སྲོལ་རྒྱུན་གྱི་སྙན་ངག«བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད»ཀྱི་ཁྱད་ཆོས་ཅུང་ཟད་གླེང་བ།

རྩོམ་པ་པོ།:དཀོན་མཆོག་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-06-10 09:36:18 ཀློག་གྲངས།:
དང་པོ། ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱི་སློབ་གསོའི་བསམ་བློ།
       སྔོན་ཚེ་སྔོན་གྱི་རྒྱལ་བ་དུ་མ་ལ། །ལྷག་བསམ་ལྷག་པར་བསྐྲུན་པའི་མཐུ་བརྟས་པ། །རྒྱལ་བའི་རྒྱལ་སྲས་དམ་པ་རྟག་ཏུ་ངུས། །ཆོས་ཕྱིར་ཆོས་འཕགས་བསྟེན་ཚུལ་འདིར་བཤད་བྱ། །ཞེས་རྩོམ་གྱི་མགོ་ནས་བཟུང་སྔོན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་དགེ་བའི་བཤེས་གཉེན་ཆོས་འཕགས་བསྟེན་པའི་ཚུལ་གསལ་པོར་བསྟན་ཡོད་པས་སྙན་ངག་འདིའི་མགོ་མཇུག་བར་གསུམ་ཀུན་ཏུ་སློབ་མ་གང་ཞིག་གིས་བཤེས་གཉེན་སུ་བསྟེན་པ་དང་། ཚུལ་ཇི་ལྟར་བསྟེན་པ། དགོས་པ་ཅིའི་ཕྱིར་བསྟེན་པ་སོགས་བྱེད་པ་བཞིའི་སྒོ་ནས་བརྩམས་ཡོད་ཅེས་ཀྱང་མ་ཁྱབ་པ་ཆེར་མེད་དོ། །«ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད»ལས། མེ་ཏོག་བསྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱ། །བླ་མ་ལ་ནི་ཡང་དག་དད། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་དྲི། །ཉན་པོ་ཡན་ལག་དྲུག་དང་ལྡན། །ཞེས་པ་བཞིན། བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལས་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་དེར་ཞབས་ཏོག་བསྙེན་བཀུར་སྒྲུབ་ཚུལ་སོགས་གསལ་པོར་བསྟན་ཡོད་ལ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་སློབ་དཔོན་ཆོས་འཕགས་བཤེས་གཉེན་དུ་བསྟེན་ཆེད་ཆོས་ཀྱི་སྦྱིན་པ་དང་ཟང་ཟིང་གི་སྦྱིན་པ་ཕུལ་ཚུལ་ལས་ཀྱང་དེ་དག་གསལ་པོར་མཚོན་ཐུབ། གཞན་ཡང་། «མདོ་རྒྱུད་རིན་པོ་ཆེའི་མཛོད»ལས། ཚུལ་བཞིན་བསྟེན་པའི་ཕན་ཡོན་བསམ་མི་ཁྱབ། །ཉེས་སྐྱོན་སྡུག་བསྔལ་རྒུད་པ་མཐའ་དག་འཛད། །ལེགས་ཚོགས་ཡོན་ཏན་ཉམས་རྟོགས་གཏེར་ཆེན་རྡོལ། །བསྟན་དང་འགྲོ་བའི་ཕན་བདེ་བྱེད་པོར་འགྱུར། །ཞེས་པ་བཞིན། རྟག་ཏུ་ངུས་ལུས་སེམས་ཀྱི་དཀའ་བ་མཐའ་དག་ཁྱད་དུ་བསད་དེ་བཤེས་གཉེན་བསྟེན་པ་དེ་ཡང་མདོར་དེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ལེན་པར་དམིགས་པ་ཡིན་ལ། དམིགས་པ་དེ་ཡང་མདོར་དེད་ན་ཤེར་ཕྱིན་གྱི་གདམས་པ་ཉམས་སུ་བླངས་ཏེ་འགྲོ་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་བསྐྱབས་ཏེ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་དུ་འགོད་པའི་བསམ་པ་ལས་མ་འདས་སོ།  །གཞན་ཡང་། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་དང་། «རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ»ལས། དེ་ལྟར་བློ་གྲོས་ཕྲ་ཞིང་མཛངས་པ་དང་། །ཀུ་ཤའི་རྩེ་ལྟར་མ་གྱུར་དེ་སྲིད་དུ། །ངོམས་མི་སླ་བར་རིགས་པའི་གཞུང་ལུགས་ལ། །མཁས་པའི་བཤེས་ལ་བསྟེན་ཏེ་ལེགས་པར་སྦྱངས། །ཡང་དེ་ཉིད་ལས། དེ་ལྟར་རིན་ཆེན་རྣམ་པ་གསུམ་གའི་ཡང་། །རྩ་བ་དམ་པ་ཐེག་མཆོག་དགེ་བའི་བཤེས། །འདིས་མ་ཟིན་ན་སྐྱེ་བ་དུ་མར་ཡང་། །ངལ་བརྒྱས་འབད་ཀྱང་རྟོགས་པར་མི་འགྱུར་བ། །ཞེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་ནི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན་ལ། སྙན་རྩོམ་འདི་ཡང་ཆེད་དུ་དགེ་བའི་བཤེས་གཉེན་བསྟེན་ཚུལ་གཙོ་བོར་བཟུང་ནས་བརྩམས་ཡོད་པས། འདི་ལས་བོད་ཀྱི་དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱི་སྲོལ་རྒྱུན་སློབ་གསོའི་ཟུར་མང་པོ་ཞིག་རྟོགས་ཐུབ་པ་ཡིན། དེ་བས་རྟག་ཏུ་ངུའི་རྟོགས་བརྗོད་ནི་ཚིག་གི་སྙན་རོ་ཕུན་སུམ་ཚོགས་པའི་སྙན་ངག་ཕུལ་དུ་བྱུང་བ་ཞིག་ཡིན་པར་མ་ཟད། མཉེས་པ་གསུམ་གྱི་སྒོ་ནས་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་དགོས་ཚུལ་དཔེའི་ལམ་ནས་བསྟན་པའི་གཞུང་རྨད་དུ་བྱུང་བ་ཞིག་ཀྱང་ཡིན་པས། མཁས་པའི་དབང་པོ་ཤར་གདོང་རིན་པོ་ཆེ་མཆོག་གིས་ཀྱང“བཤེས་གཉེན་བསྟེན་ཚུལ་གྱི་ཟབ་གནད་མཐར་ཐུག་པ་རྟག་ཏུ་ངུའི་རྟོགས་བརྗོད”ཅེས་ཚད་མཐོའི་གདེངས་འཇོག་དང་གནད་དུ་སྨིན་པའི་སྡོམ་ཚིག་བཀོད་ཡོད་དོ། །
གཉིས་པ། སྒྲ་རྒྱན་སྦྱར་བ་ནི་སྙན་ངག་འདིའི་རྗོད་བྱེད་ཚིག་གི་ཁྱད་ཆོས་གཙོ་བོར་གྲུབ།
       སྙན་རྩོམ་གང་ལ་མཚོན་ནའང་བསམ་བློ་ནི་དོན་གྱི་ཆ་ནས་སྟོན་དགོས་ཀྱང་། ཡི་གེའི་སྒྲ་གདངས་ཀྱི་ལྕི་ཡང་། ཚིག་གི་སྦྱོར་བ། དཔེ་འགོད་སྟངས་སོགས་ཀྱང་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ་བརྗོད་དོན་གསལ་པོར་སྟོན་པའི་རྐྱེན་དུ་འགྱུར་བས། ཚིག་གི་སྒྱུ་རྩལ་ནི་བརྗོད་དོན་གྱི་གཞོན་ནུ་མ་མཛེས་པར་བྱེད་པའི་འཕྱོར་གོས་དང་རྒྱན་ཆ་ལྟ་བུ་ཡིན། དེ་བས་སྙན་ངག་གི་གཞུང་དག་ཏུའང་དོན་གྱི་ཉམས་གཙོ་བོར་སྟོན་པ་ལ་དོན་རྒྱན། ཚིག་གི་ཉམས་མི་འདྲ་བ་གཙོ་བོར་སྟོན་པ་ལ་སྒྲ་རྒྱན་ཞེས་དོན་རྒྱན་དང་སྒྲ་རྒྱན་གཉིས་ཀྱི་ཁྱད་པར་ཡང་སོ་སོའི་བྱེད་ལས་མི་འདྲ་བའི་སྒོ་ནས་བཞག་འདུག ། དེ་བས་རྟག་ངུའི་རྟོགས་བརྗོད་དུ་དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱི་གཞུང་དོན་ཟབ་མོའི་རྒྱ་མཚོའི་གཏིང་མཐའ་གཞལ་ནུས་པར་མ་ཟད། ཡིད་ཀྱི་ཚོར་འདུ་ཟབ་མོའི་ཆུ་ཡི་རླབས་རིས་ཀྱང་མངོན་སུམ་དུ་མཐོང་ཐུབ་པ་ཡིན་ཏེ། དེ་ནི་གཙོ་བོ་ཚིག་ཉམས་ཕུན་སུམ་ཚོགས་པའི་སྟེང་ནས་མཐོང་ཐུབ་ལ། དེ་ཡང་མདོར་དེད་ན་མ་བཅོས་རང་བྱུང་དུ་བརྡོལ་བའི་སྒྲ་རྒྱན་གྱི་ཉམས་ཁྱད་པར་བ་དེ་ལས་འབྱུང་སྟེ། དཔེར་ན། གཞུང་དེ་ཉིད་དུ། ཀ་བ་དུ་མས་ལེགས་དཀྲིགས་ཀ་གཞུ་ནོར་བུའི་ཕྲ་ཡིས་སྤྲས། །ཁ་ཁྱེར་ཁྱུང་བརྩེགས་ལེགས་བསྐོར་ཁ་བད་བུ་ཤུ་སྤ་ཞིང་མཐོ། །པ་ཏྲ་འཁྱིལ་བས་ཀུན་ནས་ལེགས་བརྒྱན་པ་ལ་ཤ་ལྟར་ཡིད་འོང་བརྗིད། །བ་གམ་མང་པོས་ཀུན་ནས་ལེགས་སྤྲས་བ་མོའི་མདངས་ལྟར་ཆེས་དཀར་གསལ། །ཞེས་པ་ཀ་དང་ཁ། པ་དང་བ་སོགས་ཡི་གེ་དུ་མའི་སྒོ་ནས་རྗེས་ཁྲིད་ཀྱི་སྒྲ་ཉམས་ཐོན་པས་སྙན་པའི་ཡོན་ཏན་མངོན་པ་དང་། གཞན་ཡང་། རྟེན་འབྲེལ་སྒྱུ་མ་ཐུགས་ཆུད་ནས། །ཆོས་ཀུན་སྒྱུ་མ་སྟོན་མཛད་པ། །རྒྱལ་སྲས་སྒྱུ་མ་མཁན་དེ་ཡིས། །ལེགས་བཤད་སྒྱུ་མ་ལས་བྱུང་པའི། །བཀོད་པ་སྒྱུ་མ་ལྟ་བུ་འདི། །གདུལ་བྱ་སྒྱུ་མའི་སེམས་ཅན་ལ། །རྣམ་འཕྲུལ་སྒྱུ་མའི་ཚུལ་བསྟན་པ། །བདག་གིས་སྒྱུ་མའི་གཟུགས་སུ་མཐོང་། །ཞེས་པ་རྐང་པ་བརྒྱད་པོའི་དབུས་ན་ཡོད་པའི་ཟུང་ལྡན་གྱི་རྒྱན་སྤྱད་ཅིང་། ཡང་དེ་ལས། སྣང་བཞིན་མེད་ཕྱིར་སྣང་བས་སྟོང་། །སྟོང་བས་སྣང་ཕྱིར་མེད་བཞིན་སྣང་། །ལམ་ཟབ་ཆེས་དཀའ་རྟོགས་པས་མཁས། །མཁས་པས་རྟོགས་དཀའ་ཆེས་ཟབ་ལམ། །མཁས་པས་རྟོགས་ཉིད་དེ་བཞིན་གནས། །གནས་བཞིན་དེ་ཉིད་རྟོགས་པས་མཁས། །རྨོངས་རྣམས་མཐོང་པ་ལོག་པས་ཁྲིད། །འཁྲུལ་བས་ལོག་པ་མཐོང་རྣམས་རྨོངས། །ཞེས་པའི་ཚིགས་བཅད་འདི་ནི་ཚིག་རྐང་གཅིག་ཉིད་ལུགས་འབྱུང་དང་ལུགས་ལྡོག་ཇི་ལྟར་བཀླགས་ཀྱང་གཅིག་ཏུ་སྣང་བའི་ཁྱད་ཆོས་ལྡན། གཞན་ཡང་། ལེགས་ལམ་ལེགས་པར་སྟོན་པའི་ངག །སྒྲ་སྙན་སྒྲ་འདྲ་དེ་ཐོས་ནས། །ཇི་བཞིན་ཇི་ལྟར་བསྟན་པའི་ཚུལ། །དེ་ལྟར་དེ་ཡི་རྗེས་སུ་ཞུགས། །ཞེས་པ་ལྟར། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཚོལ་ཆེད་སློབ་དཔོན་ཆོས་འཕགས་བསྟེན་པའི་ལམ་བར་དུ་ནམ་མཁའ་ལས་བྱུང་བའི་སྒྲའི་གྲག་ཚུལ་ཞིབ་འབྲི་བྱས་པའི་སྐབས་ཀྱི་སྙན་རོས་ཕྱུག་པའི་ཚིག་སྦྱོར་བས་བཅིངས་ཡོད་པ་ལྟ་བུའོ། །གཞན་ཡང་སྒྲ་རྒྱན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་སྤྱད་པའི་ཚིགས་བཅད་ཀྱི་སྦྱོར་བ་ཧ་ཅང་མང་ཡང་ཡོད་ཚད་བཀོད་ན་ཡིག་ཚོགས་ཀྱིས་འཇིགས་པས་ཚབ་མཚོན་ཙམ་ལས་མ་བཀོད་པ་ཡིན། མདོར་ན་སྙན་ངག་འདིའི་སྤྱིའི་ཆ་ལའང་སྒྲ་རྒྱན་གྱིས་བཅིངས་པ་ཤུགས་ཆེ་བས་ཐུན་མོང་མ་ཡིན་པའི་སྒྲ་རྒྱན་སྦྱར་པ་ནི་སྙན་ངག་འདིའི་སྒྱུ་རྩལ་གྱི་ཆ་གཙོ་བོ་ཞིག་ཏུ་མཐོང་ཐུབ།
གསུམ་པ། ཐུན་མིན་རྩོམ་སྟངས་ཀྱི་ཁྱད་ཆོས།
       ཤིས་བརྗོད་ཕྱག་བྱ་དངོས་པོ་དང་། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་གསུངས་པ་ལྟར་རྟོགས་བརྗོད་འདིར་ཡང་བོད་སྔ་རབས་ཀྱི་མཁས་པའི་ལུགས་ལྟར་མཆོད་བརྗོད་དང་། དངོས་པོ་ངེས་བསྟན། རྩོམ་པར་དམ་བཅའ་བ་སོགས་བསྟན་བཅོས་ལ་འཇུག་པའི་སྒོ་གསུམ་དང་ལྡན་པར་བྲིས་ཡོད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་ཞིག་རྟོགས་ན་མཐའ་དག་སྤྲོས་པའི་ཚོགས། །འདབ་བརྒྱའི་གཉེན་གྱིས་རེག་པའི་བ་མོ་བཞིན། །མ་ལུས་དྲུང་ནས་འབྱིན་པ་ཟབ་མོའི་ལམ། །བརྒྱ་ཕྲག་དཀའ་བས་བསྒྲུབ་ལ་བརྩོན་རྣམས་རྒྱལ། །ཞེས་པས་མཆོད་བརྗོད་དང་ཕྱག་བྱ་གཉིས་མཉམ་གཅིག་ཏུ་བྲིས་འདུག་ལ། སྤྱིར་ཡང་མཆོད་བརྗོད་དང་ཕྱག་བྱ་གཉིས་འབྲི་ལུགས་མི་འདྲ་བ་ཙམ་ལས་བླ་མ་དང་སངས་རྒྱས་བྱང་སེམས་གང་རུང་གི་སྐུ་གསུང་ཐུགས་གསུམ་དང་། གསང་བ་གསུམ་གྱི་ཡོན་ཏན་དང་ཆེ་བ་བརྗོད་པའི་ཆ་ནས་ཁྱད་པར་མེད་དེ། མཆོད་བསྟོད་འདུད་པའི་བདག་ཉིད་ཅན། །ཤིས་པར་བརྗོད་སོགས་མི་འགལ་ཏེ། །ཐམས་ཅད་དུ་ཡང་སྟོན་པ་ཡི། །ཆེ་བ་འབའ་ཞིག་སྟོན་ཕྱིར་རོ། །ཞེས་གསུངས་པས་ཕྱིར་རོ། །
       ཡང་སྔོན་ཚེ་སྔོན་གྱི་རྒྱལ་བ་དུ་མ་ལས། །ལྷག་བསམ་ལྷག་པར་བསྐྲུན་པའི་མཐུ་བརྟས་པ། །རྒྱལ་བའི་སྲས་དང་དམ་པ་རྟག་ཏུ་ངུས། །ཆོས་ཕྱིར་ཆོས་འཕགས་བསྟེན་ཚུལ་འདིར་བཤད་བྱ། །ཞེས་དངོས་པོ་ངེས་བསྟན་དང་རྩོམ་པར་དམ་བཅའ་བ་གཉིས་ཀྱང་ཤོ་ལོ་ཀ་གཅིག་གིས་གྲུབ་པར་བྱས་ཡོད་ལ། སྙན་ངག་གི་གཞུང་དངོས་ནི་མི་སྣ་ཕན་ཚུན་བར་གྱི་ཁ་བརྡ་དང་། མི་སྣ་ཆིག་རྐྱང་པའི་སྐད་ཆ། སེམས་འགྱུ། མདོར་བསྡུ་སོགས་ཕུན་སུམ་ཚོགས་པའི་ཀུན་རྟོག་དང་ཚད་མཐོ་བའི་སྙིང་བསྡུས་ཀྱི་སྒོ་ནས་ཚིགས་བཅད་དུ་སྡེབ་ཡོད་ལ། ལྗོངས་བཀོད་ཞིབ་འབྲི། མི་སྣའི་སྣང་བརྙན་གསར་བཞེངས་བྱེད་པ་སོགས་ལྷུག་པ་རྐྱང་པའི་ལམ་ནས་བྲིས་ཡོད་པས། རྩོམ་སྟངས་ཀྱི་ཐད་བཅད་ལྷུག་སྤེལ་མར་གྲུབ་པའི་ཁྱད་ཆོས་ཡོད། དཔེར་ན། དེའི་ཚེ་ཚོང་དཔོན་གྱི་བུ་མོ་ཞིག་གཟུགས་མཛེས་ཤིང་ལྟ་ན་སྡུག་པ། ལང་ཚོ་དར་ལ་བབ་པ། མིག་ཨུཏྤལ་སྔོན་པོ་ལྟ་བུ་སྐྲ་མཐོན་མཐིང་དུ་འདུག་ཅིང་ནུ་མ་རབ་ཏུ་རྒྱས་པ། དགའ་ཚལ་གྱི་ལྷའི་བུ་མོ་ལྟ་བུ་ཡོད་དེ། ཞེས་ཚོང་དཔོན་གྱི་བུ་མོའི་མཛེས་ཆ་དོད་པའི་གཟུགས་བྱད་ཚིག་ལྷུག་གི་ལམ་ནས་གསོན་ཉམས་ལྡན་པར་བྲིས་ཡོད་པ་དང་། ཡིད་ལ་བུད་ཤིང་མེད་ན་ཡང་། །སྡུག་བསྔལ་མེ་ཆེན་རབ་འབར་ཞིང་། །མིག་གི་མཁའ་ལ་སྤྲིན་མེད་ཀྱང་། །མཆི་མའི་ཆར་རྒྱུན་འབབ་པར་གྱུར། །ཅེས་ཡིད་ཀྱི་གདུང་བ་མཚོན་པའི་དོན་ཚིགས་བཅད་ཀྱི་ལམ་ནས་བྲིས་ཡོད། །འདི་དང་རིགས་འདྲ་བ་མང་དུ་འདུག་པས་མང་པོ་དྲངས་ཀྱང་འགྲེལ་བཤད་ཀྱི་ཚུལ་དུ་འགྲོ་བར་ངེས་པས་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱས་སོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།