༄༅།།ཆེད་མཁས་པ་དང་སྨྱན་སྦྱོར་འཐུས་ཚབ་བརྒྱ་ལྷག་སྔ་གཞུག་ཏུ་མཚོ་ལྷོར་འབྱོར།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-08-02 18:14:16 ཀློག་གྲངས།:
སྤྱི་ཟླ8པའི་ཚེས2ཉིན། བོད་ལྗོངས་དང་སི་ཁྲོན། ཀན་སུའུ་སོགས་ཞིང་ལྗོངས་གྲོང་ཁྱེར་ནས་ཕེབས་པའི་ཆེད་མཁས་པ་དང་ཤེས་ཡོན་པ། སྨྱན་སྦྱོར་འཐུས་ཚབ་བརྒྱ་ལྷག་སྔ་གཞུག་ཏུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་འབྱོར་ཏེ། སྤྱི་ཟླ8པའི་ཚེས3ཉིན་གྱི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བའི་ཚོགས་ཆེན་དུ་ཞུགས་རྒྱུ་རེད།
རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བའི་ཚོགས་ཆེན་ནི་མཚོ་ལྷོ་ཁུལ་ཚགས་པར་ཁང་དང་མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་གནང་བ་ཡིན་ཏེ། གཙོ་ཆེར་སྔར་ལས་ལྷག་པར་མཉམ་འབྲེལ་དང་འབྲེལ་འདྲིས་ལ་ཤུགས་སྣོན་དང་། བོད་ཀྱི་སྐད་དང་ཡི་གེ་ཚད་ལྡན་བེད་སྤྱོད་དང་ཁྱབ་སྤེལ་བྱེད་པ། བོད་ཡིག་ཚགས་པར་དང་དུས་དེབ། རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་གྱིས་དྲིལ་སྒྲོག་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་ཤུགས་སྣོན་པ་དེ་ཡིན།
ཚོགས་འདུའི་རིང་། ཚོགས་ཞུགས་འཐུས་མི་དག་གིས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ལ་གཟིགས་ཞིབ་གནང་རྒྱུ་དང་། ཡོངས་འཛིནAPPཔར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་ཁྱབ་སྒྲོག་བྱ་རྒྱུ། བརྡ་ཆད་གསར་བ་ཞུས་བཤེར། ཚགས་པར་དང་དུས་དེབ། རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་གྱི་བརྩམས་ཆོས་ལ་ཞིབ་དཔྱད་བྱེད་པ་དང་། ། སྨྱན་སྦྱོར་གཅིག་མཐུན་སྒོས་གོང་སྤེལ་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུ་རྒྱུ། དེ་མིན་མཚོ་ལྷོ་ཁུལ་དབུལ་སྐྱོར་ཐོན་ལས་གླིང་དང་། མཚོ་ལྷོ་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་། མཚོ་ལྷོ་ཁུལ་ཉི་འོད་ནུས་པའི་གླིང་། ཁྲི་ཀ་རྫོང་ཅོག་རོང་སྡེ་བ་སོགས་སུ་ཡུལ་དངོས་བཅར་འདྲི་གནང་རྒྱུ་རེད། 

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།