་་་འགྲེམས་ཤིང་། ཚུལ་འཆོས་དང་རུས་སུངས་ཀྱི་འཇིག་རྟེན་གོར་མོ་རུ་ཕ་སྐད་ཀྱི་མར་མེ་ཚེ་འབར་དང་། དབྱངས་གསལ་གྱི་གཟིམ་མེད་སྒྲོན་མ་མཁའ་རུ་འཚེར།
ཁ་སང་། དཔའ་རིས་ནོར་དཀར་གྱི་ཕ་ས་ཡངས་པོ་རུ། རིང་ནས་བོར་ཅིང་སྟོར་བའི་ཀ་མད་ཀྱི་སྒྲ་དབྱངས་དང་། ཡུན་ནས་ཡིབ་ཅིང་འཇབ་པའི་ཀ་ཁའི་སློབ་གླིང་གསར་དུ་འཛུགས་ཤིང་། དབྱངས་གསལ་སྦྱོར་ཀློག་ཁྲོད་ཀྱི་བྱིས་པའི་འཛུམ་ཆུང་དང་། བྱིས་པའི་འཛུམ་ཆུང་དཀྱིལ་གྱི་ཕ་མའི་རེ་ལྟོས། ཡོད་ཚད་ཀྱི་ཡོད་ཚད་ཡར་ཚེས་ཀྱི་ཟླ་བ་བཞིན་འཕེལ་ཞིང་། ཐམས་ཅད་ཀྱི་ཐམས་ཅད་རེ་བའི་ཞ་ལུ་བཞིན་གསར་དུ་འབུས་འགོ་རྩོམ།
དེ་རིང་ཞོགས་པ། དབང་ཕྱོགས་རི་བོའི་རྩེ་ནས་འཆར་ཀའི་ཟེར་ཁྱིམ་ལམ་ལམ་དུ་འབར་དུས། དཔའ་རིས་གཡང་གི་ར་བ་ནས་དབྱངས་གསལ་གྱི་ཀློག་སྦྱོར་སྙན་མོ་སོས་དར་དྲི་བཞོན་བསིལ་མར་འདྲེས་ཤིང་། བྱིས་པའི་དགོད་སྒྲ་དྭངས་མ་ནོར་འཛིན་བུ་མོའི་སྙན་གྱི་བདུད་རྩིར་འཐིམས། གཟིགས་དང་། ཝ་ཟ་དང་བཅའ་སྡེ་སོགས་སུ་བྱིས་པའི་དགོད་སྒྲ་དྭངས་མ་ཕ་སྐད་ཀྱི་བསུང་ཞིམ་ལ་འདྲེས་ཤིང་། ཕ་སྐད་ཀྱི་སྒྲ་དབྱངས་སྙན་མོར་བྱིས་པའི་གསོན་ཤུགས་ཀྱི་རེ་བ་ཆེས་ཆེར་བརྟས། རེད་ཨཱ། དུས་དེ་ནས་བཟུང་། བཙན་པོའི་གདུང་རྒྱུད་དམ་དཔའ་བོའི་ཡང་རྒྱུད་ཀྱི་གཞིས་ཀ་འདིར། རེ་བའི་ཉི་རྩེ་གསར་དུ་སྤྲོ་ལ། གསོན་ཤུགས་ཀྱི་སྙིང་ག་དྲག་ཏུ་ལྡིང་། བྱིས་པའི་རྩེད་རའི་གཡས་གཡོན་དང་། རྒན་པོའི་གཉེར་མའི་བར་མཚམས་ཀུན་ཏུ་མི་རིགས་ཤིག་གི་མྱུ་གུ་གསར་དུ་འབུས་ལ། མེས་རྒྱལ་ཅིག་གི་མེ་ཏོག་གསར་དུ་བཞད། ད་དུང་འབྱུང་འགྱུར་གྱི་གནས་མལ་གཞི་ལ་ཆགས་ཤིང་། རྟག་བརྟན་གྱི་བླ་སྲོག་ཐེར་དུ་ཟུག འདི་ནི་གླུ་མ་ཞིག་གི་སེམས་ཀྱི་འདུན་པ་ལས་བྱུང་བའི་མངོན་གསལ་གྱི་གྲུབ་འབྲས་ཡིན་ལ། ངག་གི་འགྱུར་ཁུག་ལས་མཆེད་པའི་ལྷག་བསམ་དཀར་པོའི་མཛད་འཕྲིན་ཡིན་པ་དང་། ད་དུང་དཀའ་སྡུག་དང་རྔུལ་ཆུ། མིག་ཆུ་དང་ན་ཟུག་གིས་སྐྱེད་པའི་རྣམ་པར་སྨིན་པའི་འབྲས་བུ་རང་རེད་དོ། །
མཆན།
①“གྲོག་ལོ་ཡིན་མོ”དང་“ལམ་དཀར་རོ” ནི་དཔའ་རིས་བོད་རིགས་ཀྱི་ཡུལ་སྐད་ཡིན་ཏེ། “བདེ་མོ་ཡིན་ནམ”ཞེས་དང་ཕན་ཚུན་གྱེས་ཁར་“ལམ་འགྲོ་ཡོང་བར་སྨོན” ཡང་ན་ “བདེ་ལེགས་དང་བདེ་མོ” ཞེས་པའི་དོན་ཡིན།
བརྩེ་དུང་གི་གཏམ་རྒྱུད།
བོད་རབ་བྱུང་བདེ་བྱེད་ཉི་མའི་དུས་སྐབས་སུ། །
ལས་དབང་ཐང་ང་དང་འདྲ་བའི་འཁྱམ་པོ་ཞིག །
སྨན་བུ་མོའི་བརྩེ་དུང་ཁུར་དུ་ལྕི་བ་ཡི། །
མགོན་ཆེན་མོ་ཚངས་དབྱངས་རྒྱ་མཚོའི་ཞབས་ལ་འདུད། །
མཛའ་བརྩེ་བའི་སྙན་ངག་ཐེངས་གཅིག་ཀློག་པའི་དུས། །
བུ་ང་ཡི་རྣམ་ཐར་བརྗོད་སྙིང་འབུར་ཐོན་ཅིང་། །
སྒོས་ཡ་ཆུང་སེམས་ཀྱིས་སྐྱོ་གདུང་རུམ་དཀའ་བས། །
པིར་སྨྱུག་ཁ་རྩེ་མོས་འདི་རུ་དྲངས་པར་ཐལ། །
སེམས་འདོད་པའི་སྒོ་ལ་ལྕགས་ཟྭ་བརྒྱབ་པ་ཡིས། །
སེམས་དུངས་པའི་བུ་ཆུང་མུན་དུ་ལུས་པ་འདི། །
སེམས་ཆུང་ཆུང་བདག་གི་སྣང་གླུ་ཡིན་ལགས་པས། །
སེམས་ལྡན་པ་ཁྱོད་ཀྱིས་གསན་པའི་སྐལ་བ་ཡོད། །
ལོ་དབང་པོ་འདོད་ཡོན་གྲངས་ཀྱི་ཡར་སྔོན་ན། །
ང་དབང་མདའ་ཉི་མས་སློབ་ཆུང་ལོ་དྲུག་གི། །
སྦྱོང་རིག་པའི་འབྲས་བུ་ཕྲག་ཏུ་ཁུར་ནས་ནི། །
ཡུལ་ཆ་རྒྱུས་ལྡན་པའི་ཚྭ་ཡི་གཏེར་གྱི་ཁམས། །
གནས་ཚྭ་ལྷོ་སློབ་འབྲིང་ཞེས་པའི་སློབ་གྲྭ་རུ། །
ཤེས་རིག་པ་སློབ་པའི་གོ་སྐབས་ལེགས་བྱུང་བར། །
དྲིན་ཕ་མ་ཟུང་གི་བཀའ་སློབ་ཡང་ཡང་དང་། །
གཉེན་ཉེ་བའི་རེ་བ་པང་དུ་བླངས་ནས་ནི། །
ལུས་གོམ་པ་དང་པོ་སློབ་གླིང་ཕྱོགས་སུ་སྒྱུར། །
ངག་འཆལ་བ་མེད་པར་ཀ་མད་ཀློག་ལ་བྲེལ། །
ཡིད་རྣམ་ཤེས་གསོན་པོས་རིག་པ་འཐུ་བར་ཆས། །
ཡིན་ལགས་མོད་ལས་དབང་ཞིག་གིས་མཐོང་སྣང་ལས། །
གཞོན་ཕོ་མོ་ཀུན་གྱི་འཇིག་རྟེན་དཀྱིལ་འཁོར་དུ། །
ང་རང་ལས་ལོ་རིམ་གཅིག་གཅིག་མཐོ་བ་ཞིག །
ལུས་ཕྲ་ལྡེམ་ལྷ་ཡི་སྲས་མོའི་རྗེས་འབྲངས་མཁན། །
གདོང་སྒོར་མོ་ཉ་རྒྱས་ཟླ་བའི་ཐིག་ལེ་ལ། །
མིག་ཁྲ་རིལ་ཟུང་གིས་སྙིང་རྗེ་བསྣན་པ་ཞིག །
སྨན་བུ་མོ་དཀྱིལ་ནས་ངོ་མཚར་འཛིན་པ་དེས། །
ངའི་གཟུགས་འཛིན་ཡུལ་ལ་ཁ་དོག་སྣ་བརྒྱ་བསྐྲུན། །
སེམས་ཆུ་མཐོངས་དབྱིངས་སུ་འདོད་འཇོའི་མཇའ་རིས་བསླངས། །
ཡང་སྒོས་སུ་འདོད་པའི་སེམས་ལ་དུངས་བ་འཁྱུད། །
ཚ་ལམ་མེར་འཁྱིལ་བའི་དུངས་སེམས་དྭངས་མ་ཡིས། །
སེམས་བརྟན་པ་འཕྲོགས་པའི་སྙིང་སྡུག་བུ་མོ་དེའི། །
བློ་ཡིད་དབང་འགུགས་རྒྱུའི་སྤོབས་པ་སྐྱེས་པ་སྟེ། །
མཛའ་བརྩེ་བས་ཕྱུག་པའི་འཕྲིན་གྱི་ཡིག་ཕྲེང་འགའ། །
གྲོགས་ན་ཟླ་བརྒྱུད་དེ་སེམས་འཛིན་ཁོ་ལ་བསྐུར། །
འཕྲིན་དེ་ནི་དུངས་བ་སེམས་ཀྱི་འོ་མའི་མཚོ། །
མཛའ་བརྩེ་བས་སྲུབས་པའི་ཡིད་ཀྱི་མར་ལོ་ཡིན། །
མར་སྒོར་མོ་རེ་བ་སྟོང་གི་ཐིག་ལེ་འདི། །
ཡིད་བར་སྣང་དགུང་གི་ཆུ་ཤེལ་དུང་ཟླ་དང་། །
བློ་ཀུན་གཞི་བསམ་པའི་ཀློང་གི་ཉི་ཟེར་ཡིན། །
ཡིན་ལགས་མོད་བསམ་པའི་ཡུལ་ལས་འདས་པ་ལ། །
དུས་མིག་ཡ་བཙུམ་པའི་ཡུན་ལ་ཡིག་ལན་འབྱོར། །
སྐབས་དེ་དུས་ཡ་ཆུང་སེམས་སུ་དགའ་སྤྲོས་ཁེངས། །
དེའི་ལྷན་དུ་སྙིང་ག་ག་འུར་རེ་བས་ཁེངས། །
མིག་མདུན་དུ་ཁོ་མོའི་འཛུམ་རིས་འཁོར་བའི་ཞོར། །
ལག་འདར་འདར་བྱས་ནས་ཤོག་ལྟེབ་ཁ་ཕྱེ་ཚེ། །
ཡིག་ཕྲེང་བ་དུ་མས་བྲོ་གར་ལྡིང་བ་ལྟར། །
གཟུགས་རབ་རིབ་དུ་མ་མཐོང་སྣང་ཡུལ་དུ་ཤར། །
མིག་ཕུར་ཕུར་བྱས་མཐར་གསལ་ལེར་མཐོང་བ་སྟེ། །
སྙིང་བུ་མོ་ཁོང་གིས་དཀར་པོ་ཤོག་བུའི་ངོས། །
ནག་ཤར་ལེར་རྒྱ་ཡིག་གཟུགས་འགའ་བཀོད་པ་སྟེ། །
འཕྲིན་ལག་ཏུ་འབྱོར་བྱུང་བརྩེ་ལྡན་སློབ་གྲོགས་ལགས། །
ཁྱོད་ང་ལ་འཕྲིན་ཡིག་བཏང་འདི་ཉམས་རེ་དགའ། །
ཞེས་སྔོན་འགྲོའི་ཚིག་གི་ཆང་དཀར་བཞེས་པའི་མུར། །
བསམ་དྲན་མེད་ངང་དུ་བྱང་རླུང་འཚུབ་མ་ཞིག །
ངའི་ཕྱོགས་སུ་ངར་ངར་ཤུགས་ཀྱིས་བསྐྱོད་པས་ན། །
ལག་སྦྲིད་སྦྲིད་ངང་གིས་བཟུང་བའི་ཤོག་ལྷེབ་དེ། །
དགུང་བར་སྣང་མཚམས་སུ་ལྷབ་ལྷུབ་སྤུར་ནས་སོང་། །
ཚུལ་དེ་ཡིས་ཁོ་བོའི་སྤྲོ་བ་བརྟས་པའི་སེམས། །
སྲོག་གསོན་པོ་སླ་ངར་བཙོ་བའི་ངང་ཚུལ་ལྟར། །
ལག་རིང་པོར་བསྲིངས་ཡང་ཐོག་རེག་མེད་ན་ཡང་། །
སེམས་འཚུབ་ཆ་རྒོད་པོས་འབོད་བརྡ་ཤོར་བ་དེར། །
གྲོགས་བློ་འགེལ་རྡོ་རྗེ་འཕྲལ་བར་རྒྱུགས་འོང་ནས། །
ང་མཉམ་དུ་ཤོག་ལྷེབ་འདི་ཉིད་དེད་པར་རྒྱུག །
རྒྱུག་རྒྱུག་ནས་སློབ་གྲྭའི་གྲུ་ཟུར་ཞིག་ཏུ་སླེབས། །
སྐབས་དེ་དུས་རླུང་གི་གོམ་ཁ་ངལ་སོང་འདྲ། །
ཡང་མིན་ན་ལས་ཀྱིས་ཐུགས་རྗེ་སྒོམ་པ་འདྲ། །
གང་ལྟར་ཡང་ཤོག་ལྷེབ་དེ་ཡི་རྒྱབ་ཕྱོགས་ནས། །
རྗེས་ར་མདའ་འགྲོ་བའི་འདོད་ལྡན་ངེད་གཉིས་ཀྱིས། །
དབུགས་ལྷེབ་ལྷེབ་ངང་གིས་འདི་ཉིད་འཛིན་ཐུབ་སོང་། །
འཕྲོ་ལྷག་མར་ལུས་པའི་དངོས་གཞིའི་ནང་དོན་འདི། །
བློ་ཁབ་མིག་གཅིག་ཏུ་སྦྲེལ་ཏེ་བཀླགས་པའི་ཚེ། །
སེམས་འཁྱག་པར་བསྡམས་པའི་ཚིག་གསུམ་མཐོང་བ་སྟེ། །
མ་ང་ལ་སྣང་མཐུན་དགའ་གྲོགས་ཡོད་པའི་ཁར། །
ཁོས་ང་ལ་བློ་སེམས་དྭངས་མས་དུངས་བས་ན། །
ངས་ཁོ་ལ་འདོད་ལོག་བྱ་བར་མི་བསམ་བར། །
ཁྱོད་རེ་བའི་ཚིག་མདའ་ང་ལ་མི་ཕོག་པས། །
ཞེ་བསམ་པའི་འཁྱེར་སོས་ང་རང་མ་འཛིན་ཅིག །
དེ་བྱས་ན་བློ་སེམས་སློབ་ལ་མི་འོངས་ཤིང་། །
ལུས་ལང་ཚོ་དོན་མེད་ངང་དུ་འདའ་བར་ངེས། །
སྐྱེས་ཕོ་སྒོ་འཛོམས་པའི་ཁྱོད་ལ་བལྟས་པ་ན། །
མ་ང་ལས་ལྷག་པའི་གཞོན་ནུ་མཛེས་མ་ཞིག །
ལས་གྲོགས་སུ་འགུགས་རྒྱུའི་ཡིད་རྟོན་ཡོད་པས་ཕྱིར། །
བརྩེ་དུངས་བའི་ཁ་ཕྱོགས་བརྗེ་ན་ཕོ་རབ་ཡིན། །
ཅེས་བཤད་པའི་ཚིག་ལ་ཡིད་ནི་མི་ཆེས་པས། །
ཡང་བསྐྱར་ཀློག་ཁ་ཏོན་བཞིན་དུ་བྱས་ན་ཡང་། །
ཤོག་དཀར་པོའི་ངོས་སུ་བྲིས་པའི་ཡིག་ཕྲེང་ལ། །
སྙིང་བརྩེ་བ་མེད་པས་འདོད་དུ་མི་འཇོ་བས། །
སྙིང་གསོན་པོ་སྐྱོ་བའི་གཡང་དུ་ལྷུང་ལ་ཤོར། །
སེམས་ཁོག་པའི་གཏིང་གི་བརྩེ་བ་གཤའ་མ་དེས། །
རེ་རེ་བའི་མཐའ་མར་ཚིག་མཚེར་རྣོན་པོ་འདི། །
གཉོམ་དུངས་དུངས་སེམས་ཀྱི་ཤ་དྲོན་སྙི་མོ་ལ། །
འདོད་མི་འདོད་བཞིན་དུ་མི་སྣུན་ཐབས་མེད་བྱུང་། །
དེ་མ་ཟད་བདག་གི་ཚུལ་ལུགས་མ་ལུས་ཀུན། །
ཕྱི་མི་ཁ་སྟོང་གིས་གླེང་བྱར་གྱུར་པའི་ཁར། །
ལས་མ་བྱས་པ་ལ་སྒྲོ་བཏགས་ཚིག་གིས་བསྒྲོན། །
དུས་སྐད་ཅིག་ཡུན་ལ་གཏམ་དེ་རླུང་བུ་བཞིན། །
སློབ་ར་བའི་ཕྱི་ནང་གྲུ་ཟུར་ཀུན་ཏུ་ཁྱབ། །
གྲོགས་ན་ཟླ་ཀུན་གྱིས་འཕྱ་དགོད་ལྡིར་སྒྲ་གྲགས། །
དེའི་རྐྱེན་པས་བདག་རང་ངོ་ཚའི་ཡུལ་དུ་བསྐྲད། །
དུས་དེ་རྗེས་མི་ཁའི་ཚིག་ལ་འཇབ་འཇབ་ཅིང་། །
སྒོས་འདོད་ལྡན་མཛེས་མ་ཁོང་ལ་གནོངས་གནོངས་ནས། །
སེམས་ཁོག་པ་སྡུག་གིས་བཀངས་ཏེ་ཉིན་མཚན་སྐྱེལ། །
རང་གཅིག་པུ་དྲོ་སྐྱིད་མལ་དུ་ཆས་ན་ཡང་། །
མལ་སྐྱིད་པོའི་དྲོ་འཇམ་རེག་བྱར་མི་འོངས་ཤིང་། །
མཚམས་ལ་ལར་མཆི་མས་གདོང་པ་བཀྲུས་འདི་སྐྱོ། །
སྐབས་ལ་ལར་རྨི་ལམ་ཞིམ་པོར་སྒུག་འདི་སྐྱོ། །
སྐྱོ་སྐྱོ་ནས་སྐྱོ་སྣང་ལྷ་ལ་ཞུས་མྱོང་ཞིང་། །
སྡུག་སྡུག་ནས་སྡུག་ཡུས་ཀླུ་ལ་བགྲང་ཡང་མྱོང་། །
དེ་ལྟར་གྱི་སྐྱོ་གདུང་ཁུར་འདི་ལྕི་ན་ཡང་། །
བུ་ང་ཡི་མཛའ་བརྩེའི་སེམས་ནི་མི་འགྱུར་ཅིང་། །
དུས་རྟག་ཏུ་ཁོང་གི་རྒྱབ་གཟུགས་འཚོལ་ནས་འགྲོ། །
གཟུགས་དེ་དང་བསྡེབས་པའི་དགའ་རོགས་དེ་ཡི་གཟུགས། །
ང་རང་ཉིད་ཡིན་ན་བསམ་སྟེ་ཡིད་སྨོན་སྐྱེས། །
ཡིད་སྨོན་པ་འཆོར་བའི་མིག་ཟུང་གཡོ་བ་དེས། །
ཁོ་དགའ་གྲོགས་ཟུང་ལ་ཟུར་མིག་འཕངས་ནས་བསྡད། །
བསྡད་བསྡད་ནས་དུས་ཀྱི་བར་གསེང་ཞིག་གི་མཚམས། །
ཁོ་གཉིས་ཀྱི་འབྲེལ་བར་གོད་ཆག་བྱུང་བའི་མཐར། །
ཁ་སོ་སོར་གྱེས་པའི་སྣང་བརྙན་བདག་གིས་མཐོང་། །
མཐོང་སྣང་བརྙན་དེ་ཡིས་སེམས་སུ་རེ་བ་བརྟས། །
དུས་ད་ནི་མོ་རང་བདག་ལ་དབང་བའི་གདེང་། །
ཚོད་ཆེ་བས་དུངས་སེམས་དམར་པོ་ཐང་དུ་བཏིང་། །
ཐང་ས་གདན་སྟེང་དུ་ཁོ་རང་འོངས་བར་སྒུག །
གཞན་སླར་ཡང་རེ་ཞུའི་སྤ་ནི་ཡེ་མེད་པས། །
ཁོ་འོང་བའི་གོམ་པར་ཉིན་སྒུག་མཚན་སྒུག་བྱས། །
བློ་དྲན་ངོས་གཞི་ལས་འདས་པའི་དུས་ཤིག་ལ། །
ཁོ་སླར་ཡང་གསར་བུ་ཞིག་དང་འདྲིས་པར་མཐོང་། །
ཚུལ་དེ་ཡིས་འདོད་ཆགས་སེམས་ཀྱི་བུ་ཆུང་ལ། །
རེ་རེ་བའི་མིག་ལ་ལག་བརྡ་བཏང་ན་ཡང་། །
ང་གླེན་པའི་བརྩེ་བར་འགྱུར་ཐབས་ཡེ་མེད་པས། །
སྔ་བཞིན་དུ་ཁོ་རང་ལོ་དང་ཟླ་བར་སྒུག །
ལོ་ཉི་མ་ཟླ་བའི་ཟཕྲང་ལམ་འགྲིམས་པའི་རིང་། །
ངའི་དྲི་མེད་དབེན་གནས་རིག་པའི་ལྡིང་ཁང་ནས། །
ཁོས་སྔ་གཞུག་ཀུན་ཏུ་དགའ་རོགས་ལྔ་དྲུག་ཙམ། །
ཞག་གསུམ་པོའི་བླ་མའི་རྣམ་ཐར་ཇི་བཞིན་དུ། །
ཆོས་སྡོམ་ཁྲིམས་རྩེད་མོར་རོལ་བའི་སྣང་བརྙན་འདིས། །
སེམས་རྩེ་གཅིག་སྒོམ་ལ་གཞོལ་འདི་བསླུས་པའི་མཐར། །
ང་འཁོར་བའི་འདམ་དུ་ཁྲིད་ཅིང་སྨྱོ་བར་བཅུག །
གཞན་བརྩེ་དུང་ཕམ་ཁའི་ཞྭ་མོ་བདག་ལ་བསྐོན། །
ཞེ་བསམ་པའི་རོང་དུ་སྐྱི་བསེར་རླུང་བུ་དྲངས། །
སེམས་ཡ་ཆུང་སྒང་ལ་ཁ་བ་བསྟུད་མར་འབབ། །
གྲང་ཁ་བའི་རྡུལ་ནི་རི་རབ་བརྩིགས་ན་ཡང་། །
གཏིང་ས་ལེའི་སྦྲང་ལ་འགྱུར་བ་མེད་པ་ལྟར། །
ངའི་ལུས་སེམས་སྐྱོ་བའི་རྒྱ་མཚོར་ལྷུང་ན་ཡང་། །
སྙིང་བརྩེ་དུང་དྲོན་མོར་འགྱུར་བ་ཡེ་མེད་པས། །
འདོད་བུ་མོས་སེམས་ལ་སྤུ་གྲི་བསྣུན་ན་ཡང་། །
ཕྱི་མི་ཁའི་ཁབ་རྩེ་རྣ་བར་གཙགས་ན་ཡང་། །
ངས་རང་ཉིད་དམྱལ་བའི་སྡུག་བསྔལ་མྱངས་ན་ཡང་། །
ཡིད་སེམས་འཛིན་ཁོ་མོ་སྙིང་བརྩེས་ཁོག་ཏུ་རུམ། །
གྲོགས་ཕོ་མོ་ཀུན་གྱིས་མཛེས་ལྡན་བུ་མོ་དེས། །
ངའི་རེ་བ་རྒྱང་བཞུད་ཆུ་མོར་བསྐུར་བ་ལ། །
ཁོ་བདུད་མོ་འདྲེ་མོའི་འཕྲུལ་དུ་འཛིན་ན་ཡང་། །
ངའི་བརྩེ་བས་བརླན་པའི་འཇིག་རྟེན་སྐྱ་བོ་རུ། །
ལུས་ཉམས་བརྒྱད་འཛོམས་པའི་མཛེས་ལྡན་བུ་མོ་དེས། །
འགྲོས་གླང་ཆེན་འགྲོས་ཀྱིས་གོམ་ཁ་གང་བསྒྱུར་དུ། །
མཛེས་ཆུ་སྐྱེས་གཞོན་ནུའི་མཛེས་སྡུག་གྲོལ་བར་མཐོང་། །
དེའི་སྟེང་དུ་སྙན་ངག་ཟེའུ་འབྲུ་དགོད་པ་ལ། །
ངའི་དུངས་སེམས་བུང་བས་གཤོག་འགྱུར་བསྒྱུར་ཐེངས་རེར། །
སྙན་ཡིད་དབང་འགུག་པའི་སྙན་ངག་བདུད་རྩི་ཡིས། །
ངའི་ཡིད་སེམས་ཕྱི་ནང་མེད་པར་མྱོས་པའི་ཁར། །
སེམས་དགའ་སྐྱིད་ལྡན་པའི་སྣང་བ་ཐམས་ཅད་ཀུན། །
པིར་སྨྱུ་གུའི་རྩེ་རུ་དྲངས་ཏེ་བལྟས་པ་ན། །
ཚིག་སྙན་ངག་དེ་དག་མིག་ཆུའི་ཚུལ་དུ་བཞུར། །
བཞུར་བཞུར་ནས་བྱང་ཁོག་སྟོད་ན་མཚོ་མོར་བསྐྱིལ། །
མཚོ་སྔོན་པོར་ནམ་ཟླ་དགུན་ཁ་མ་སླེབས་ཀྱང་། །
སྐྱོ་གདུང་བའི་གྲང་ངར་ཆེན་པོས་འཁྱག་པར་བསྡམས། །
གཞན་ད་དུང་ཁོ་མོའི་རྒྱབ་གཟུགས་འཁོརཕྱོགས་སུ། །
ངའི་ལན་ཆགས་སེམས་ཀྱིས་རང་ཚུགས་ཤོར་བས་ན། །
རླུང་བསིལ་མ་ཞིག་གིས་དེ་རུ་སྤུར་ནས་ནི། །
ཁོས་ཐུག་ཐུག་རེག་རེག་མྱོང་བའི་ཆོས་ཀུན་ལ། །
ཁོའི་བྲོ་བ་ལྡན་ཅེས་ལྕེ་ཡིས་ལྡག་ཏུ་བཅུག །
ལས་འདི་རིགས་བྱས་ནས་ལོ་དང་ཟླ་བ་སྐྱེལ། །
དུས་ནམ་ཟླ་མི་རྟག་ཆུ་བོ་རྒྱུན་བཞིན་བཞུར། །
ཆུ་མར་འགྲོ་བཞིན་གྱི་དུས་ཀྱི་འཁོར་ལོ་དེས། །
ངའི་མཐོང་བྱེད་བཅུད་དུ་སྨིན་པའི་བུ་མོ་ཁོང་། །
སློབ་མཐར་ཕྱིན་དུས་སུ་སླེབས་ཞེས་སྙད་གཡར་ནས། །
ངའི་ཁྲ་རིལ་ཟུང་གི་འཇིག་རྟེན་དོག་མོ་ནས། །
ལས་བརྩེ་བ་མེད་པར་མི་མཐོང་གནས་སུ་ཁྲིད། །
དུས་དེ་ནས་བརྩིས་ཏེ་ལོ་ངོ་གཅིག་གི་རིང་། །
ང་འཁྱམ་པོ་སླར་ཡང་སྐྱོ་གདུང་གཡང་དུ་ལྷུང་། །
མོ་མེད་པའི་ནམ་ཟླ་བཞི་ཡི་འཚོ་བ་འདིར། །
དཔྱིད་ཁུ་བྱུག་སྔོན་མོའི་གསུང་སྙན་ཐོས་མེད་ལ། །
དབྱར་བཀྲ་བའི་མེ་ཏོག་མཛེས་སྡུག་མཐོང་མ་བྱུང་། །
སྟོན་གསུམ་པོའི་རྩི་བཅུད་བཅུད་དུ་མ་བསྒོམ་ནས། །
དགུན་གྲང་རེག་ཀློང་ནས་ཁེར་རྐྱང་ལུས་པའི་ཁར། །
ལས་མ་བྱེད་མ་འོངས་དོན་གྱི་བྱ་བ་དང་། །
ལས་བྱས་པ་འདས་སོང་ཟིན་བྲིས་བཅས་པ་སོགས། །
དུས་གསུམ་པོའི་སེམས་སུ་ཁོ་མོ་དྲན་དྲན་ནས། །
ཉིན་ཐུན་གསུམ་སློབ་སྦྱོང་ལས་ལ་སེམས་མི་འགྲོ། །
མཚན་ཐུན་གསུམ་གཉིད་ཀྱི་སྐལ་བ་བཅག་བཅག་པས། །
སློབ་རིག་པའི་འབྲས་བུ་ཀུན་གྱི་རྗེས་སུ་ལུས། །
དེར་ནང་མི་ཀུན་གྱིས་བཀའ་བཀྱོན་བར་མེད་བྱས། །
ངའི་དམའ་འབྲིང་ལོ་ངོ་གསུམ་གྱི་འཚོ་བ་ནི། །
དྲིན་ཕ་མའི་བཀའ་བཀྱོན་ཡ་ཆུང་སྟོད་ན་འཐིབས། །
ལས་ཆུང་འདྲིས་བརྩེ་དུངས་མ་ཆུང་ཁོག་ཏུ་བསྐྱིལ། །
བསྐྱིལ་བསྐྱིལ་ནས་ཡོད་ཚད་སྐྱོ་བའི་རྒྱ་མཚོར་གྱུར། །
མཚོ་རྦ་རླབས་དྲག་པོས་ཡིད་སེམས་དྲག་ཏུ་བརྡུང་། །
སེམས་ཁོག་པ་གཟེར་ཟུག་དྲག་པོས་མནར་ནས་ནི། །
ལོ་གསུམ་པོའི་དུས་འཁོར་རྒྱང་དུ་བཞུད་པ་དང་། །
ང་འདོད་བུ་དམའ་འབྲིང་སློབ་མཐར་ཕྱིན་ནས་ནི། །
ཡུལ་ཆུ་གཉིས་འདུས་པའི་བོད་ཤར་ཆབ་མདོ་ཡི། །
ཤེས་རིག་པའི་དགའ་ཚལ་བསྙེགས་ནས་འོངས་བ་ལ། །
སྙིང་བུ་མོ་ཁོ་རང་སླར་ཡང་ཐུག་འཕྲད་བྱུང་། །
དེས་སྙིང་གི་ལུ་གུ་དྲག་ཏུ་མཆོངས་ལྡིང་བྱས། །
སེམས་བརྩེ་བར་སྤོབས་པ་ལྡབ་ཀྱིས་ཆེར་བརྟས་ནས། །
ངས་རང་སེམས་བརྩེ་དུངས་མཚོན་བྱེད་འཚམ་རྟགས་ཤིག །
གྲོགས་བུ་མོ་བརྒྱུད་དེ་ཁོ་མོར་སྤྲད་ན་ཡང་། །
ཁོའི་སེམས་པ་དམར་པོ་འགུགས་ཐུབ་མེད་པ་འདྲ། །
གང་ལྟར་ཀྱང་རྒྱ་མཚོར་རྡེ་འུ་འཕངས་དང་བཅས། །
ཡིན་ལགས་མོད་ཁོ་དང་འཕྲད་པའི་ཉིན་ནས་བཟུང་། །
ངས་སླར་ཡང་སྔོན་མའི་ལམ་དུ་འགྲོ་ལུགས་ལྟར། །
བརྩེ་དུངས་བ་སྙིང་གི་དཀྱིལ་དུ་སྒོམ་ནས་ནི། །
ལོ་གཉིས་ཀྱི་རིང་ལ་སྨྱོན་པའི་མཛའ་བརྩེ་བཅངས། །
དུས་དེང་སང་སྔར་བཞིན་གྱེས་དགོས་ལས་ལ་ཐུག །
ཆེས་མཐའ་མའི་དུས་ཀྱི་བར་སྐབས་འདི་དག་ལ། །
ངས་གདོང་གི་ངོ་ལྤགས་སྲབ་མོ་བཤུ་ནས་ནི། །
སྙིང་བུ་མོ་ཁོ་དང་འབྲེལ་བ་བཙན་བྱས་ཏེ། །
སེམས་སྙིང་གཏམ་མ་ལུས་མོ་ལ་བརྗོད་ན་ཡང་། །
ཁོས་གཏམ་ཁ་རྩེས་ཀྱང་དང་ལེན་མི་བྱེད་པར། །
ངས་ཁོ་མོར་ཁྱོད་ནི་ལྷ་ཡི་བུ་མོ་དང་། །
གླང་བདུད་ཀྱི་སྲས་མོ་ཡིན་ཚོད་འདུག་ཅེས་བཤད། །
གཏམ་འདི་ནི་ངས་ཁོ་མོར་བཀོད་པའི་སྡོམ་ཚིག་ཡིན། །
ཀྱེ་རྣམ་སྨིན་མཆོག་ལ་སྤྱན་ཟུང་ལྡན་ཡོད་ན། །
ང་འཁྱམ་པོའི་བརྩེ་དུངས་སྐྱོ་གར་ཆེན་མོ་འདི། །
གླིང་གོ་ལ་ཟླུམ་པོར་འཚོ་བའི་ཕོ་མོ་ཚོགས། །
ཁྱོད་རྣམ་པར་མེད་པའི་བྱིན་གྱིས་རློབས་སུ་གསོལ། །
2012ལོའི་ཟླ6པར།
ཚེ་རིང་རྣམ་དྲུག་ལ་སྦྱར་བའི་ཞབས་བརྟན་སེམས་ཀྱི་སྨོན་ཚིག
ཚོགས་གཉིས་མཚོ་མོར་འཁྱིལ་བའི་དག་ཞིང་གི་ཕང་ནས། །
ལེགས་བྱས་གྲུ་ཆར་འབེབས་པའི་སྐྱབས་མགོན་གྱི་དམ་པ། །
འགྲོ་ཀུན་ཕན་བདེར་འགོད་པའི་རྣམ་རོལ་གྱི་ཕོ་ཉ། །
ཕྱོགས་བཅུའི་སངས་རྒྱས་རྣམས་ལ་གུས་ཕྱག་ནི་འཚལ་ལོ། །
སྐོར་གསུམ་རུ་བཞི་སྒང་དྲུག་ཆོས་ལྡན་གྱི་ཁམས་ན། །
འཕོ་མེད་བརྟན་བཞུགས་ས་བདག་ཀླུ་གཉན་གྱི་འཁོར་དང་། །
རིགས་ཀྱི་ཡུལ་ལྷ་གཞི་བདག་ཀེར་འགྲོ་ཡི་ཚོགས་བཅས། །
བུ་ཆུང་སེམས་ཀྱི་སྨོན་པར་སྙན་དབང་གིས་གསོན་མཛོད། །
སྟོད་ཀྱི་ཤེལ་དཀར་གངས་རི་རྟག་བརྟན་དུ་འགྱིང་འདིར། །
དུས་འགྱུར་བསླུ་མོས་འཚེ་བས་འབྱུང་བཞི་ནི་འཁྲུགས་ཀྱང་། །
འགྱུར་མེད་ཐེར་དུ་ཟུག་པའི་བདག་ཉིད་ཀྱི་ཚུལ་དུ། །
བྷོ་ཊའི་གཞི་འཛིན་དང་པོའི་ཚེ་དབང་མི་ཚེ་རིང་། །
བསྒྲུན་མེད་རྡོ་རྗེ་འཛིན་པ་ལྷ་དབང་གི་བརྒྱ་བྱིན། །
གནོད་བྱེད་རྐང་པ་བཅགས་པའི་རྩེ་བརྒྱ་ཡི་ཁྲིམས་བཞིན། །
གངས་ཀྱི་པུར་རྒྱལ་བོད་ཡུལ་གཟུར་གནས་ཀྱི་དྲང་ཁྲིམས། །
སྣོད་བཅུད་ཞི་བར་འཁོད་པའི་རི་དབང་བྲག་ཚེ་རིང་། །
བསྐལ་བརྒྱར་རྒྱུད་ཆད་དབེན་པའི་ཐུར་འགྲོ་ཆུ་ཚེ་རིང་། །
ཚེ་རིང་ཚེ་ཡི་རྒྱུན་གྱིས་སྨན་ལྗོངས་ཀྱི་རིག་གནས། །
གནས་ཀུན་མ་ལུས་བྲན་ཏེ་འཕེལ་ཁ་ཡི་ཡུར་བུར། །
འདྲེན་པར་མཛོད་པའི་སྨོན་ལམ་ཕྱག་རྒྱ་ནི་སྙིམ་ཡོད། །
གནས་མཆོག་རི་ལུང་ཐང་དུ་བག་ཡངས་སུ་རྒྱུ་བའི། །
སྒོ་ཕྱུགས་འཕྲོག་བྱེད་ཀྱི་ནི་རི་དྭགས་ཀྱི་ཚེ་རིང་། །
རྒྱུན་དུ་བསྟི་བའི་གནས་ནི་སྒང་པ་ཡི་ཞིང་ཁམས། །
མངའ་ཁམས་དགེ་བཅུས་འཛིན་པའི་སྐལ་བ་ནི་བརྟན་ཅིག །
ཚན་རིག་ནམ་འཕང་གཅོད་པའི་གཤོག་སྒྲོ་དང་ལྡན་པའི། །
བསླུ་མེད་དུས་ཀྱི་བང་ཆེན་ཉིད་ནི་བྱ་ཚེ་རིང་། །
ཚེ་རིང་ཚེ་དཔག་མེད་ཀྱི་ཚེ་རིང་དེ་གཡོར་ནས། །
བསིལ་ལྗོངས་འཁོས་ཀ་དར་བའི་ལམ་སྣ་ཞིག་བསྟན་རོགས། །
འཆི་མེད་ལྗོན་ཤིང་ཚེ་རིང་བྱང་ཆུབ་ཀྱི་ལྗོན་ཤིང་། །
ཉོན་མོངས་ཞེ་སྡང་སེལ་བའི་མདོ་སྔགས་ཀྱི་ལོ་འདབ། །
བོད་མིའི་གཉུག་གཤིས་དྭངས་མ་དབུ་མ་ཡི་ལྟ་བ། །
དུས་མཐའི་ཉི་མར་འགྲོགས་པའི་གསོལ་བ་ནི་བཏབ་ཡོད། །
མེས་རྒྱལ་མ་ལོའི་དབང་པོའི་བྱེ་བྲག་ཏུ་འཁུམས་ཤིང་། །
མཆོག་གསུམ་སྙིང་ནས་སྒོམ་པའི་གངས་ཅན་གྱི་གདུལ་ཞིང་། །
མ་ལུས་སྣོད་བཅུད་ཁོ་བོའི་སྨོན་ཚིག་འདི་འགྲུབ་ཅིང་། །
འབྱུང་འགྱུར་དགེ་བ་མཐའ་དག་དགེ་ལེགས་ནི་འཕེལ་ལོ། །
2011.12.6 ཉིན་ཁང་དུ་སྦྱར།
ཞིང་གྲོང་གི་སྙན་ངག
ཞོགས་པ།
ཐོ་རེངས་ཀྱི་བརྩེ་བ་དྲོན་མོས་རི་གྲོང་གི་སྔུར་པར་ཉན་དུས། །
བསིལ་འཇམ་གྱི་དྲི་བཞོན་བུ་མོས་རྣང་ཞིང་གི་རྨི་ལམ་དཀྲོགས་སོང་། །
བསང་གསུར་གྱི་དབྱངས་རྟ་སྙན་མོས་མཁའ་ཉལ་གྱི་བུ་མོ་འབོད་དུས། །
ཚ་ཟེར་གྱི་ཉིན་བྱེད་མཛའ་བོར་ཁྲོ་གཉེར་གྱི་འོད་སྟོང་འབར་བྱུང་། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com