ཇོ་བསྟོད་སུམ་ཅུ་པའི་ཁྱད་ཆོས་འགར་དཔྱད་པ།

རྩོམ་པ་པོ།:ལྷ་མཁར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-07-30 08:11:30 ཀློག་གྲངས།:
གླེང་བསླངས་ཏེ་མཚམས་སྦྱོར།
 
       གནའ་བོའི་བོད་བཙན་པོའི་རྒྱལ་རབས་སྔ་མ་རྣམས་སུ་ནང་བའི་བསྟན་པ་ཉིད་དར་བའི་རྩེར་སོན་མོད། བཙན་པོ་མཐའ་མ་ཁྲི་དར་མ་འུ་དུམ་བརྟན་ནས་ཉམས་ཉེས་ཆེན་པོ་བྱུང་སྟེ་ཕལ་ཆེར་མིང་གི་ལྷག་མ་ཙམ་དུ་གྱུར། ཕྱིས་སུ་ཀླུ་མེས་ཚུལ་ཁྲིམས་པ་སོགས་མཁས་པ་མི་བཅུས་འདུལ་བའི་གྲ་མ་ཉམས་ཟུར་མ་ཆག་པར་ཡོད་པའི་བླ་ཆེན་པོ་དགོངས་པ་རབ་གསལ་ནས་སྡོམ་རྒྱུན་ཞུས་ཤིང་། བསྟན་པའི་མེ་རོ་མདོ་ཁམས་སྨད་དུ་གསོས་ཏེ་བསྟན་པ་ཕྱི་དར་གྱི་དབུ་ཚུགས་ཞེས་གླེང་པ་ནི་ལོ་རྒྱུས་སྨྲ་བའི་དབང་པོ་རྣམས་མགྲིན་གཅིག་ཏུ་ཟད་ཀྱང་། དུས་རབས་བཅུ་གཅིག་པ་ན་ཇོ་བོ་ཆེན་པོ་ཨ་ཏི་ཤ(982-1054)བོད་དུ་ཕེབས་པར། ལྟ་ངན་ལ་ཞེན་ལོག་པའི་ལམ་ལ་ཞུགས། །བདུད་དང་མུ་སྟེགས་དབང་ཕྱུག་གྲུབ་མཐའ་ངན། །རིགས་པས་ཚར་བཅད་ཐར་བའི་ལམ་ལ་བཀོད། །ཅེས་པའི་མཛད་པ་བསྟན་འདུག་པར་བརྟག་ན། སྐབས་དེ་ཤེད་དུ་ལྟ་བ་ལོག་པར་འཆའ་བ་འགའ་ཟུང་གིས་བོད་ཁམས་དཀྲུག་གིན་པ་ནི་མངོན་རྟོགས་མྱོང་གྲུབ་རེད་ལ། རྒྱུ་རྐྱེན་དེ་ཉིད་གཙོར་བྱས་ཤིང་བསྟན་བཅོས་མང་པོ་ལེགས་སྦྱར་སྐད་ནས་བོད་སྐད་དུ་ཚུར་བསྒྱུར་བར་དགོས་པ་ཆེད་གཏུགས་ཀྱིས་དཔལ་ན་ལེནྡྲའི་མཁན་པོ་དང་པཎྚི་ཏ་ཆེན་པོ་དཾ་བ་ཀ་རའམ་ཇོ་བོ་རྗེ་ཉིད་གདན་དྲངས་པ་ནི་བསྙོན་དུ་མེད། ཇོ་བོ་ཆེན་པོ་བོད་དུ་བྱོན་ཏེ་བསྟན་པའི་བྱ་བཞག་ལ་ཁུར་དུ་མི་བཟོད་པའི་མཛད་རྗེས་བསྐྲུན་པ་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བའི་ཤོ་ལོ་ཀ་བདག་ཉིད་ཅན་ཁོ་ནས་ཀྱང་གསལ་པོར་མཚོན་ཐུབ་ཅིང་། ལྷག་དོན་བཀའ་གདམས་གྲུབ་མཐའི་སྲོལ་འབྱེད་འབྲོམ་སྟོན་རྒྱལ་བའི་འབྱུང་གནས(1004-1064)སོགས་བུ་སློབ་སྐྱེས་བུ་ཆེན་པོ་གནམ་གྱིས་ས་བཀབ་པ་ལྟ་བུ་མང་པོ་བསྐྱངས་པ་སོགས་མཛད་རྗེས་གྲངས་ཀྱིས་མི་ཟིན། དེ་ལྟར་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྲས་ཀྱི་ཐུ་བོར་གྱུར་པ་འབྲོམ་སྟོན་པ་མཆོག་ནས་ཀྱང་རང་གི་བླ་མ་དམ་པ་དེ་ཉིད་ཀྱི་ཆེ་བ་བརྗོད་པ་དང་བཀའ་དྲིན་བསབས་པ། རྗེས་སུ་འཛིན་པ་སོགས་ཀྱི་ཕྱིར་དུ་བསྟོད་པ་དང་གསོལ་འདེབས་ཀྱི་ཚུལ་དུ་ཤོ་ལོ་ཀ་སུམ་ཅུའི་གྲངས་ངེས་པའི་ཇོ་བསྟོད་སུམ་ཅུ་པ་འདི་ཉིད་ལྗགས་རྩོམ་མཛད་ཅིང་། བསྟོད་པ་འདི་ཉིད་ལ་ཡང་མཚན་བྱང་འདོགས་སྟངས་ཀྱི་ཁྱད་ཆོས་དང་བརྗོད་བྱའི་ནང་དོན་གྱི་ཁྱད་ཆོས་དང་། རྗོད་བྱེད་ཚིག་སྦྱོར་གྱི་ཁྱད་ཆོས་ཀྱིས་ཀུན་ནས་གཏམས་པ་ལ་དེ་དག་གི་སྐོར་ནས་བཤད་པ་འགའ་སྤེལ་བའི་ངལ་བ་དང་དུ་ལེན་པར་མོས་སོ། །
དང་པོ། མཚན་བྱང་འདོགས་སྟངས་ཀྱི་ཁྱད་ཆོས།
       ཇི་སྐད་དུ། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་གསུངས་པ་བཞིན་དུ་འཇིག་རྟེན་གྱི་བྱ་དངོས་ཕྲ་རགས་གང་ལ་ཡང་འདོད་རྒྱལ་དང་རྗེས་གྲུབ་སོགས་བལྟས་འཇོག་གིས་མིང་རེ་གྲུབ་ཡོད་པ་དང་། དེ་བཞིན་བསྟན་བཅོས་ཀྱི་མཚན་འདོགས་སྟངས་ལ་ཡང་གསུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་མིང་ནི་རྣམ་པ་བཞི་རུ་འགྱུར་བར་གསུངས་པ་སྟེ། ཡུལ་དང་དཔེ་དང་གང་ཟག་དང་དོན་ལའོ། །ཞེས་རྣམ་པ་བཞིའི་སྒོ་ནས་ཆོས་སྐྱོབ་ཡོན་ཏན་གཉིས་ལྡན་གྱི་བསྟན་བཅོས་རྣམས་ལ་ཡང་དེར་ལྟོས་ཀྱི་མཚན་བྱང་རེ་གདག་ཏུ་ཡོད་པ་ལ། དེ་ཉིད་ཀླད་དུ་སྨྲས་པས་བཙལ་སླ་བ་དང་། བསྟན་བཅོས་ཀྱི་དབུ་ཞབས་མི་འཁྲུགས་པ། མིང་མཐོང་བས་དོན་དྲན་པར་འགྱུར་བས་མིང་དོན་གྱི་འབྲེལ་བ་ཆུ་ལ་ཆུ་བཞག་གིས་གྲུབ་པ་བཅས་དགོས་པ་ཆེན་པོ་གསུམ་དང་ལྡན་པ་སོགས་བསྟན་བཅོས་རེ་རེའི་མཚན་བྱང་ལ་གཞན་དྲིང་མི་འཇོག་པའི་ཁྱད་ནུས་ཅི་རིགས་ཡོད་སྲིད། དེ་བས། འབྲོམ་སྟོན་པས་མཉམ་མེད་དཔལ་ལྡན་ཨ་ཏི་ཤའི་མཛད་རྗེས་དཀྱུས་གཅིག་ཏུ་བསྡུས་ཏེ་མཛད་པའི་ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ་ཞེས་པའི་བསྟོད་རྩོམ་འདིའི་མཚན་བྱང་འདོགས་སྟངས་ཀྱི་ཁྱད་ཆོས་བརྗོད་ན། སྤྱིར་བསྟན་བཅོས་ཀྱི་མཚན་འདོགས་ཚུལ་ལ་གོང་དུ་ཡུལ་དཔེ་གང་ཟག་དོན་བཞི་པོ་ལས་གཞན་ད་དུང་ཞུ་པ་པོ་ལ་སྦྱར་པ་དང་། ཁ་དོག་ལ་སྦྱར་པ། གྲངས་ཀ་ལ་སྦྱར་པ། གཞུང་ཁུངས་ལ་སྦྱར་པ་སོགས་གངས་ཅན་གྱི་ལྗོངས་སུ་འཆད་ཉན་རྒྱ་ཆེར་དར་བ་ནས་བཟུང་བསྟན་བཅོས་གསར་རྩོམ་གྱི་མཚན་ལ་སྙན་ངག་གི་ཚིག་རྒྱན་དང་འབྲེལ་བའི་མིང་འདོགས་ཚུལ་སྣ་ཚོགས་པ་ཞིག་ཡོད་པ་ཇི་བཞིན་དུ། ཡུལ་གྱི་སྒོ་ནས་བཏགས་པ་མདོ་སྨད་ཆོས་འབྱུང་ལྟ་བུ་དང་། དཔེ་ཡིས་བཏགས་པ་སྙན་དངགས་མེ་ལོང་མ་ལྟ་བུ་དང་། གང་ཟག་གིས་བཏགས་པ་མི་ལ་རས་པའི་རྣམ་མགུར་ལྟ་བུ་དང་། བརྗོད་བྱ་དོན་གྱིས་བཏགས་པ་མདོ་སྡེ་རྒྱན་ལྟ་བུ་དང་། ཞུ་པ་པོས་བཏགས་པ་བཤེས་གཉེན་ལྦ་བ་ལ་གདམས་པ་ལྟ་བུ་དང་། ཁ་དོག་གིས་བཏགས་པ་དེབ་ཐེར་སྔོན་པོ་ལྟ་བུ་དང་། གྲགས་ཀས་བཏགས་པ་སྐྱེས་རབས་སོ་བཞི་པ་ལྟ་བུ་དང་། གཞུང་ཁུངས་ཀྱིས་བཏགས་པ་སི་ཏུའི་ཞལ་ལུང་ལྟ་བུ་རྣམས་ནམ་ལང་ཉི་ཤར་དུ་མཆིས། དེས་ན། ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ་ཞེས་པའི་མཚན་བྱང་འདི་ལ་ཡང་ཇོ་བོ་རྗེར་བསྟོད་པའི་རྩོམ་ཡིག་ཅིག་ཡིན་པ་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་བཞིན་གསལ་པོར་ཤེས་ཐུབ་པས་བརྗོད་བྱ་དོན་གྱི་སྒོ་ནས་བཏགས་པ་དང་། རྗོད་བྱེད་ཀྱི་ཚིག་སྟེ་ཤོ་ལོ་ཀའི་གྲངས་སུམ་ཅུར་ངེས་པ་ཤེས་པར་འགྱུར་པས་གྲངས་ཀྱི་སྒོ་ནས་བཏགས་པ་ན་འཆད་ཉན་བྱེད་པར་འཇུག་སླ་བ་སོགས་ཀྱི་དགེ་མཚན་འབུར་དུ་དོད་པས། དོན་དང་དཔེའི་སྒོ་ནས་མཚན་བྱང་འདི་ཉིད་མཛད་པར་ངེས་པ་རྙེད་ཐུབ་ལ། ཕྱིས་སུ་འདིར་དཔེ་བྱས་ཏེ་ནག་ཚོ་ལོ་ཙཱ་པའི(1011-1064)ཇོ་བོ་རྗེའི་བསྟོད་པ་བརྒྱད་ཅུ་པ་དང་། ཉེ་རབས་སུ་མཛད་པའི་རྡོ་སྦིས་ཤེས་རབ་རྒྱ་མཚོའི(1884-1968)རྗེ་ཙོང་ཁ་པའི་རྣམ་ཐར་ཚིགས་བཅུ་བདུན་པ་སོགས་བོད་ཀྱི་མཁས་པས་མཛད་པ་མང་། དེ་ལ་བསྟོད་རྩོམ་འདི་ནི་དཔལ་མར་མེ་མཛད་ཡེ་ཤེས་སམ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མཆོག་སྐྱེ་བ་བཞེས་ཚུལ་གྱི་སྐོར་དང་། ཁོང་ཉིད་ནས་སྐབས་དེར་འཕགས་ཡུལ་དུ་གྲགས་པ་འབར་བའི་བླ་མ་གསེར་གླིང་བ་སོགས་ཚུལ་བཞིན་བསྟེན་ཏེ་ཡོན་ཏན་གྱི་གན་མཛོད་དུ་གྱུར་པ་དང་། རྗེས་སོར་ལྷ་བླ་མ་ཁུ་དབོན་གྱིས་བོད་དུ་གདན་དྲངས་ནས་བསྟན་པ་ལ་དག་ཐེར་མཛད་པ་བརྗོད་བྱའི་གནད་དུ་བཟུང་སྟེ། ཚིག་རང་ངོས་སུ་བསྟོད་པ་ཞེས་པའི་མཚན་མཛད་འདུག་ཀྱང་རྣམ་ཐར་དང་རྟོགས་བརྗོད། གསོལ་འདེབས་དང་སྐུལ་སྨོན་གྱི་རྣམ་པར་གྲུབ་པའི་སྣང་མང་རང་བཞིན་གྱི་རྩོམ་སྟངས་ཁྱད་འཕགས་ཤིག་ཏུ་འདྲེན་འོས་ལ། མཐོང་སྣེ་མང་ལ་དུས་ཀྱི་རྒྱུན་རིང་བའི་མི་སྣའི་ལོ་རྒྱུས་ཚད་ལྡན་ཞིག་དང་། མཇུག་གི་བྱིན་རླབས་ཕབ་པར་བཀའ་དྲིན་གསོལ་བ་དང་། ཐུགས་རྗེས་གཟིགས་པར་གསོལ་བ། ཐུགས་རྗེས་འཛིན་པར་གསོ་བ། མཐར་དགེ་རྩ་མཐའ་དག་བཤེས་གཉེན་རྗེས་འཛིན་དུ་བསྔོ་བ་བཅས་ཀྱི་ཤོ་ལོ་ཀ་བཞི་བརྩིས་པས་ཁྱོན་ཤོ་ལོ་ཀ་སུམ་ཅུའི་གྲངས་ངེས་ཤིང་། འཁྱོག་བརྗོད་ཀྱིས་མ་བསླད་པར་རང་བཞིན་དྲང་པོས་རྣམ་ཐར་གྱི་འགངས་འདུ་བར་བྱས་འདུག་པའོ། །
གཉིས་པ། བརྗོད་བྱའི་ནང་དོན་གྱི་ཁྱད་ཆོས།
       བསྟོད་པ་འདི་ནི་ཇོ་བོ་རྗེས་མཛད་པ་འཕྲིན་ལས་དང་ཡོན་ཏན་མང་དག་ཅིག་འབྲོམ་སྟོན་པས་ཚིགས་བཅད་ཀྱི་རྣམ་པར་མཛད་པ་སྟེ། བསྟོད་པ་སུམ་ཅུ་པའི་མཇུག་ཏུ། ཁྱོད་ཀྱི་ཡོན་ཏན་མཐོང་དང་ཐོས་པ་དང་། །དང་བའི་ཡིད་ཀྱིས་ལྷང་ལྷང་གསོལ་འདེབས་ན། །ཞེས་པས་ཀྱང་གསལ་པོར་བསྟན་འདུག་ལ། བསྟོད་པ་འདི་ཉིད་དུ་བརྗོད་བྱའི་ནང་དོན་གྱི་ཆ་ནས་རྗེ་མཉམ་མེད་མར་མེ་མཛད་ཀྱི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ལ་བསྟོད་པ་ཙམ་མ་ཡིན་པར། གང་ནས་སྐྱེ་བ་བཞེས་པའི་རིགས་རུས་ཆོ་འབྲིང་ལས་འཕྲོས་ཏེ་གཞོན་ནུ་ནས་འཇིག་རྟེན་པའི་ལུགས་ཀྱི་བསྟན་བཅོས་སམ་གཞུང་ལུགས་ཐམས་ཅད་དང་བཟོ་དང་། གསོ་བ་དང་། སྒྲ་དང་། གཏན་ཚིགས་དང་། ནང་རིག་པ་སྟེ་རིག་གནས་ཆེ་བ་ལྔ་དང་། སྙན་ངག་དང་སྐར་རྩིས་ལ་སོགས་པ་རིག་གནས་ཆུང་ལྔ། སྒྱུ་རྩལ་སྣ་ཚོགས་པར་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པར་མ་ཟད། ཕྱི་རོལ་བའི་རིག་བྱེད་བཞི་ཐམས་ཅད་ལ་མཁས་ཤིང་མཁྱེན་པ་རྒྱས། དགུང་ལོ་བཅོ་ལྔ་བཞེས་པའི་ཚེ་རིགས་ཐིགས་ཚར་གཅིག་གསན་པས་ཕྱི་རོལ་རྟོག་གེ་པ་མཁས་པར་གྲགས་པ་ཞིག་དང་བརྩད་པས་དེ་ཕམ་པར་མཛད་པས་སྙན་པའི་པའི་གྲགས་པ་རྒྱས་ཤིང་། འདུལ་བའི་སྡེ་སྣོད་སྡེ་བཞི་དང་བཅས་པ་དང་། བདེ་བར་གཤེགས་པའི་བསླབ་པ་དང་བཅས་ལེགས་པར་གསན་པ་དང། རང་དོན་དུ་ཕར་ཕྱིན་དྲུག་ལ་ཡང་ཡང་གོམས་པར་བྱས་ཏེ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པ་དང་། བསྡུ་བའི་དངོས་པོ་བཞི་ལ་སློབ་པའི་དཔལ་དང་འབྱོར་བ་ཡིས་གདུལ་བྱ་གཞན་གྱི་དོན་དུ་ལེ་ལོ་དང་ཕྱོགས་རིས་ལྷུར་མཛད་པ། གཞན་ད་དུང་དད་པ་དང་ཚུལ་ཁྲིམས་སོགས་འཕགས་པའི་ནོར་བདུན་གྱིས་ཐུགས་རྒྱུད་ཡོངས་སུ་ཕྱུག་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཀུན་གྱི་འབྱུང་གནས་སུ་གྱུར་པ་སོགས་ཇོ་བོ་ཆེན་པོའི་གསན་བསམ་གྱི་ཡོན་ཏན་མཆིས་སོ་ཅོག་ནི་ཤོ་ལོ་གཉིས་པ་དང་། གསུམ་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་བཞི་པ། བཅོ་ལྔ་པ། བཅུ་དྲུག་པ་བཅས་ཤོ་ལོ་ཀ་བཅུས་བསྟན་འདུག་པས་བརྗོད་བྱའི་དོན་རྒྱས་ལ་རིང་པ་ཞིག་ཉུང་ངུར་བསྟུངས་པས་འདུ་ཕུལ་ཆེ་བ་དང་གཅིག །
ཇོ་བོ་ཆེན་པོ་ཁོང་ཉིད་ནི་སྐུ་ན་ཕྲ་བའི་དུས་ནས་ཡབ་དང་ཡུམ་གཉིས་གཙོར་གྱུར་ལ་སྲི་ཞུ་བྱེད་པར་མཁས་པས་ཟླ་བའི་སྙིང་པོ་ཞེས་པའི་མཚན་གསོལ་བ་དང་། འཁྲུངས་ནས་ལོ་གཅིག་དང་ཕྱེད་ཀ་སོང་བ་ན་ཕོ་བྲང་གི་ཉེ་འདབས་ཀྱི་ཀ་མ་ལ་པུ་རི་ཞེས་པའི་གཙུག་ལག་ཁང་དུ་ཕེབས་ནས་དགེ་འདུན་བསྙེན་བཀུར་དང་མཆོག་གསུམ་གྱི་རྟེན་རྣམས་ལ་ཕྱག་འཚལ་ཞིང་སྨོན་ལམ་རླབས་པོ་འདེབས་པར་མཛད་པ་དང་། སེམས་ཅན་ཕོངས་ཤིང་ཤིན་ཏུ་སྡུག་བསྔལ་གྱིས་གཟིར་པ་སྐྱོབ་པར་མཛད་ཅིང་མཛད་པ་ལ་ནུས་པའི་ཡབ་ཏུ་གྱུར་པ་དང་། སློབ་མའི་མཆོག་རྒྱལ་བའི་འབྱུང་གནས་རིང་ནས་གམ་དུ་སླེབས་པར་གྲ་སྒྲིག་མཛད་པ་དང་། ཁོ་བོ་འདི་ནས་དགའ་ལྡན་གནས་སོང་ཚེ་ང་ལ་དད་ཅིང་གུས་པར་བྱེད་པ་རྣམས་ནི་དགའ་ལྡན་གནས་ནས་མཇལ་བར་འབྱུང་བར་གསུངས་པ་སོགས་ནི་ཤོ་ལོ་ཀ་གཉིས་པ་དང་། བཞི་པ། བརྒྱད་པ། བཅུ་གཉིས་པ། ཉེར་བཞི་པ་སོགས་སུ་བསྟན་ཡོད་པས། འདོད་ཡོན་ལ་ཆགས་པ་བྲལ་ཞིང་གཞན་དོན་ལ་སྙིང་ནས་བརྩེ་བ། བུ་སློབ་ལ་དམ་ཚིག་ལྡན་པ། ཡབ་ཡུམ་དང་སློབ་དཔོན་གྱི་སྤྱི་ཚོགས་གོ་གནས་དང་གལ་ཆེན་རང་བཞིན་ངོས་ཟིན་པ་དང་། དེ་ལ་བརྩི་བཀུར་བླ་མེད་བྱེད་དགོས་པ་སོགས་ཡ་རབས་སྤྱོད་བཟང་གི་ཐུགས་གཤིས་སམ་ཐུགས་འདུན་མངོན་པར་མཚོན་པ་དང་གཉིས།
       ལོ་རྒྱུས་དང་ལོ་ཙཱ་སོགས་ཀྱི་ཞིབ་འཇུག་རིག་པའི་ངོས་ནས་བལྟས་ཚེ་ཡང་། ཇོ་བསྟོད་སུམ་ཅུ་པ་འདི་ཉིད་མཛད་པའི་དུས་ནི་དུས་ཚིགས་གནད་ཅན་ཞིག་ལ་ཁེལ་ཡོད་པ་སྟེ། དྲན་པ་ཡེ་ཤེས་གྲགས་པ་དང་། ལོ་ཆེན་རིན་ཆེན་བཟང་པོ(958-1055)སོགས་ཀྱིས་གསང་སྔགས་ཀྱི་རྒྱུད་སྡེ་བོད་སྐད་དུ་བསྒྱུར་པ་མན་ཆད་ལ་གསང་སྔགས་གསར་མ་ཟེར། ཞེས་གསུངས་པ་ལྟར་སྐབས་འདིར་ལོ་ཆེན་རིན་བཟང་པོ་ནས་གསང་སྔགས་གསར་རྙིང་གི་ཐ་སྙད་གསར་དུ་ཕྱེས་པར་མ་ཟད། རྔོག་ལོ་ཡབ་སྲས་དང་གྱི་ཇོ་ཟླ་བའི་འོད་ཟེར་སོགས་བོད་དར་རྒྱལ་བའི་བཀའ་དང་བསྟན་པ་སྤེལ་བ་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་སྐད་གཉིས་སྨྲ་བའི་དབང་པོ་རྣམས་སྔ་རྗེས་སུ་བྱོན་པ་དང་། ལྷག་པར་དུ་གསང་སྔགས་ལོག་པར་འཆད་པ་སོགས་མི་སྟེགས་པའི་ཆོས་ལོག་སྤེལ་བ་རྣམས་རྩད་ནས་དབྱུང་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་ཡིན་ལ། དེ་ཡང་ཇོ་བསྟོད་སུམ་ཅུ་བར། གདུལ་བྱ་བོད་དུ་ཡོད་པར་དགོངས་ནས་ནི། །ཁ་བ་ཅན་གྱི་ལྗོངས་སུ་བྱོན་ནས་ཀྱང་། །སྡེ་བ་མི་ཆེན་རྣམས་ཀྱི་བླ་མ་མཛད། །ཅེས་པ་དང་། ཡང་། མཁས་མཆོག་ཁྱེད་འདྲ་བོད་དུ་མ་བྱོན་ན། །སངས་རྒྱས་བསྟན་པ་ཡོད་པར་གྱུར་ཀྱང་ནི། །ཕལ་ཆེར་ཟབ་མོའི་དོན་ལ་རྨོངས་གྱུར་པས། །ཞེས་དང་། བསྟན་བཅོས་སྒྱུར་དང་བསྒྱུར་ཟིན་འཆོས་པ་དང་། །ཡང་དག་ལམ་ལ་ལེགས་པར་འཁྲིད་མཛད་པའི། །ཞེས་པ་དང་། ལྟ་ངན་ལ་ཞེན་ལོག་པའི་ལམ་ལ་ཞུགས། །བདུད་མི་སྟེགས་དབང་ཕྱུག་གྲུབ་མཐའ་ངན། །རིགས་པས་ཚར་བཅད་ཐར་བའི་ལམ་ལ་བཀོད། །ཞེས་ཤོ་ལོ་ཀ་བཅུ་པ་ནས་བཅུ་གསུམ་པའི་བར་བསྟན་འདུག་པ་དང་། གཞན་ནི། གང་དུ་རྒྱལ་པོའི་བཀའ་ཆེམ་གཏེར་དུ་སྦས། །མཁའ་འགྲོས་གཏེར་ཁ་ཕྱེས་ནས་ཁྱོད་ལ་གཏད། །ཤཱཀྱ་མུ་ནེའི་འཇའ་ས་འང་ཁྱོད་ཀྱི་དྲིན། །ཇོ་བོ་བཀའ་དྲིན་ཅན་ལ་གསལ་བ་འདེབས། །ཞེས་པར་རྒྱལ་པོའི་བཀའ་ཆེམས་གཏད་རྒྱ་དང་བཅས་གཏེར་དུ་སྦས་པ་དེ་མཁའ་འགྲོས་གཏེར་ཁ་ཕྱེས་ནས་ཇོ་བོ་རྗེ་ལ་གཏད་ནས་སྤྱན་དྲངས་པ་གསལ་པོར་བསྟན་པ་དང་། ས་བདག་ནད་ཀྱིས་ཟིན་པའི་མི་རྣམས་ལ། །རྟག་པར་ཚེ་འཛིན་གསུངས་པའི་སྐོར་རྣམས་ཀྱང་། །ཁྱོད་ལས་བྱུང་སྟེ་འགྲོ་བའི་ནད་གསོ་མཛད། །ཀླུ་སྒྲུབ་གཉིས་པར་གྲགས་ལ་གསོལ་བ་འདེབས། །ཞེས་སྐབས་དེར་ས་བདག་ཀླུ་ནད་ཀྱིས་ཀུན་ནས་གཙེ་བ་ལ་འགྲོ་བའི་ན་ཚ་སྡུག་བསྔལ་རྣམས་གསོ་བར་མཛད་པས་ཀླུ་སྒྲུབ་གཉིས་པར་གྲགས་ཞེས་སྐབས་དེའི་ལྷ་འཁྲུག་ཀླུ་འཁྲུག་བྱུང་བ་རྣམས་བཟློག་པར་མཛད་ཅིང་། འབྲོམ་སྟོན་བདག་གིས་རྭ་སྒྲེང་ལྷ་ཁང་བཞེངས། །ཞེས་པས་འབྲོམ་སྟོན་པས་རྭ་སྒྲེང་རྒྱལ་བའི་འབྱུང་གནས་ཕྱག་འདེབས(1057)མཛད་པ་སོགས་ནི་ཤོ་ལོ་ཀ་ཉི་ཤུ་པ་དང་ཉེར་གཅིག ཉེར་དྲུག་པ་ལ་གནད་ཀྱི་སྙིང་བོ་བསྡུས་པར་བཀོད་པས་བོད་ཀྱི་ཡིག་སྒྱུར་རིག་པ་དང་ལོ་རྒྱུས་རིག་པར་ཁུངས་ལུང་གསལ་ལྡན་གྱི་ལྗགས་རྟེན་ལྷད་མེད་ཅིག་བསྩལ་པ་དང་གསུམ་བཅས་ནི་བསྟོད་རྩོམ་འདི་ཉིད་ཀྱི་བརྗོད་བྱའི་ནང་དོན་གྱི་ཁྱད་ཆོས་ཤིག་ཏུ་བརྩིས་ག་ལ་མི་ཆོག་སྟེ་ཆོག་གོ །
གསུམ་པ། རྗོད་བྱེད་ཚིག་འགྲོས་ཀྱི་ཁྱད་ཆོས།
       རྗེ་བཙུན་ཙོང་ཁ་པ(1357-1419)ཆེན་པོས། རིགས་ལམ་རྣམ་པར་དཔྱོད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་ཚིག་གི་སྦྱོར་བ་སྤེལ་བར་མཁས་པ་ནི་ས་ཆེན་འཛིན་མའི་ཕང་བ་རུ་རིན་པོ་ཆེའི་ཟླ་བོར་གྲུབ་པ་དང་། མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན། །མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས། །ཞེས་སྙན་ངག་གི་སྦྱོར་བ་ལ་མཁས་པར་བྱེད་པ་ལ་སྔོན་གྱི་མཁས་པས་མཐོང་ཆེན་པོ་སྤྲད་པ་བཞིན། བོད་དུ་ཡང་སྙན་ངག་གི་བསྟན་བཅོས་གྲངས་མེད་པ་བྱུང་བ་ནི་སྔ་རབས་མཁས་པ་རྣམས་ལས་བརྩམས་ཏེ། ད་ལྟའི་བར་བྱུང་ཞིང་རི་བོའི་གཏོས་དང་མཉམ་པའི་བསྟན་བཅོས་ཁག་ཏུ་མཇལ་རྒྱུ་འདུག་ཀྱང་། ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ་ཞེས་པའི་བརྩམས་ཆོས་འདི་ཉིད་ནི་རྩོམ་ལུས་དང་བརྗོད་དོན་སོགས་གང་ཅིའི་ཐད་ནས་ཀྱང་དམིགས་བསལ་རང་བཞིན་གྱི་ཁྱད་ཆོས་ལྡན་པར་གདེང་ཆེན་པོས་བསྙད་ཆོག་པ་སྟེ། བསྟོད་པ་འདི་ཉིད་ནི་སྙན་ངག་མེ་ལོང་བོད་དུ་མ་དར་གོང་གི་སྙན་ངག་གི་མཚོན་བྱེད་ལྟ་བུར་འདྲེན་པར་མ་ཟད། རང་གི་དགེ་བའི་བཤེས་གཉེན་ལ་བསྟོད་པའི་སྙན་རྩོམ་ཐོག་མར་ཡང་དྲངས་ཡོད་པ་རེད། དེ་ལྟར་བསྟོད་རྩོམ་འདིའི་རྗོད་བྱེད་ཚིག་ལ་ཡང་ཕུལ་བྱུང་གི་རྒྱལ་ཁ་སྟེར་ཆོག་ཆོག་ཏུ་འཁུམས་ཤིང་། ཕྱིས་བྱུང་བོད་ཀྱི་མཁས་པ་ཕལ་མོ་ཆེས་མཛད་པའི་སྙན་ངག་བསྟན་བཅོས་ཀྱི་སྣེ་འདྲེན་ལྕགས་ཀྱུ་ཁོ་ན་རུ་ཡང་ངེས་པ་རྙེད་ཡོང་།
       སྤྱིར་ཇོ་བསྟོད་འདི་ཉིད་ནི་རྒྱ་གར་རྩོམ་རིག་གི་ཤན་ཞུགས་ཡོད་པ་ནི་དབུའི་ཤིས་བརྗོད་ཁོ་ནས་ཀྱང་གསལ་ཁ་ཕྱེས་ཡོང་བ་ཞིག་འདུག་ལ། མཛད་པ་པོས་རྩོམ་ལུས་ཚིགས་བཅད་ཀྱི་རྣམ་པར་དྲངས་ཡོད་པ་དང་། ཚིག་རྐང་རེ་རེ་སྔ་ཕྱི་སྡེབ་མི་འཁྲུགས་པར་དོ་མཉམ་པ་དང་། གོང་དུ་བྱུང་བ་བཞིན་ཆ་གསུམ་གྱི་རྗེས་སུ་ཡ་གཅིག་སྦྱར་བས་ཚེག་བར་དགུ་མར་གྲུབ་ཡོད། ལྷག་པར་ཤོ་ལོ་ཀ་སུམ་ཅུ་ཡོད་པ་རེ་རེའི་ཚིག་རྐང་ཆེས་ཕྱི་མར་བསྟོད་པའི་ཡུལ་དེར་གསོལ་བ་འདེབས་པའམ་སྨོན་ལམ་གྱི་ཚིག་ཅིག་སྦྱར་ཡོད་པས་གཏན་ཚིགས་རང་བཞིན་ལྡན་ལ་ཚིག་གི་བརྗོད་སྟོབས་ཆེ་རུ་ཕྱིན་པའི་ཚོར་སྣང་ཞིག་བྱིན་ཡོང་། དེ་ལྟར་སྔོན་གྱི་ཤོ་ལོ་ཀ་གསུམ་ལ་མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །ཞེས་དང་། དེའི་རྗེས་ཀྱི་ཤོ་ལོ་ཀ་བཞི་ལ་དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །ཞེས་གོང་གི་ཤོ་ལོ་ཀ་དག་ཏུ་ཇོ་བོ་ཆེན་པོའི་མཚན་གྱི་རྣམ་གྲངས་སྦྱར་ཡོད་པ་དང་། ཡང་དེའི་རྗེས་ཀྱི་ཤོ་ལོ་ཀ་ཉེར་གསུམ་ལ། སྐྱོབ་པ་ཡབ་གཅིག་བུ་ལ་གསོལ་བ་འདེབས། །མཆོད་ཅིང་བཀུར་འོས་ཁྱོད་ལ་གསོལ་འདེབས། །ལེགས་པར་སྟོན་མཛད་ཁྱོད་ལ་གསོལ་བ་འདེབས། །ཞེས་སོགས་ཇོ་བོའི་ཁྱད་འཕགས་ཡོན་ཏན་གྱིས་རྟིང་གནོན་གྱི་ཚུལ་དུ་མཛད་འདུག་པས། ཀློག་པོ་གང་གི་ཡང་དད་པ་དང་དང་བ་འདྲེན་པའི་ཚིག་གི་སྦྱོར་ཚུལ་རྨད་དུ་བྱུང་། གཞན་བོད་མཁསས་པས། སྙན་འཇེབས་ངག་ལ་འཕོས་པའི་དབྱངས་བདུན་གྱི། །དཀྱིལ་འཁོར་ཕང་བར་འཛེགས་པའི་རྒྱུད་མངས་མཁན། །རོ་ལྡན་འཁྱོག་པའི་ཉམས་ཀྱི་ཚིག་སྦྱོར་སླད། །ཀུན་རྟོག་གསར་བ་གསར་བའི་གར་ལ་འཇུག །ཅེས་གསུངས་པ་བཞིན་སྙན་ངག་ཏུ་བརྡར་འདོགས་རུང་བ་ལ་འཁྱོག་བརྗོད་ཀྱིས་མཛེས་པར་མ་སྤུད་ན་སྙན་རོས་དབེན་པར་མ་ཟད། ལྷག་པར་དུ་སྙན་ངག་ལས་བསྟོད་པའི་ཆར་གཏོགས་ཐམས་ཅད་ནི་ངེས་པར་འུད་ཆེན་པོས་མ་བརྒྱན་ཚེ་བུད་མེད་མཛེས་མ་སྒྲེན་མོར་རྒྱུ་བ་བཞིན་དུ་འགྱུར་བ་ནི་ཕྱིས་བྱུང་བསྟོད་རྩོམ་གྲགས་ཆེ་བ་རྣམས་ལས་ཀྱང་རྟོགས་པར་འགྱུར་མོད། བསྟོད་པ་འདི་ཉིད་མཛད་པའི་དུས་ནི་སྙན་ངག་མེ་ལོང་བོད་དུ་དར་བ་ལྟ་ཅི་ངོ་སྤྲོད་ཀྱང་གནང་མི་འདུག་པའི་དུས་ཤིག་ལགས་པས། དེ་ལྟ་བུའི་ཚིག་རྒྱན་གྱིས་སྦྱོར་བ་ལ་ས་བོན་གྱིས་སྟོང་པར་གྱུར་པ་སྨོས་མེད་རེད། ཡིན་ཡང་། ད་ལྟ་བསྟོད་པ་འདི་ཉིད་སློབ་གཉེར་གྱི་གྲྭ་གང་སར་འཆད་ཉན་སྤེལ་བཞིན་མཆིས་པར་བོད་ཕྱི་རབས་པས་མཛད་པའི་བསྟོད་པ་དང་རྣམ་ཐར། རྟོགས་བརྗོད་སོགས་ཚིགས་བཅད་དུ་སྤེལ་བ་རྣམས་དང་བསྡུར་ཚེ། ཆོས་རྗེ་ཙོང་ཁ་པ་ཡབ་སྲས་ཀྱིས་མཛད་པ་གཙོས་པའི་བསྟོད་པ་གྲགས་ཆེ་ཞིང་ཁྱད་འཕགས་སུ་འདྲེན་བཞིན་ཡོད་པ་རྣམས་ལ་ཡང་བསྟོད་པ་འདི་ཉིད་ཀྱི་ཤན་ཞུགས་པ་ཅི་ལ་མིན་ཏེ། ཤེས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པ་ཡང་དེ་ཡི་སྒོ། །ཞེས་པ་ལྟར་བསྟོད་པ་འདིའི་དབུར་བསྟན་བཅོས་ལ་འཇུག་པའི་སྒོ་ཤིས་པར་བརྗོད་པ་རུ“བདེ་ལེགས་སུ་གྱུར་ཅིག”ཅེས་པའི་ཚིག་འདི་ནི། འཇམ་མགོན་ཙོང་ཁ་པ་ཆེན་པོས་གོང་མ་ཏཱ་མིང་རྒྱལ་བོར་བསྩལ་བའི་ཆབ་ཤོག་སོགས་སྙན་རྩོམ་འགའ་ཞིག་གི་དབུར་སྦྱར་ཡོད་པ་དང་། གཞན་ན་ད་དུང་ཇོ་བསྟོད་ཀྱི་ཤོ་ལོ་ཀ་རེ་རེའི་མཐའ་ལ་གསོལ་འདེབས་དང་སྨོན་ལམ་གྱི་མཚམས་སྦྱར་པའི་ཚིག་རྐང་གོང་འོག་ཆ་འགྲིག་པ་རྣམས་མཇུག་བར་དུ་སྦྱར་ཡོད་པ་བཞིན་དུ། ཞང་སྟོན(1825-1897)གྱི་བསྟོད་པ་རུ། རྫུ་འཕྲུལ་མཆོག་འབར་སྦས་པའི་བརྟུལ་ཞུགས་ཅན་ལ་འདུད། །ཅེས་སུ་བྱ་བ་དང་། སྟག་ཚང་ལོ་ཙཱ་བས(1405-)མཛད་པའི་རྗེའི་འགྱོད་ཚངས་སུ་སྙན་གྲགས་དྲི་བསུང་འཐུལ་བ་ཁྱོད་ལ་འདུད། །རྨོངས་པའི་མུན་ཀུན་སྤངས་པ་ཁྱོད་ལ་འདུད། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད། །ཅེས་ཤོ་ལོ་ཀ་རེ་རེའི་མཇུག་ཏུ་སྦྱར་འདུག་པ་དང་། དེ་ལས་བརྒལ་ཏེ་བསླབ་བྱའི་ལུགས་ཀྱི་རྩོམ་པ་ཆེས་ཆར་དར་བ་ནས་འཇམ་དབྱངས་ཁ་ཆེ་པཎ་ཆེན(1239-1339)གྱི་སྙིང་གཏམ་བཅུ་གསུམ་ཞེས་བྱ་བར། ལོག་ལྟས་སྒྲོ་སྐུར་མ་འདེབས་སྙིང་གཏམ་ཡིན། །རང་གཞན་གཉིས་ཀ་མ་འཕུང་སྙིང་གཏམ་ཡིན། །དགོས་པའི་དུས་སུ་མི་བསླུ་སྙིང་གཏམ་ཡིན། །ཞེས་པ་དང་། གུང་ཐང་བསྟན་པའི་སྒྲོན་མེས(1762-1823)མཛད་པའི་གུང་ཐང་བསླབ་བྱ་རུ་ཡང་། འགོ་བའི་ནད་བཞིན་རིང་དུ་སྤོངས་ཤག་ཨང་། །བརྩོན་པ་ཆུ་བོའི་རྒྱུན་བཞིན་རྟེན་ཅིག་ཨང་། །ཞེས་ཤོ་ལོ་ཀ་རེ་རེའི་མཇུག་གི་རྐང་བར་ཡིད་ཆེས་རུང་བའི་ཚིག་གི་སྣོན་མར་སྙིང་གཏམ་ཡིན་ཞེས་དང་དགེ་ལེགས་སུ་སྐུལ་བའི་སླད་དུ་གྱིས་ཤིག་ཨང་སོགས་སྦྱར་ཡོད་པར་གཞིགས་ན། འབྲོམ་སྟོན་པའི་ཇོ་བསྟོད་སུམ་ཅུ་པ་ནས་བརྩམས་ཏེ་མི་ཆོས་གནད་ཀྱི་ཕྲེང་བ་སོགས་བསྟོད་རྩོམ་དང་གསོལ་འདེབས་སོགས་སྤེལ་སྟངས་ཀྱི་རྩོམ་པའི་ཕྱི་མོར་གཏུག་ཆོག་པས་ཀྱང་། ཚིག་སྦྱོར་གྱི་ཁྱད་ཆོས་རྨད་དུ་བྱུང་བར་རང་ཤུགས་ཀྱིས་གོ་བ་བསྐྱེད་ཡོང་བ་ལགས་སོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།