ནུབ་ཕྱོགས་སུ་དར་བའི་དེང་རབས་རྩོམ་རིག་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།:རིན་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-05-22 09:31:38 ཀློག་གྲངས།:
       ནུབ་ཕྱོགས་སུ་དར་བའི་དེང་རབས་རྩོམ་རིག་ནི་བོད་འགྱུར་དེང་རབས་རྩོམ་རིག་གི་མ་དཔེ་ལྟ་བུར་གྱུར་ཡོད་མོད། འོན་ཀྱང་འཕོ་འགྱུར་རབ་དང་རིམ་པ་བྱུང་བས། དེ་དང་གཅིག་མཚུངས་སུ་བལྟ་མི་རུང་། དེ་བས་ཆུ་མགོ་གངས་ལ་གཏུགས་པའི་དཔེ་བཞིན། འདིར་ནུབ་ཕྱོགས་སུ་དར་བའི་དེང་རབས་རྩོམ་རིག་གི་སྐོར་རགས་ཙམ་གླེང་རྒྱུ་ཡིན།
       དུས་རབས་བཅུ་དགུ་པའི་ཡས་མས་སུ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་དེང་རབས་རིང་ལུགས་ཀྱིས་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་ཚབ་བྱས་ཏེ་རྩོམ་རིག་གསར་རྩོམ་གྱི་ཁ་ཕྱོགས་གཙོ་བོར་གྱུར་པ་དང་། དེར་ཡང་ནང་གསེས་སུ་གྲུབ་མཐའ་ཆེ་ཆུང་མི་འདྲ་བ་སྣ་ཚོགས་བྱུང་། ཕྱིས་སུ་སུའུ་ལེན་རྒྱལ་ཁབ་ཏུ་ཟླ་བཅུ་པའི་གསར་བརྗེ་བྱུང་བ་དང་བསྟུན། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་དར་མགོ་བརྩམས་པ་དང་། དེ་བཞིན་དུ། ཡ་གླིང་དང་ཧྥེ་གླིང་དང་ལ་ཏིང་མེ་གླིང་སོགས་སུ་ཡང་མི་རིགས་ཀྱི་བྱུང་བ་བརྗོད་པའི་རྩོམ་རིག་གསར་རྩོམ་གྱི་ཡོ་ལང་རྒྱས་པར་གྱུར།
དང་པོ། ནུབ་ཕྱོགས་ཀྱི་རྩོམ་རིག
       དེང་རབས་ཀྱི་དུས་སྐབས་སུ། དེང་རབས་རིང་ལུགས་ཀྱི་གསར་རྩོམ་དེ་རྩོམ་རིག་གི་ཁ་ཕྱོགས་གཙོ་བོར་གྱུར་ནའང་། དངོས་ཡོད་རིང་ལུགས་ཀྱི་གྲུབ་མཐའ་འཛིན་པའི་རྩོམ་པ་པོ་ཁྱུ་ཞིག་གིས་གསར་རྩོམ་གྱི་འབྲས་བུ་མི་དམན་པ་བླངས་ཡོད་དེ། དབྱིན་ཇིའི་འཁྲབ་གཞུང་རྩོམ་པ་པོ་ཞོ་པོ་ནཱ་ལགས་ལ་མཚོན་ན། ཁོང་གི་འཐུས་ཚབ་བརྩམས་ཆོས«ཀུ་ཤུའི་ཤིང་རྟ»ཞེས་པར། དབྱིན་ཇིའི་གྲོས་ཚོགས་ལམ་ལུགས་དམིགས་འབེན་དུ་བཟུང་ཞིང་། ནང་བློན་གྱི་གྲོས་མོལ་བྱུང་རིམ་དུ་བཀོད་དེ་མ་རྩ་རིང་ལུགས་ཀྱི་དམངས་གཙོའི་གསོབ་རྫུའི་ཆ་དེ་ལྷང་ལ་ཕུད་ཡོད་པ་རེད། ཧྥ་རན་སིའི་རྩོམ་པ་པོ་ལོ་མན་ལོ་ལན་ལགས་ཀྱིས་མཛད་པའི«ཡོ་ཧན་ཁི་རེ་སི་ཏོ་ཧྥུ»ཞེས་པར། དྲང་བདེན་སྐྱོང་བའི་དབྱངས་རྩོམ་མཁན་ཞིག་གིས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་གྱི་ཆེད་དུ་ནག་ཕྱོགས་མ་རུངས་པ་དང་འཐབ་རྩོད་དཔྱིས་ཕྱིན་བགྱིས་པའི་ལོ་རྒྱུས་བྲིས་གནང་མཛད་ཅིང་། དེ་ནི་ཕུགས་བསམ་རིང་ལུགས་དང་དངོས་ཡོད་རིང་ལུགས་ཟུང་དུ་འབྲེལ་བའི་བརྩམས་ཆོས་ཤིག་སྟེ། དུས་རབས་ཉེར་གཅིག་པའི་ཆེས་རླབས་ཆེ་བའི་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་བརྩམས་ཆོས་དང་པོར་བགྲང་བ་རེད།
       དེང་རབས་རིང་ལུགས་ཀྱི་གྲུབ་མཐའ་དར་རྒྱས་ཆེ་རུ་ཕྱིན་པའི་དབང་གིས་དངོས་ཡོད་རིང་ལུགས་པ་སྐོར་ཞིག་ཀྱང་གསར་རྩོམ་ལག་ཐབས་ཀྱི་ཆ་ནས་དེང་རབས་རིང་ལུགས་ཀྱི་ཕྱོགས་སུ་གཞོལ་བར་གྱུར་ཅིང་། དེའི་འཐུས་ཚབ་མི་སྣར་ཨ་རིའི་ཧེ་མིན་ཝེ་བརྩི་ཆོག་གོ །ཁོང་གི་བརྩམས་ཆོས་ལ«ཉི་མ་སྔར་བཞིན་འཆར་འོང»ཞེས་པ་དང་། «ཉ་པ་དང་རྒྱ་མཚོ»ཞེས་པ་སོགས་མཆིས།
       དེང་རབས་རིང་ལུགས་དེ་རྩོམ་རིག་ལས་འགུལ་ཞིག་གི་ཆ་ནས་བཤད་ན།  དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་བྱུང་བ་དང་། དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུའི་སྐབས་སུ་དར་བའི་རྩེ་མོར་སོན་ཏེ་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་ཚབ་བྱེད་དུ་གྱུར་ཏོ། །དེང་རབས་རིང་ལུགས་ནི་འཆར་ཡན་རིང་ལུགས་ལྟར་དུངས་པ་མངོན་སུམ་དུ་སྟོན་པ་ཞིག་མིན་ལ། དངོས་ཡོད་རིང་ལུགས་ལྟར་ཕྱི་ཡུལ་ཇི་བཞིན་དུ་འབྲི་བ་ཞིག་ཀྱང་མ་ཡིན་པར། དེའི་ཁྱད་ཆོས་ནི་རྩོམ་པ་པོ་རང་ཉིད་ཀྱི་མཐོང་སྣང་གཙོ་བོར་འཛིན་པ་དང་རྟོག་བཏགས་ཀྱི་སྒོ་ནས་སེམས་ཀྱི་འཆར་སྒོ་ཤར་མར་དུ་འབྲི་བ་ཞིག་རེད། སྒྱུ་རྩལ་ལག་ཐབས་ཀྱི་ཆ་ནས་བཤད་ན། དེས་སྲོལ་རྒྱུན་གྱི་འབྲི་ཐབས་ལ་ཅི་མི་སྙམ་པའི་ལྟ་ཚུལ་བཟུང་ཡོད་པ་དང་། སྔར་མེད་ཡ་མཚན་ཅན་གྱི་རྣམ་པ་དང་ལག་ཐབས་དང་མཚོན་ཚུལ་སྣ་ཚོགས་བཀོལ་སྤྱོད་བྱེད་པར་རངས།
       སྤྱིར་དེང་རབས་རིང་ལུགས་ཞེས་པ་ནི་སྤྱི་མིང་ཞིག་སྟེ། དེར་ཡང་ནང་གསེས་སུ་བསྡུས་བརྗོད་རིང་ལུགས་དང་མངོན་མཚོན་རིང་ལུགས་དང་རྟོག་པ་འོག་འགྱུ་སྨྲ་བ་སོགས་རིགས་མང་དུ་མཆིས། དེའི་ཁྲོད་དུ། བསྡུས་བརྗོད་རིང་ལུགས་ནི་ནུབ་ཕྱོགས་དེང་རབས་རིང་ལུགས་ཀྱི་རྩོམ་རིག་ཁྲོད་དུ་བྱུང་བ་ཆེས་སྔ་ཞིང་དར་ཡུན་ཆེས་རིང་བ།ཤུགས་རྐྱེན་ཆེས་ཆེ་བའི་ཡ་གྱལ་ཞིག་རེད། གྲུབ་མཐའ་འདི་ཆེས་ཐོག་མར་ཧྥ་རན་སི་རྒྱལ་ཁབ་ཏུ་བྱུང་བ་དང་ཕྱིས་སུ་ཡོ་རོབ་གླིང་དང་ཨ་རི་སོགས་སུ་དར། དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུའི་ཡས་མས་སུ་འཕེལ་རྒྱས་ཀྱི་རྩེ་མོར་སོན་པ་དང་། དེ་ལ་བསྡུས་བརྗོད་རིང་ལུགས་ཕྱི་མ་ཞེས་སུ་བརྗོད།བསྡུས་བརྗོད་རིང་ལུགས་ཕྱི་མའི་གྲུབ་འབྲས་གཙོ་བོ་དེ་སྙན་ངག་གི་སྟེང་ན་ཡོད་དེ། དཔེར་མཚོན་མི་སྣར་དབྱིན་ཇིའི་སྙན་ངག་པ་ཆེན་པོ་ཨེ་ལད་ཐི་བགྲང་བ་རེད། ཁོང་ཚོས་བསྡུས་བརྗོད་དང་ཤུགས་བསྟན།དྲན་འཕྲུལ་བཅས་ལ་བརྟེན་ནས་ལྐོག་གྱུར་གྱི་གནས་ལུགས་དང་བརྩེ་དུངས་སྟོན་པར་བྱེད་དོ། །མངོན་མཚོན་རིང་ལུགས་ཀྱི་ཕྱོགས་ནས་བཤད་ན། དེའི་འཐུས་ཚབ་མི་སྣར་ཨོ་སུ་ཁྲུ་རི་ཡའི་རྩོམ་པ་པོ་ཁ་ཧྥུ་ཁ་བགྲང་ཆོག་སྟེ། ཁོང་གི་བརྩམས་ཆོས་གྲགས་ཆེན་ལ«གཟུགས་འགྱུར་ཟིན་ཐོ»ཞེས་པ་བཞུགས།
       རྟོག་པ་འོག་འགྱུ་སྨྲ་བའི་སྒྲུང་གཏམ་ནི་ཧྥུ་རོ་དབྱི་ཏི་ལགས་ཀྱི་སེམས་ཁམས་དབྱེ་ཞིབ་རིག་པའི་རྨང་གཞིའི་སྟེང་ནས་དར་རྒྱས་བྱུང་བ་དང་། ཆེས་ཐོག་མར་ཨེར་ལན་རྒྱལ་ཁབ་ཏུ་མྱུ་གུ་འབུས་ཤིང་། རིམ་གྱིས་དབྱིན་ཇི་དང་ཧྥ་རན་སི་སོགས་སུ་རྩ་བ་ཚུགས་ཏེ་རྩེ་མོ་རྒྱས།གྲུབ་མཐའ་འདིས་སེམས་དང་སེམས་བྱུང་གི་གཏིང་སར་སྤར་སྙོབ་བྱེད་ཅིང་། རང་བློའི་ཤིན་ལྐོག་གི་ཆ་དག་ཁེར་བཤད་དང་དྲན་འཕྲུལ་བཅས་ཀྱི་རྩོམ་རིག་གི་ཐབས་རྩལ་ལ་བརྟེན་ནས་ཕྱི་རུ་དབྱུང་བར་མོས་པ་ཆེ། འཐུས་ཚབ་རྩོམ་པ་པོར་ཨེར་ལན་གྱི་ཆོ་དབྱི་སི་མཆིས་པ་དང་། ཁོང་གི«ཡིག་ལི་ཤི་སི»ཞེས་པ་ནི་རྟོག་པ་འོག་འགྱུ་སྨྲ་བའི་དཔེར་མཚོན་དུ་ཀུན་གྱིས་ཁས་འཆེས་པའོ། །
       འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ།ནུབ་ཕྱོགས་ཀྱི་དཔལ་འབྱོར་དང་ཚན་རྩལ་ལ་དར་རྒྱས་ཆེན་པོ་བྱུང་བ་དང་དུས་མཚུངས་སུ། སྤྱི་ཚོགས་ཆབ་སྲིད་འཚོ་བ་བརྟན་ལྷིང་ཞོད་འཇགས་སུ་གྱུར་མེད་པས། མི་རྣམས་ཀྱི་སེམས་ཁམས་ད་དུང་ཡང་ཉབ་ཉོབ་དང་ཅི་བྱ་གཏོལ་མེད་ཀྱི་ངང་ཚུལ་དུ་ལུས་ཡོད།གནས་བབ་དེ་འདྲའི་འོག་ཏུ། དེང་རབས་རིང་ལུགས་ཀྱི་རྩོམ་རིག་ཁྲོད་དུའང་། གཞི་གྲུབ་རིང་ལུགས་ཀྱི་རྩོམ་རིག་དང་ཁུངས་མེད་འཆལ་འཆོལ་ཅན་གྱི་རྩོམ་རིག རྩེད་མཚར་ནག་པོ་སོགས་ཀྱི་ཡན་ལག་གསར་བ་མང་དུ་བྱུང་བ་རེད་དེ། ཅཱ་མིག་གི«སྐྱུགས་མེར་བ»ཞེས་པ་དང་། པེ་ཁི་ཐི་ཡི«ཀི་ཏོ་ལ་སྒུག་པ»ཞེས་པ་དང་། ཧེ་ལི་ལགས་ཀྱི«དམག་ཁྲིམས་ཨང་ཉེར་གཉིས་པ»སོགས་རྩོམ་པ་པོ་དང་བརྩམས་ཆོས་གྲགས་ཆེན་མང་དུ་བྱོན་མྱོང་ངོ་། །
གཉིས་པ། སུའུ་ལེན་དུས་སྐབས་ཀྱི་རྩོམ་རིག
       སུའུ་ལེན་གྱི་སྤྱི་ཚོགས་རིང་ལུགས་རྩོམ་རིག་ཁྲོད་དར་རྒྱུགས་ཆེས་ཆེ་བ་ནི་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གསར་རྩོམ་རེད། ཀོར་ཅི་ལགས་ནི་སུའུ་ལེན་དངོས་ཡོད་རིང་ལུགས་རྩོམ་རིག་གི་རྨང་འདིང་མཁན་ཡིན་ལ། ཁོང་གི་འཐུས་ཚབ་བརྩམས་ཆོས«མ་ཡུམ»ཞེས་པར། རྩོམ་པ་པོས་དཔའ་མཛངས་ལྡན་པའི་མ་ཡུམ་ཞིག་གི་སྣང་བརྙན་བཞེངས་སྐྲུན་མཛད་དེ། ཁོང་གི་བསམ་མེད་ཀྱི་བྱིས་པ་དེ་ཇི་ལྟར་གསར་བརྗེའི་ལམ་བུར་ཞུགས་པ་བྲིས་གནང་མཛད་ཡོད།
       ཟླ་བཅུ་པའི་གསར་བརྗེའི་རྗེས་སུ། རྩོམ་པ་པོ་སྐོར་ཞིག་གཞི་རིམ་གྱི་འཚོ་བར་ཟབ་ཞུགས་གནང་སྟེ། སྤྱི་ཚོགས་ཀྱི་འཕོ་འགྱུར་བརྗོད་པའི་བརྩམས་ཆོས་ཕུལ་བྱུང་མང་དག་ཅིག་ཀློག་མཁན་ཀུན་གྱི་དགའ་སྟོན་དུ་བཀྱེད་པ་དང་། དེ་དག་ཁྲོད་འདིར་དཔེར་མཚོན་ཙམ་དུ་བཀོད་ན། ཨ་ཐོལ་སི་ཐེའི«དཀའ་སྤྱད་ཀྱི་བརྒྱུད་རིམ»ཞེས་པ་དང་། ལེ་ཧྥུ་ཐོལ་སི་ཐེའི«འཐབ་འཁྲུག་དང་ཞི་བདེ»ཞེས་པ་དང་། ཨོ་སི་ཐོ་ལོ་ཧྥུ་སི་ཅིའི«རྣོ་ལྕགས་ནི་ཇི་ལྟར་སྦྱངས་པ་ཡིན»ཞེས་པ་དང་། ཤོ་ལོ་ཧོ་ཧྥུའི«ལྷིང་འཇགས་ཀྱི་ཏོན་ཆུ»ཞེས་པ་དང་། གཞན་ཡང་དེ་རྗེས་སུ་བྱུང་བའི་ཨེ་ལོན་པོ་ལགས་ཀྱི«གློད་གྲོལ»ཞེས་པ་དང་། ཕ་སི་ཅེར་ན་ཁི་ལགས་ཀྱི«སྨན་པ་རེ་ཝ་ཀི»ཞེས་པ་དང་། གཞན་ཡང་ཐོལ་སི་ཐོལ་ཡེ་ཧྥུ་སི་ཀེ་ལགས་ཀྱི«ཉེས་པ་དང་ཁྲིམས་ཆད»ཅེས་པ་སོགས་སྔ་ཕྱིར་བགྲང་གིས་མི་ལང་བ་བྱོན་མྱོང་ངོ་། །
       གཞན་ཡང་། དེང་རབས་ཀྱི་དུས་སྐབས་སུ་རྒྱ་གར་དུ་མ་ཧཱ་ཆེན་པོ་གྷན་ངྷི་བྱོན་ཏེ«གླུ་ཐལ་སྦྱར་མ»སོགས་འཛམ་གླིང་དུ་སྐད་གྲགས་ཀྱིས་ཆོད་པའི་བརྩམས་ཆོས་རབ་དང་རིམ་པ་བརྩམས་གནང་མཛད་ཅིང་། ཁོང་ནི་ནོ་བྷེལ་རྩོམ་རིག་བྱ་དགའ་རེག་མཁན་གྱི་ཡ་གླིང་པ་དང་པོའང་ཡིན། ལ་ཏིང་མེ་གླིང་དུ་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་གསར་རྩོམ་དར་རྒྱས་བྱུང་སྟེ།འཛམ་གླིང་ཡུལ་གྲུ་སོ་སོར་ཤུགས་རྐྱེན་མི་དམན་པ་ཐེབས་ཤིང་རང་རེའི་བོད་ཀྱི་རྩོམ་རིག་གསར་རྩོམ་ལའང་བག་ཆགས་ངེས་ཅན་བཞག་འདུག འཐུས་ཚབ་བརྩམས་ཆོས་ལ་ཅ་ཤི་ཡ་མར་ཁེ་སི་ལགས་ཀྱི«ལོ་བརྒྱའི་ཁེར་ཧྲེང»ཞེས་པ་བཞུགས་སོ། །
       མདོར་ན། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ཚུན་དུ། རང་རེའི་བོད་ལ་དེང་རབས་རྩོམ་རིག་ཅེས་པའི་གདགས་གཞི་འདི་བྱུང་ནས་མི་ལོ་བཞི་བཅུ་ལྷག་སོན་ཅིང་། དེར་བོད་རང་ས་ནས་བརྒྱུད་པའི་རྩོམ་པའི་རྣམ་གཞག་ཕུད། རྒྱལ་ནང་དང་ནུབ་ཕྱོགས་ཀྱི་གྲུབ་མཐའ་འདྲ་མིན་གྱིས་ཤན་ཞུགས་པ་ནི་དངོས་ཡོད་གནས་ཚུལ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།