རྩེ་ཁོག་ཏུ་ཨ་མྱེས་མཚོ་རྒན་རྐང་བགྲོད་མཚོ་སྐོར་འགྲན་སྡུར་སྤེལ་བ།

རྩོམ་པ་པོ།:བཙུན་ཐར་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། དུས་ཚོད།:2026-03-27 08:30:01 ཀློག་གྲངས།:
       ཉེ་ཆར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི “དྭངས་གཙང་རྨ་ཆུའི་ཡུལ་སྐོར་རྒྱུད”རྩེ་ཁོག་རྫོང་གི“རྩེ་ཆུ་རྟགས་མའི”མི་འབོར་སྟོང་གིས་ཨ་མྱེས་མཚོ་རྒན་སྐོར་བའི་རྐང་བགྲོད་མཚོ་སྐོར་འགྲན་སྡུར་དང་དཔྱིད་དུས་ཀྱི་ཡུལ་སྐོར་མགོ་རྩོམ་མཛད་སྒོ་རྩེ་ཁོག་རྫོང་ཆབ་སྐོར་ཡུལ་ཚོའི་ཨ་མྱེས་མཚོ་རྒན་གྱི་འདབས་རོལ་ནས་གཟབ་རྒྱས་ངང་སྤེལ།
མཛད་སྒོའི་ཡུལ་དངོས། པར་རིས་རྩེ་ཁོག་རྫོང་པར་ལེན་མཐུན་ཚོགས་ཀྱིས་འདོན་སྤྲོད་བྱས།
       ཨ་མྱེས་མཚོ་རྒན་རྒྱབ་ལྗོངས་སུ་བྱས་པའི་གནམ་མཚོ་ཁ་སྤྲོད་ཀྱི་རང་བྱུང་གར་སྟེགས་སྟེང་དུ། རྩེ་ཁོག་རྫོང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཤ་བོ་བཀྲ་ཤིས་ཀྱིས་མཛད་སྒོའི་གཏམ་བཤད་གནང་ཞིང་། རྫོང་ཨུའི་ཧྲུའུ་ཅི་ལི་ཧའེ་པོ་ཡིས་མགོ་རྩོམ་མཛད་སྒོ་དངོས་སུ་སྤེལ་བ་ཁྱབ་བསྒྲགས་བྱས། དེར་བསྟུན་ནས། རྩེ་ཁོག་ས་ཆའི་དམངས་སྲོལ་རིག་གནས་མཚོན་པའི་གླུ་གར་འཁྲབ་སྟོན་སྣ་ཚོགས་ཁྲོད་ནས་མཛད་སྒོའི་འཁྲབ་ཡོལ་དངོས་སུ་ཕྱེ་ཞིང་། རྩེ་ཁོག་ས་ཆའི་སྲིད་གཞུང་ལས་ཁུངས་ཀྱི་མི་སྣ་དང་མང་ཚོགས་སོགས་ལུས་རྩལ་པ་ཆིག་སྟོང་ལྷག་གིས་ཨ་མྱེས་མཚོ་རྒན་གྱི་མཚོ་མཐའ་བསྐོར་ཏེ་རྐང་བགྲོད་འགྲན་སྡུར་བྱས་པ་དང་། མཐར་བྱ་དགའི་གཟིགས་བཟོས་གྱ་ནོམ་པའི་ཕུལ་བ་དང་བཅས་མཛད་སྒོ་བདེ་བླག་ངང་མཇུག་བསྒྲིལ། ཡུལ་དངོས་སུ་ད་དུང་རྩེ་ཁོག་ས་ཆའི་སྐྱེ་ཁམས་ཁོར་ཡུག་དང་དམངས་སྲོལ་རིག་གནས་ཀྱི་མཛེས་པ་མཚོན་པའི་པར་རིས་བརྩམས་ཆོས་འགྲེམས་སྟོན་དང་། རྩེ་ཁོག་ས་ཆའི་ཁྱད་ཐོན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན། མཚོ་རྒན་པ་འབྲོག་ལས་རིག་གནས་ཉམས་ཞིབ་ལྟེ་གནས་ཀྱི་འབྲོག་ཟས་དག་མའི་རོ་བཅུད་སོགས་ཀྱིས་ཀྱང་ཕྱོགས་ཀྱི་མགྲོན་པོའི་ཡིད་དབང་བཀུག་ཡོད།
སྐྱེ་ཁམས་པར་རིས་བརྩམས་ཆོས་འགྲེམས་སྟོན། པར་རིས་རྩེ་ཁོག་རྫོང་པར་ལེན་མཐུན་ཚོགས་ཀྱིས་འདོན་སྤྲོད་བྱས།
       ཨ་མྱེས་མཚོ་རྒན་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཆབ་སྐོར་ཡུལ་ཚོའི་ཁོངས་སུ་ཡོད་པའི་རང་བྱུང་མཚེའུ་ཞིག་ཡིན་ཞིང་། མཚོ་འཕགས་ལ་སྨི3700ལྷག་དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི18ལྷག་ཡོད། དྭངས་གཙང་གི་མཚེའུ་འདི་ནི་རྩེ་ཁོག་རྩྭ་ཐང་ཆེན་མོའི་ཕང་བ་རུ་གཡུ་སྔོན་མོའི་ཕྲ་བཏབ་པ་བཞིན་སྔོ་ལྟེམ་མེར་འཁྱིལ་ཡོད་ལ། གནས་འདིར་རྩྭ་ཆུ་ཕུན་སུམ་ཚོགས་ཤིང་། མཐའ་འཁོར་ཀུན་ཏུ་རྟ་ནོར་ལུག་གསུམ་བག་ཡངས་ཀྱིས་རྒྱུ་བའི་ཁར། དབྱར་ཁའི་དུས་སུ་རྩི་ཤིང་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་པ་དང་། ཁྲུང་ཁྲུང་དང་ངང་བ། ངུར་བ་སོགས་དུས་བྱ་མང་བོའི་དགའ་ཚལ་དུ་གྱུར་ཡོད་པས། རྩེ་ཁོག་རྩྭ་ཐང་གི་སྐྱེ་དངོས་སྣ་མང་རང་བཞིན་མཐོང་ཐུབ་པའི་རང་བྱུང་གི་སྒེའུ་ཁུང་ཞིག་དང་མཚུངས། མཚེའུ་འདི་དང་བཅས་པའི་མཐའ་འཁོར་གྱི་རྩྭ་ཐང་ནི་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་རེས་སྐོར་དང་པོའི་ཚོད་ལྟའི་ཡུལ་ཁོངས་ཀྱི་གྲས་སུ་ཚུད་ཡོད་ལ། ལོ་རེའི་དབྱར་ཁར་མཚོ་མཐའ་རུ་རྟ་རྒྱུག་འགྲན་སྡུར་བྱེད་པ་སོགས་ཀྱི་དམངས་སྲོལ་བྱེད་སྒོ་སྣ་མང་མངའ་བས། ཨ་མྱེས་མཚོ་རྒན་ནི་རྩེ་ཁོག་ས་ཆའི་རང་བྱུང་སྐྱེ་ཁམས་དང་མི་ཆོས་རིག་གནས་མཉམ་འདུས་ཀྱི་བསྡུས་གཟུགས་ཤིག་ཡིན།
མཚོ་སྐོར་རྐང་བགྲོད་འགྲན་སྡུར་གྱི་འགྲན་ཞུགས་པའི་རུ་དཔུང་། པར་རིས་རྩེ་ཁོག་རྫོང་པར་ལེན་མཐུན་ཚོགས་ཀྱིས་འདོན་སྤྲོད་བྱས།
       དྭངས་གཙང་རྨ་ཆུའི་ཡུལ་སྐོར་རྒྱུད་ནི་མཚོ་སྔོན་ཞིང་ཆེན་གྱི2026ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་ནས་བཏོན་པའི་སྐྱེ་ཁམས་ཡུལ་སྐོར་རྒྱུད་འཛུགས་སྐྲུན་རྣམ་གྲངས་ཤིག་ཡིན་ལ། དེའི་དམིགས་ཡུལ་ནི་རྨ་ཆུའི་རྒྱུད་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ས་གནས་བསྐྲུན་རྒྱུ་དེ་རེད། ཨ་མྱེས་མཚོ་རྒན་རྐང་བགྲོད་མཚོ་སྐོར་འགྲན་སྡུར་ནི་རྣམ་གྲངས་འདིའི་ཕྲེང་བསྟར་བྱེད་སྒོའི་གྲས་ཡིན་པའི་ཆ་ནས། རྩེ་ཁོག་རྫོང་གིས་ཐེངས་འདིར་སྐྱེ་ཁམས་རྩ་བ་དང་རིག་གནས་བླ་སྲོག་ཏུ་བྱས་ཏེ། དམངས་ཁྲོད་ངག་རྒྱུན་ལས་སྐྱེ་ཁམས་ཡུལ་སྐོར་ལ་མི་ཆོས་རིག་གནས་ཀྱི་དོན་སྙིང་གསར་བ་བསྣན་པས། ཨ་མྱེས་མཚོ་རྒན་ལྟེ་བར་བྱས་པའི་ཡུལ་སྐོར་ལྗོངས་རྒྱུའི་ཟོང་རྟགས་བསྐྲུན་པའི་མངོན་ཚུལ་ལེགས་པོ་ཞིག་རེད།
ཨ་མྱེས་མཚོ་རྒན་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་།
       ཨ་མྱེས་མཚོ་རྒན་རྐང་བགྲོད་མཚོ་སྐོར་འགྲན་སྡུར་གྱི་ལམ་ཐིག་ནི་ཨ་མྱེས་མཚོ་རྒན་ལྗོངས་གཟིགས་སྟེགས་བུ་ནས་མགོ་བརྩམས་ཏེ། མཚོ་མཐའི་མཚོ་རྒན་ལབ་ཙེ་དང་ཀླུ་དེའུ་ལབ་ཙེ་རྙིང་བ། ལྷའི་བུ་མོའི་སྐར་ཁུང་ཆུ་མིག་སོགས་བརྒྱུད་དགོས་ཤིང་། ལམ་བར་དུ་རྩེ་ཁོག་ས་ཆའི་རང་བྱུང་ཡུལ་ལྗོངས་དང་དམངས་སྲོལ་རིག་གནས་ལ་དུས་གཅིག་ཏུ་ལོངས་སྤྱོད་བྱེད་ཐུབ་པར་མ་ཟད། ད་དུང་མཚོ་རྒན་པ་འབྲོག་ལས་རིག་གནས་ཉམས་ཞིབ་ལྟེ་གནས་ཀྱང་ཡོད་པས། མཚོ་སྐོར་པ་རྣམས་ཀྱིས་གནས་འདི་རུ་རྩེ་ཁོག་ས་ཆའི་འབྲོག་པའི་དམངས་སྲོལ་རིག་གནས་དང་འབྲོག་ཟས་དག་མ་ཉམས་སུ་མྱངས་ཆོག མཚོ་རྒན་པའམ་ཚེ་རིང་རྒྱལ་ནི་ཨ་མྱེས་མཚོ་རྒན་གྱི་མཐའ་འཁོར་ནས་འཚར་ལོངས་བྱུང་བའི་སློབ་ཆེན་མཐར་ཕྱིན་སློབ་མ་ཞིག་ཡིན་ཞིང་། གྲོང་གསེབ་དར་སྤེལ་སྲིད་ཇུས་རྒྱ་ཆེར་སྤེལ་བའི་ལོ་འདི་དག་གི་རིང་ལ། ཁོས་མི་སྒེར་གྱི་སྨྱན་བྱད་སྟེགས་བུ་བརྒྱུད་དེ་རྩེ་ཁོག་ས་ཆའི་སྐྱེ་ཁམས་ཁོར་ཡུག་དང་འབྲོག་པའི་དམངས་སྲོལ་རིག་གནས་ངོ་སྤྲོད། རྩེ་ཁོག་ས་ཆའི་ཁྱད་ལྡན་སྒོ་ཕྱུགས་གསོ་སྤེལ་དང་ཁྱད་ཐོན་དངོས་རྫས་ཀྱི་ཟོང་རྟགས་དྲིལ་སྒྲོག་སོགས་ཀྱི་ཕྱོགས་སུ་གཞོལ་ཏེ་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་དང་། ཨ་མྱེས་མཚོ་རྒན་གྱི་འདབས་རོལ་ཏུ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ཕྱུགས་འཚོ་སྐྱོང་དང་འབྲོག་པའི་དམངས་སྲོལ་རིག་གནས་མཉམ་རོལ། ས་གནས་ཁྱད་ལྡན་ཐོན་ལས་དྲིལ་སྒྲོག་བཅས་གཞི་གཅིག་ཏུ་སྦྲེལ་བའི་ཁྱིམ་སྐྱོང་ཕྱུགས་ར་བསྐྲུན་ཏེ། “སྒོ་ཕྱུག་གསོ་སྤེལ+ཡུལ་སྐོར་ལྗོངས་རྒྱུ+ས་གནས་ཁྱད་ཐོན་དངོས་རྫས་དྲིལ་སྒྲོག”གི་དཔེ་དབྱིབས་ལེགས་པོ་བསྐྲུན་ཡོད།
བྱ་དགའ་ཐོབ་པའི་འགྲན་ཞུགས་པ། པར་རིས་རྩེ་ཁོག་རྫོང་པར་ལེན་མཐུན་ཚོགས་ཀྱིས་འདོན་སྤྲོད་བྱས།
       ཉེ་བའི་ལོ་འདི་དག་ལ། རྩེ་ཁོག་རྫོང་གིས་ཨ་མྱེས་མཚོ་རྒན་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་ལྟེ་བར་བཟུང་སྟེ། ཡུལ་སྐོར་ལྗོངས་རྒྱུའི་ལས་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། “དབྱིངས་ཀྱི་དག་ཞིང་། རྩེ་གཞུང་སྨན་ལྗོངས”ཞེས་པའི་ཡུལ་སྐོར་ཟོང་རྟགས་གོམ་གང་མདུན་སྤོས་སྒོས་རིམ་སྤར་གང་ལེགས་བྱས་ཏེ། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་སྒོ་འབྱེད་དོ་མཉམ་ཡོང་བར་བྱེད་པ་དང་། རི་ཆུའི་རིག་གནས་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ་མཉམ་རྒྱལ་གྱི་ལས་སྒོ་སྣ་མང་སྤེལ་ནས་རི་ལྗང་ཆུ་དྭངས་གསེར་རི་དངུལ་རི་ཡིན་ཞེས་པའི་སྐྱེ་ཁམས་འདུ་ཤེས་ལག་ལེན་གང་ལེགས་བྱས་ཡོད།
དབྱར་གཞུང་གི་ཨ་མྱེས་མཚོ་རྒན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།