༄༅།།སྨྱན་སྦྱོར་གཅིག་མཐུན་སྒོས་གོང་སྤེལ་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-08-05 12:35:32 ཀློག་གྲངས།:
སྤྱི་ཟླ8པའི་ཚེས5ཉིན་གྱི་སྔ་དྲོར། སྨྱན་སྦྱོར་གཅིག་མཐུན་སྒོས་གོང་སྤེལ་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་དེ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་སུམ་ཐོག་རིག་གཞུང་སྙན་ཞུ་ཚོམས་ཆེན་དུ་བསྡུས་ཏེ། སྨྱན་སྦྱོར་སྡེ་ཁག་བརྒྱད་ཀྱིས་འབྲེལ་འདྲིས་གཏམ་བཤད་སྤེལ་རྒྱུ་རེད།
ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་གཡང་རྒྱལ་ཚེ་རིང་གིས་འབྲེལ་འདྲིས་ཁྲོད་གསུང་རྒྱུར། ང་ཚོ་དངོས་གནས5Gདུས་རབས་སུ་ཕྱིན་པ་དང་། མགྱོགས་ཚད་མཐོ་ཞིང་དུས་འགྱིངས་ཐུང་ལ། ནུས་ཟད་ཉུང་བ། ཤོང་ཚད་ཆེ་བའི་ཁྱད་ཆོས་དང་བསྟུན་ནས་དྲིལ་སྒྲོག་བྱེད་སྟངས་གསར་བའམ་མངོན་གསལ་ཆེ་བའི་མགྱོགས་མྱུར་དྲིལ་སྒྲོག་གི་རྣམ་པ་ངོམ། མིག་སྔར། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱང་ཏོའུ་ཡིན་དང་ཁོའི་ཧྲོའུ་རུ་ཞུགས་ཡོད་པ་དང་། དྲ་ནང་དྲ་ཕྱིའི་ཐོན་ཁུངས་སྐུལ་སློང་སྒོས་དྲ་གྲོགས་རྣམས་སྤྲོ་སེམས་འཁོལ་བའི་བརྙན་ཐུང་བརྩམས་ཆོས་རྩོམ་རྒྱུ་དེ་ཡིན། 5Gདུས་རབས་སུ་བརྙན་ཐུང་གི་ཁྱད་འཕགས་ཁྱད་ཆོས་འདོན་སྤེལ་གང་ལེགས་སྒོས་དྲང་ནུས་ཀྱི་རིན་ཐང་སྣེ་ཁྲིད་ནུས་པ་ཐོན་དགོས། དེའི་མཚུངས་སུ་སྟེགས་བུ་དབྱེ་འགྲེམ་བརྒྱུད་ལམ་བསྐྱེད་དེ་ལག་རྩལ་གསར་བ་དང་བཀོལ་སྤྱོད་གསར་བ་ཞིབ་འཇུག་གནང་དགོས།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་རྩོམ་སྒྲིག་ཁག་གི་འགོ་གཙོ་ཚེ་རིང་ཆོས་འཕེལ་གྱིས་གསུང་རྒྱུར། སྨྱན་སྦྱོར་གཅིག་མཐུན་སྒོས་འཕེལ་རྒྱས་བྱེད་པའི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱས་ཏེ། ཁྱད་ཆོས་མངོན་གསལ་དང་དྲིལ་སྒྲོག་ནུས་ཤུགས་ཆེ་བའི་སྨྱན་གསར་བརྩམས་ཆོས་སྒྲིག་བཟོ་གནང་བ་དང་། འགུལ་སྤོ་སྔོན་འགྲོ་སྒོསH5དང་བརྙན་ཐུང་། སྒྲ་ཟློས། འགུལ་རིས་བརྙན་ཕྲན་སོགས་རྣམ་པ་སྣ་ཚོགས་ཀྱི་གསར་འགྱུར་སྒྲིག་བཟོ་བྱས་ཏེ། བརྩམས་ཆོས་ཁྱད་པར་ཅན་གསར་སྐྲུན་གནང་། དེ་མིན་ཇུས་འགོད་ཆུ་ཚད་དང་བསམ་བློའི་ཆུ་ཚད། གསར་རྩོམ་ཆུ་ཚད། མཐུན་སྦྱོར་ཆུ་ཚད། ཕྱོགས་བསྡུས་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་སྟེ། མང་ཚོགས་རྣམས་ལ་སྤྲོ་སེམས་བསྐྱེད་པའི་དྲིལ་སྒྲོག་བརྒྱུད་ལམ་གཏད།
ཀྲུང་གོའི་བོད་ཀྱི་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་རམས་ཚེ་བྷོ་ཡིས་གསུང་དོན། སྨྱན་གསར་ནི་ལག་རྩལ་རམ་འདེགས་མ་ལག་གསར་བའི་འོག་ཐོན་པའི་སྨྱན་སྦྱོར་སྟེགས་བུ་དང་། ལག་རྩལ་འབྲེལ་འདྲིས། ལག་རྩལ་སློབ་སྦྱོང་ཞིག་ཡིན། ལག་རྩལ་གསོ་སྦྱོང་ནི་བོད་ཡིག་སྨྱན་སྦྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་དྲིལ་སྒྲོག་ཕན་འབྲས་མཐོར་འདེགས་སུ་བཏང་སྟེ། མཉམ་དུ་འཕེལ་རྒྱས་དང་ཕན་ཚུན་མི་འདང་ས་ཁ་གསབ་བྱེད་པའི་བྱེད་ཐབས་ལེགས་པོ་ཞིག་ཡིན། མི་དམངས་དྲ་བ་དང་ཀྲུང་དབྱང་བརྙན་འཕྲིན་དྲ་བ། བོད་ལྗོངས་ཉིན་རེའི་ཚགས་པར། མཚོ་སྔོན་ཉིན་རེའི་ཚགས་པར། ཡོངས་འཛིན་སོགས་སྨྱན་སྦྱོར་གྱིས་སློབ་སྦྱོང་དང་། འབྲེལ་འདྲིས། མཉམ་སྤྱོད། མཉམ་འབྲེལ་གྱི་གོ་སྐབས་རྩ་འཛུགས་བྱེད་པར་རེ་འདུན་ཞུ། བོད་ཡིག་སྐད་ཁོངས་སུ་སྨྱན་སྦྱོར་བཀོལ་སྤྱོད་ལག་རྩལ་དང་སྨྱན་སྦྱོར་སྟེགས་བུ་བཀོལ་སྤྱོད་ལག་རྩལ་སློབ་སྦྱོང་དང་འབྲེལ་འདྲིས་བྱེད་པ་ནི། བོད་ཡིག་སྨྱན་སྦྱོར་སོ་སོར་མཚོན་ན་ཆེས་ཐད་ཀར་དང་། རྩོམ་སྒྲིག་དང་ལག་རྩལ་མི་སྣས་མགྱོགས་མྱུར་རང་རྒྱུད་ལ་ངེས་སུ་འཇུག་པའི་གོ་སྐབས་ལེགས་པོ་ཞིག་རེད།
ཁམས་པའི་བརྙན་འཕྲིན་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་ཞུས་ཆེན་ལོ་ཙཱ་བ་སྐལ་ཁོ་ཡིས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཟབ་སྤེལ་བཏང་སྟེ་མི་རིགས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གསར་པ་རྩེ་གྲ་གསར་བསྐྲུན་བྱ་དགོས་ཞེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས།
དཀར་མཛེས་ཉིན་རེའི་ཚགས་པར་ཁང་རྩོམ་སྒྲིག་གཞོན་པ་གངས་དབང་གིས་གསུང་རྒྱུར། ཚ་ཚ་འུར་འུར་གྱི་དེང་རབས་སྤྱི་ཚོགས་ནང་ཅུང་རྗེས་སུ་ལུས་པའི་སྐད་དང་ཡི་གེ་ཡིས་སྔོན་ཐོན་གྱི་འཕྲིན་སྦྱོར་ལས་ཀ་ལས་པར་ཕྱི་ནང་གཉིས་ནས་བགེགས་དང་བར་ཆད་མང་བས་ང་ཚོ་དཀར་མཛེས་ཚགས་པར་ཁང་ལ་འདི་དང་དེ་ཞེས་ཉམས་མྱོང་མ་འདྲ་བ་ཞིག་དང་བསམ་ཕྱོགས་དམིགས་བསལ་བ་ཞིག་མེད་མོད། རྗེས་སུ་མུ་མཐུད་ནས་རང་གི་ཁྱད་ཆོས་མ་དོར་བའི་ཐོག་ལ་མདོ་དབུས་ཁམས་གསུམ་གྱི་ཚགས་པར་ཁང་དང་དུས་དེང་ཁང་། བརྙན་འཕྲིན་ཁང་ལ་སློབ་སྦྱོང་བྱས་ཏེ་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་ཀྱི་ལམ་ཐོག་ལ་ནུས་པ་ཅི་ཡོད་འབུལ་ཐག་ཆོད་ཡིན།
བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་གཙོ་སྒྲིག་པ་ཀྲང་ཀོའོ་ཧྭ་ཡིས་གསུང་རྒྱུར། དུས་རབས་འཕེལ་རྒྱས་དང“འཕྲིན་སྦྲེལ་དྲ་བ+”གནས་སྟངས་དང་བསྟུན་ནས། མུ་མཐུད་དུ་སྨྱན་སྦྱོར་དྲིལ་སྒྲོག་གི་བརྒྱུད་ལམ་རྒྱ་བསྐྱེད་དེ། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་གཅིག་མཐུན་གྱིས་འཕེལ་རྒྱས་བྱེད་པར་སྐུལ་འདེད་དང་། སྤེལ་ཟིན་པའི་མྱུར་འཕྲིན་དང་ཞབས་ཞུ། སྤེལ་རེས་བཅས་གཅིག་ཏུ་འདུ་བའི་འགུལ་སྤོའི་ཚོང་མགྲོན་སྦྲེལ་སྣེ་ནི་བདེ་ཆེན་ཉིན་རེའི་ཚགས་པར་ཁང་བོད་རྒྱ་སྐད་གཉིས་སེམས་ཀྱི་ཉི་ཟླའི་དྲ་བའི་རྒྱུན་སྲིང་ཞིག་ཡིན་ལ། ཚགས་པར་ཁང་གི་ད་སྔའི་ཚགས་པར་དང་དྲ་རྒྱ། སྦྲེལ་སྣེ་བཅས་སྨྱན་སྦྱོར་སྟེགས་བུ་སྣ་ཚོགས་མཐུན་སྦྱོར་བྱས་ཡོད་ཅིང་། ཕྱོགས་ཡོངས་ནས་རྒྱ་ཆེ་བའི་ཀློག་པ་པོ་དང་དྲ་གྲོགས་ལ་ཞབས་ཞུ་གནང་བ་ཡིན།
མཚོ་ལྷོ་ཚགས་པར་ཁང་གི་འགོ་གཙོ་དབྱང་ཁྲེན་ཏི་ཡིས་གསུང་རྒྱུར། ང་ཚོས་གཅིག་མཐུན་འཕེལ་རྒྱས་སྟེང་གི་བསམ་ཕྱོགས་གཙོ་བོ་ནི་དངོས་ཡོད་ལ་རྐང་ཚུགས་ཏེ། རྨང་གཞི་བརྟན་པོ་འདིང་བ་དང་། གཏན་འཇགས་ཀྱིས་གཅིག་མཐུན་འཕེལ་རྒྱས་སུ་གཏོང་དགོས། རྩོམ་སྒྲིག་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མཚོ་ལྷོའི་ཚགས་པར་དང་མཚོ་ལྷོའི་བོད་ཡིག་ཚགས་པར་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་རྨང་གཞིའི་སྟེང་། ས་གནས་ཀྱི་དངོས་ཡོད་ལ་ཁ་གཏད་ནས་གཅིག་མཐུན་གྱིས་དྲིལ་སྒྲོག་རྣམ་པ་བསྒྱུར་བར་སྐུལ་སྤེལ་བྱས་ཏེ། སྲོལ་རྒྱུན་སྨྱན་སྦྱོར་དང་དྲ་རྒྱའི་སྨྱན་སྦྱོར། ལག་འཁྱེར་སྨྱན་སྦྱོར། སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སོགས་སྨྱན་གསར་དབར་འབྲེལ་འདྲིས་སྤེལ་རེས་བྱེད་པ་དང་།  སྨྱན་སྦྱོར་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བ། ལས་རིགས་ལས་བརྒལ་བའི་མཉམ་འབྲེལ་ལས་གཉེར་བརྒྱུད། གཅིག་རྐྱང་དང་ཐར་ཐོར་གྱི་གསར་འགྱུར་ཆ་འཕྲིན་བློ་འདྲི་དེ་གཅིག་འདུས་ཅན་དང་གཞི་རྒྱ་ཅན་གྱི་ཕྱོགས་སུ་བསྒྱུར་ཏེ། སྔར་ལས་ཆེ་བའི་ཁྱབ་ཁོངས་སུ་རྒྱུན་སྲིང་དང་དྲིལ་སྒྲོག་སྒོས་སྤྱི་ཚོགས་ཀྱི་ཕན་འབྲས་ཆེན་པོ་ལོན་པ་ཡིན།
མཚོ་སྔོན་ཐུན་མིའི་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་གསར་གཏོད་པ་སྟག་ལ་འབུམ་གྱིས་ཐོན་མིའི་ཡིག་སྒྱུར་མ་ལག་སྐོར་གྱི་ངོ་སྤྲོད་བྱས་པ་རེད།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།