“འཆམ་མཛེས་གུང་ཧོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་བའི་མཚོ་ནུབ་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་བདེ་ལེགས་ངང་སྤེལ།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-06-10 09:38:43 ཀློག་གྲངས།:
       སྐད་ངག་འབྲུ་གསུམ་གྱི་ས་ལམ་ཟིན་པའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་རྣམས་ཀྱི་རེ་འདོད་ཚིམ་ཕྱིར་དང་། མི་རིགས་མཐུན་སྒྲིལ་དང་ཏང་ལ་བསྟོད་གླུ་འབུལ་བར་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བང་མཛོད་ཆེན་མོ་ལས། བོད་ཀྱི་དམངས་ཁྲོད་ངག་རིག་སྒྱུ་རྩལ་ཏེ། མེས་པོ་ནས་བརྒྱུད་པའི་བློ་རིག་གི་རྩལ་དང་ལྷན་སྐྱེས་ཀྱི་ངག བརྩེ་མདངས་ཀྱི་རི་མོར་བཞད་པའི་སྲོལ་རྒྱུན་ལ་གཞས་འཚོལ་སྡུད་དང་ལེགས་སྒྲིག རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏང་ཆེད། “མཐུན་པའི་གྲེ་འགྱུར་གྱིས། །ཀྲུང་ཧྭའི་བླ་སྲོག་བསྐྲུན། །”ཞེས་པ་བརྗོད་གཞི་བྱས་པའི“འཆམ་མཛེས་གུང་ཧོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་བའི་མཚོ་ནུབ་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་དང་མཚོ་ནུབ་ཁུལ་ལ་གཞས་མཐུན་ཚོགས་ཀྱི“སེ་འབྲུ་མཐུན་སྒྲིལ་རྟགས་མ”འི་འགྲན་སྡུར་སྐབས་གཉིས་པ་དེ། ཟླ6པའི་ཚེས7ནས་ཚེས8ཡི་བར་ཐེམ་ཆེན་རྫོང་ཤམ་བྷ་ལ་སྐྱེ་ཁམས་གསོལ་མགྲོན་གླིང་ནས་སྤེལ་བ་ཡིན་ལ། རྒྱུན་སྐྱོང་འཕེལ་རྒྱས་ཀྱི་རིན་ཐང་ལྡན་ཞིང་རྒྱལ་ཁབ་རིམ་པའི་ཤུལ་བཞག་གཟུགས་འདུས་རིག་གནས་ཀྱི་གྲས་སུ་ཚུད་པའི་བོད་ཀྱི་ལ་གཞས་སྒྱུ་རྩལ་གྱིས་རིགས་སོ་སོའི་མི་རིགས་ཕན་ཚུན་བར་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་མཐུན་ལམ་བསྐྲུན།
       མཚོ་ནུབ་ཁུལ་ཁུངས་གཏོགས་ཀྱི་ལ་གཞས་སྒྱུ་རྩལ་ལ་དུང་ཞེན་ཡོད་པའི་གླུ་བ་གླུ་མ30ལྷག་འགྲན་སྡུར་ལ་ཞུགས་ཏེ་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་སྤེལ་སོགས་དུས་རབས་གསར་བའི་བརྗོད་གཞི་དང་མཐུན་པའི་གསར་རྩོམ་བརྩམས་ཆོས་དམིགས་སུ་བཟུང་ནས་ཡར་སྐུལ་དང་། གླུ་ཚིག་གི་ཆ་ནས་ཡ་རབས་སྲོལ་བཟང་དང་འཆམ་མཐུན་ཁྱིམ་གཞིས། བདེ་སྐྱིད་ཀྱི་འཚོ་བ། ཏང་གི་སྲིད་ཇུས་དགོངས་དོན་དམིགས་ཀྱིས་མཚོན་ཐུབ་པ་གཞི་རྩ་བྱས་ནས་དཔྱད་འདེམ་བྱས་པ་ཡིན་ལ། ཐེངས་འདིའི་མཚོ་ནུབ་འགྲན་ཁུལ་གྱི་དཔྱད་འདེམ་པ་དག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་མཁན། མཚོ་ནུབ་ཁུལ་སྨྱན་སྦྱོར་ལྟེ་གནས་ཀྱི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྒོ་མེ་དོན་གྲུབ་ཚེ་རིང་ལགས་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བོད་སྐད་སྨྱན་སྦྱོར་ལྟེ་གནས་རིག་རྩལ་ཚན་ཁག་གི་ཀྲུའུ་རིན་དང་མདོ་འཛིན་པ་གྲགས་ཅན་ནམ། སྙན་ངག་པ་ཚེ་རིང་བཀྲ་ཤིས་ལགས། མདོ་ཁམས་ཡུལ་གྱི་གླུ་མ་གྲགས་ཅན་ལྷ་རིས། མཚོ་ནུབ་ཁུལ་ལ་གཞས་མཐུན་ཚོགས་ཀྱི་སྤྱིའི་འགན་འཛིན་པ་གསེར་འབྲུག་རྒྱལ་སོགས་ཡིན།
       དཔྱད་འདེམ་ཆེད་མཁས་པས་གཞུང་ལུགས་རྒྱབ་རྟེན་དུ་བཅོལ་ཏེ་ཐེངས་མང་པོར། བློ་མང་ཞིབ་བསྡུར་དང་དྲང་བོ་དྲང་བཞག་གིས་འགྲན་ཞུགས་གླུ་བ་གླུ་མ10ལ“ཟེ་འབྲུ་མཐུན་སྒྲིལ་རྟགས་མ”འི་ཕུལ་བྱུང་གསར་རྩོམ་བྱ་དགའ་རུ་གདམས་ཐོན་བྱུང་ཞིང་། དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པའི་དཔེ་བཞིན་རྒྱ་ཆེའི་མང་ཚོགས་རྣམས་འགྲན་རར་འདུས་ཏེ་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་བསྔགས་པའི་མེ་ཏོག་གཏོར་ནས་དགའ་བསུ་ཆེན་པོ་ཐོབ་ཅིང་། མཇུག་མཐའི་རྟིང་རྩོད་ལས་ཐེམ་ཆེན་རྫོང་གི་གླུ་བ་པདྨ་དང་དུར་ལམ་རྫོང་གི་གླུ་མ་དངོས་གྲུབ་དབང་མོ་གཉིས་ལ་གཞན་དག་ལས་རྩེར་སོན་བྱུང་སྟེ་ཨང་དང་པོ་ཐོབ་ཅིང་། གླུ་བ་བཱ་བཟང་ཚེ་རིང་དང་ལྷ་མཆོག་རྒྱལ། གླུ་མ་རྟ་མགྲིན་སྐྱིད་དང་ཚེ་རྒྱལ་དབང་མོ་བཅས་ལ་ཨང་གཉིས་པའི་བྱ་དགའ་ཐོབ། གླུ་བ་མ་སངས་སྐྱབས་དང་ཀླུ་མགོན་རྒྱལ། ལྷ་མཚོ་སྐྱིད་དང་ཕག་མོ་གཡང་སྐྱིད་བཅས་ལ་ཨང་གསུམ་པའི་བྱ་དགའ་ཐོབ་པས། རྒྱ་ཆེའི་ལྟད་མོ་བའི་དགའ་བསུའི་ཐལ་མོ་ལྷང་ལྷིང་ཁྲོད་འགྲན་སྡུར་གྱི་བརྒྱུད་རིམ་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་བསྡུས། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།