བཀའ་མ་མཁའ་འབུམ་ལགས་ཀྱི་འཆད་ཁྲིད་དང་བཅར་འདྲིའི་ཟིན་ཐོ་པར་དུ་བསྐྲུན།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2026-01-07 08:22:16 ཀློག་གྲངས།:
       2023ལོའི་སྤྱི་ཟླ6པར་གུས་མོའི་ཨ་ཕ་ལགས«བོད་ཀྱི་དམངས་སྲོལ་རིག་གནས»དུས་དེབ་རྩོམ་སྒྲིག་ཁང་ནས་ལས་འཁྱུར་ངལ་གསོ་བྱས། ཨ་ཕ་ལགས་ཀྱིས་རྩོམ་སྒྲིག་ཁང་འདི་ག་ནས་ལོ་ངོ་སོ་བཞིའི་རིང་ལ་དུས་དེབ་རྩོམ་སྒྲིག་གི་ལས་ཀ་གཉེར། དེ་ལས་ལོ་ངོ་དྲུག་ཙམ་ལ་དུས་དེབ་ཀྱི་རྩོམ་སྒྲིག་འགན་འཁུར་པ་དང་ལོ་ངོ་ཉེར་བརྒྱད་རིང་ལ་དུས་དེབ་ཀྱི་མགོ་བའི་འགན་བཞེས། ཡང་དུས་ཕྱིས་ཙམ་ལ་བོད་ཡིག་གི་དུས་དེབ་མ་ཟད་རྒྱ་ཡིག་གི་དུས་དེབ་ཀྱི་གཙོ་སྒྲིག་པའི་འགན་ཡང་གཅིག་ལྕོགས་སུ་བཞེས། དེ་དང་མཉམ་དུ་མཚོ་སྔོན་ནང་བསྟན་སློབ་གླིང་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་ཀྱི་གདན་ཞུས་དགེ་རྒན་བཅས་ཀྱི་འགན་ཡང་ཁུར། གཞན་ཡང་ཨ་ཕ་ལགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་མངོན་མེད་རིག་གནས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གདན་ཞུས་ཆེད་མཁས་ཀྱི་འགན་ཡང་ཁུར་ཏེ་མངོན་མེད་རིག་གནས་ཀྱི་ལས་གཞི་ཡར་ཞུ་བཅས་ཀྱི་སྐབས་སུ་ལས་ཀ་མང་པོ་གཉེར། ལྷག་ཏུ་བོད་སོག་ཧོར་དང་འབྲེལ་བའི་མངོན་མེད་རིག་གནས་ཀྱི་ལས་གཞི་རིགས་སྒྲུབ་ཀྱི་སྐབས་སུ་བླ་ལྷག་གིས་ནུས་པ་བཏོན་མྱོང་། ལོ་དེ་དག་གི་རིང་ལ་ཁོང་གིས་བོད་ཀྱི་དམངས་ཁྲོད་རིག་གནས་འཚོལ་སྡུད་དང་། དག་སྒྲིག མྱུར་སྐྱོབ། དྲིལ་བསྒྲགས། སློབ་ཁྲིད། རྩོམ་སྒྲིག་བཅས་ཀྱི་བྱ་བ་མང་པོ་གཉེར་ཞིང་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད།
       ཨ་ཕ་ལགས་ཀྱིས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་བོད་ཀྱི་དམངས་ཁྲོད་རིག་གནས་སྐོར་གྱི་གཏམ་བཤད་དང་འཆད་ཁྲིད། བཅར་འདྲི་སོགས་བརྒྱ་ཕྲག་ལྷག་སྤེལ་ནའང་སྔ་མོའི་དུས་སུ་སྒྲ་ལེན་གྱི་ཆ་རྐྱེན་ཞན་པས་དེ་དག་ཆ་ཚང་ཉར་ཚགས་བྱེད་མ་ཐུབ། གཞན་རྒྱང་སྒྲོག་ཁང་དང་བརྙན་འཕྲིན་ཁང་སོགས་སུ་ཁག་ཅིག་ཡོད་ངེས་ཀྱང་དེའང་ཡི་གེར་ཕབ་བསམ་དུས་དེ་འདྲའི་ལམ་ལྷོང་མ་བྱུང་། འདིར་བསྡུས་པའི་གཏམ་བཤད་སོགས་ནི་གསར་འགོད་པ་དང་བཅར་འདྲི་བ་ཁག་ཅིག་གིས་རང་རང་ས་ནས་ཡི་གེར་ཕབ་ཟིན་པ་དང་། ཁག་ཅིག་རིག་གཞུང་བགྲོ་གླེང་སོགས་བྱེད་དུས་མདོ་འཛིན་པའམ་དྲུང་ཡིག་པ་སོགས་ཀྱིས་ཡི་གེར་ཕབ་པ། ཡང་ཉུང་ཤས་ཤིག་ཨ་ཕ་ལགས་ལ་མ་གཞི་ནས་ཡི་གེའི་མ་ཕྱི་ཡོད་པ་བཅས་རེད།
       ཡང་བོད་ཀྱི་དམངས་ཁྲོད་རིག་གནས་ནི་ཨ་ཕ་ལགས་ཀྱི་གཞུང་ལས་གཙོ་བོ་ཡིན་པའི་དབང་དུ་བཏང་ན། ཨ་མདོའི་ས་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུ་ནི་ཁོང་གི་ཞོར་ལས་ལྟ་བུའི་དགའ་ཕྱོགས་ཤིག་རེད། ཨ་ཕ་ལགས་སྔོན་ཆད་སློབ་གྲྭ་འགྲིམ་སྐབས་ལོ་རྒྱུས་རིག་པ་བསླབས་ཏེ་ཐོན་པ་ཡིན་ཞིང་། དེ་ནས་འབྲིང་རིམ་སློབ་གྲྭ་ནས་ལོ་རྒྱུས་དགེ་རྒན་ལོ་ངོ་ལྔ་ཙམ་ལ་བྱས། དེ་དང་མཉམ་དུ་ཁོང་གིས་བོད་ཡིག་རང་སྦྱོང་དང་། ས་གནས་སོ་སོར་ཕྱིན་ཏེ་ལོ་རྒྱུས་སྐོར་གྱི་རྒྱུ་ཆ་སྣ་ཚོགས་འཚོལ་སྡུད་སོགས་བྱས་པས་འབྲས་བུ་ཆེན་པོ་བླངས་ཡོད། ཁོང་གི་གཞུང་ལས་ཀྱི་ཞོར་ནས་ཨ་མདོའི་ས་གནས་ལོ་རྒྱུས་སྐོར་གྱི་ཞིབ་འཇུག་དང་འཆད་ཁྲིད་སོགས་ལ་ཚང་མས་དགའ་བསུ་བྱེད་བཞིན་ཡོད། ཡིན་ཡང་ཁོང་གི་ལས་ཀ་གཙོ་བོ་ནི་བོད་ཀྱི་དམངས་ཁྲོད་རིག་གནས་སྐོར་གྱི་དུས་དེབ་གཉེར་རྒྱུ་དེ་ཡིན་པས། སྟོབས་ཤུགས་གཙོ་བོ་དེའི་ཕྱོགས་ལ་མི་བཀོལ་ཐབས་མེད་ཡིན། ཨ་ཕ་ལགས་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་གང་ཁོམ་གྱི་སྐབས་དང་བསྟུན་ནས་ཨ་མདོ་ས་ཆར་ཡུལ་དངོས་བརྟག་དཔྱད་བྱེད་པར་མཚམས་མེད་དུ་ཕྱིན་པ་དང་། དེ་ལ་མི་འགའ་རེས་དགོས་མཁོ་ཡོད་མེད་དང་འབྲས་བུ་ཅི་འདྲ་ཡིན་པའི་སྐོར་ནས་དོགས་པ་བྱེད་པས་ན། ཨ་ཕ་ལགས་ཀྱིས་ཁོ་ཚོ་ལ་རྩེད་མཚར་གྱི་ཚུལ་དུ། ཁྱོད་ཚོས་མེ་ཏོག་ཅིག་བཏབ་ན་ཟླ་འགའི་ནང་ནས་བཀད་རྒྱུ་ཡོད་པ་དང་། སིལ་སྡོང་ཞིག་བཙུགས་ན་ལོ་འགའི་ནང་ནས་འབྲས་བུ་སྨིན་རྒྱུ་ཡོད། ཡིན་ཡང་ངའི་བཙུགས་པའི་སིལ་སྡོང་འདི་ལོ་ངོ་སུམ་ཅུ་འགོར་རྗེས་ད་གཟོད་མེ་ཏོག་བཀད་མགོ་བརྩམས་པ་དང་། ལོ་ངོ་བཞི་བཅུའི་རྗེས་ནས་འབྲས་བུ་ཉུང་ཤས་སྨིན་མགོ་བརྩམས་པ་རེད། ཡང་སྐབས་དེ་དག་ཏུ་ང་རང་ནམ་ཡིན་ཡང་ཡི་མ་ཆད་པར་མཚམས་མེད་དུ་སིལ་སྡོང་ལ་ཆུ་ལྡུག་པ་དང་ལུད་འཇོག་པ། དབྱར་ཐོན་ན་ཙད་ཀྱིས་གནོད་ཨེ་འགྲོ། དགུན་ཐོན་ན་ཙག་གིས་ཤི་ཨེ་འགྲོ་སྙམ་སྟེ་ལེགས་པར་སྐྱོང་བ་ཡིན་ཞེས་བརྗོད་པ་དང་མཉམ་དུ་བསྒྲུབས་པ་ཡང་དོན་ཐོག་ལ་བབས་པ་ཡིན།
       2023ལོའི་ཟླ6པར་ཨ་ཕ་ལགས་ལས་འཁྱུར་ངལ་གསོ་བྱས་མ་ཐགཁོང་གི་གྲོགས་པོ་འགའ་ཤས་དང་སློབ་བུ་འགའ་སྔ་ཕྱིར་ཁོང་ལ་རྟེན་འབྲེལ་ཞུ་རུ་འོངས། སྐབས་དེར་ཁོ་ཚོས་ཨ་ཕ་ལགས་ལ་གྲོས་གཞི་བཏོན་ཏེ་ཁོང་གི་འཆད་ཁྲིད་དང་། བཅར་འདྲིའི་སྐོར་གྱི་མ་ཡིག་ལག་ཏུ་ཅི་སོན་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་པར་སྐྲུན་བྱ་ཐུབ་ཚེ་རིན་ཐང་ཡོད་ཚུལ་གསུངས་པས་མི་ཚད། རང་རང་ས་ནས་ལག་ཏུ་སོན་ཚད་ཀུན་གུས་མོར་སྤྲད་དེ་པར་དུ་བསྐྲུན་པའི་རེ་བ་བཏོན། གུས་མོའི་བོད་ཡིག་གི་ཆུ་ཚད་ཞན་པས་འགན་འདི་ཐེག་པར་དཀའ་ཡང་། ཨ་ཕ་ལགས་ཀྱི་རྒྱབ་སྐྱོབ་དང་ཁོང་གི་སློབ་བུ་རྣམས་ཀྱིས་རོགས་རམ་བྱས་པར་བརྟེན་ད་རེས་ཕྱོགས་གཅིག་ཏུ་བསྒྲིགས་ཐུབ་པ་བྱུང་། གསལ་བཤད་ཞུ་དགོས་པ་ཞིག་ནི། ཕྱོགས་བསྒྲིགས་བྱས་ཟིན་པ་དག་ལས་ནང་དོན་བསྐྱར་ཟློས་སུ་སོང་བ་དང་། ད་ལྟའི་དུས་དང་ཅུང་ཙམ་མི་མཐུན་པའི་གཏམ་བཤད་སྐོར་ཞིག་དེབ་འདིར་བདམས་མེད་ཅིང་། དུས་མཚུངས་སུ་དཔེ་དེབ་པར་སྐྲུན་གྱི་གོ་སྐབས་འདི་དང་བསྟུན་ནས་གུས་མོའི་སེམས་ཁོང་གི་ཨ་ཕ་ལགས་ནི་མི་ཅི་འདྲ་ཞིག་ཡིན་པའི་སྐོར་ཡང་གཤམ་ནས་ཅུང་ཙམ་གླེང་བར་བྱའོ། །
              དེ་ཡང་རིག་གནས་ཀྱི་རྒྱབ་ལྗོངས་མཐུག་ཅིང་། ཤེས་བྱ་སྣ་མང་ལ་མཁྱེན་རྒྱ་ཡངས་ཞེས་པ་ནི་གུས་མོས་ནམ་རྒྱུན་ཐོས་པའི་མི་གཞན་གྱིས་ཨ་ཕ་ལགས་ལ་གདེང་འཇོག་བྱེད་སྟངས་ཤིག་རེད། མི་མང་པོའི་མིག་ལམ་དུ་ཨ་ཕ་ལགས་ནི་ས་གནས་རིག་གནས་ལ་ཞེན་པ་ཆེ་ཞིང་། མི་རིགས་ས་ཁུལ་གྱི་དམངས་སྲོལ་རིག་གནས་འཚོལ་སྡུད་དང་ལེགས་སྒྲིག་ལ་འཇོན་པའི་ཆེད་མཁས་པ་ཞིག་ཡིན་ངེས། ལོ་འདི་དག་གི་རིང་ལ་ཨ་ཕ་ལགས་ཀྱིས་ས་གནས་སོ་སོའི་གདན་ཞུས་ལྟར་རིག་གཞུང་འཆད་ཁྲིད་སོགས་མང་ཙམ་བྱས། འཆད་ཁྲིད་ཀྱི་ནང་དོན་ནི་ས་གནས་ཁག་གི་ལོ་རྒྱུས་དང་། ཤུལ་བཞག་རིག་གནས་རྒྱུན་འཛིན། རི་ཆུའི་རིག་གནས་སྲུང་སྐྱོབ། ས་མིང་ཞིབ་འཇུག མི་རིགས་སློབ་གསོའི་དོ་དམ་སོགས་ཀྱི་སྐོར་དང་འབྲེལ། འཆད་ཁྲིད་ཉུང་ཤས་ནི་སྒྲ་འབེབས་བྱས་ཏེ་སྐད་འཕྲིན་སྤྱི་སྟེགས་སོགས་སུའང་སྤེལ་བས་ཤེས་ལྡན་མང་པོའི་མཐོང་ཐོས་སུ་གྱུར་ཅིང་གདེང་འཇོག་ཀྱང་ལེགས་པོ་ཐོབ། གུས་མོའི་ལྟ་ཚུལ་གྱི་དབང་དུ་བྱས་ན། འཆད་ཁྲིད་འདི་དག་ནི་སྤྱིར་བཏང་གི་ཁ་བརྡའམ་སློབ་ཁྲིད་བགྱིས་པ་ཙམ་ལས་རིང་དུ་འགོངས་ཏེ། འདི་ལས་ཨ་ཕ་ལགས་ཀྱིས་ལོ་གང་མང་རིང་དུ་རིག་གནས་ལས་དོན་ཧུར་ཐག་གིས་བསྒྲུབས་པའི་ཉམས་མྱོང་དང་། རིག་གཞུང་ཉམས་ཞིབ་གཟབ་ནན་གྱིས་མཛད་པའི་གྲུབ་འབྲས་ཀྱི་ཟུར་ཞིག་རྟོགས་ཐུབ་པས། ད་རེས་གུས་མོས་འཆད་ཁྲིད་དེ་དག་ལས་ཅུང་ཚབ་མཚོན་གྱི་རང་བཞིན་ལྡན་པ་སྐོར་ཞིག་ཆེད་དུ་བདམས་ཏེ། ལེགས་སྒྲིག་བགྱིས་ནས་པར་སྐྲུན་བྱས་པ་ཡིན་ཞིང་། བྱས་པ་ཆུང་ཆུང་འདིས་རང་རེའི་ཐུན་མོང་གི་རིག་གནས་བྱ་གཞག་གོང་འཕེལ་དུ་འགྲོ་བའི་ཐད་ཆར་བ་ཆུ་གྲོགས་ལྟ་བུའི་ནུས་པ་གང་འཚམ་ཐོན་པར་སྨོན་པ་ཡིན།
       ཨ་ཕ་ལགས་ཀྱི་འཆད་ཁྲིད་དག་ལེགས་སྒྲིག་བྱེད་པའི་གོ་རིམ་ཁྲོད། གུས་མོར་ཕྱོགས་མང་པོའི་ཐད་ནས་སྐུལ་ལྕག་མང་དུ་ཐེབས་ཤིང་། བློ་བསྐྱེད་མང་པོ་བྱུང་། སྐུལ་ལྕག་དང་བློ་བསྐྱེད་དེ་དག་མདོར་དྲིལ་ན་ཕྱོགས་ལྔ་ནས་གླེང་ཆོག་སྟེ།
       གཅིག རྒྱལ་ཁབ་ཀྱི་སྲིད་ཇུས་དང་ས་གནས་ཀྱི་དངོས་ཡོད་གནས་ཚུལ་ཟུང་འབྲེལ་བྱེད་པར་གཙིགས་ཆེན་མཛད་པ། ཨ་ཕ་ཁོང་ལ་ག་དུས་ཡིན་ཡང་སྐབས་དོན་གསར་འགྱུར་ལ་དོ་སྣང་བགྱི་བའི་གོམས་གཤིས་ཤིག་ཡོད་ཅིང་། རྒྱལ་ཁབ་ཀྱི་སྲིད་ཇུས་གསར་པ་དང་འབྲེལ་ཡོད་གཏན་འབེབས་ལ་དུས་ཐོག་ཏུ་སློབ་སྦྱོང་དང་རྒྱུས་ལོན་བྱ་བར་རིངས། དེ་ནས་ས་གནས་ཀྱི་དམངས་སྲོལ་རིག་གནས་དང་། ལོ་རྒྱུས་ཡིག་ཆ་འཚོལ་སྡུད་ལེགས་སྒྲིག་བྱེད་དུས། ཇི་ལྟར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་སྣེ་ཁྲིད་འོག་ལས་དོན་མཐའ་འཁྱོལ་བར་བསྒྲུབས་ཏེ། མི་རིགས་ས་ཁུལ་གྱི་རིག་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་འབད་དོ།།
       གཉིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་ཕྱོགས་ལག་ལེན་དུ་བསྟར་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཁྲོད། མི་རིགས་ཁག་ཕན་ཚུན་བར་སེ་འབྲུའི་ཚི་གུ་བཞིན་དམ་དུ་འཐམ་ཞིང་མཐུན་སྒྲིལ་མཉམ་གནས་བྱ་དགོས་པའི་བླང་བྱ་ཞིག་ཡོད། ཨ་ཕ་ཁོང་གི་འཆད་ཁྲིད་དག་ཏུ་དུས་རྟག་པར་མི་རིགས་ཁག་སོ་སོ་འཆམ་མཐུན་མཉམ་གནས་བྱ་དགོས་པ་དང་། ཕན་ཚུན་འགྲོ་འོང་དང་རིག་གནས་བརྗེ་རེས། སློབ་སྦྱོང་བཅས་བྱ་འོས་པའི་སྐོར་མང་དུ་གསུངས་ཡོད།
       གསུམ། བརྩེ་བ་ཆེན་པོ་དང་བཏང་སྙོམས་བག་ལྷོད་ཟུང་འབྲེལ་བྱེད་པ། ཨ་ཕ་ལགས་ཀྱི་འཆད་ཁྲིད་དག་གིས་གུས་མོར་བཞག་པའི་བག་ཆགས་ཟབ་ཤོས་ཤིག་ནི། ཁོང་གིས་མི་རིགས་རིག་གནས་དང་། སྒོས་སུ་ཤུལ་བཞག་མངོན་མིན་རིག་གནས་ལ་གཙིགས་ཆེན་བྱེད་ཚུལ་དེ་རེད། ཨ་ཕ་ཁོང་རང་མི་རིགས་ཀྱི་རིག་གནས་སྤྱི་ལ་དགའ་ཞིང་། རང་ཉིད་གསོས་ཤིང་བསྐྱངས་པའི་ཕ་ས་ཕ་ཡུལ་དང་། རང་མི་རིགས་ཀྱི་རྔམས་མཐུག་པའི་དམངས་སྲོལ་རིག་གནས། དེ་བཞིན་བོད་ཡུལ་གྱི་རི་ཆུ་ནགས་གསུམ་བཅས་ལ་ཡང་དུངས། དམངས་སྲོལ་ཤེས་རིག་གཙོས་རིག་གནས་སྣང་ཚུལ་གང་འདྲ་ཞིག་ལ་ཞིབ་འཇུག་བྱེད་ཀྱང་། ཨ་ཕས་ལྟ་ཚུལ་དང་འགྲེལ་ཚུལ་སྣ་མང་དང་ལེན་དང་། ཟུར་དང་ངོས་མང་པོ་ནས་ཞིབ་འཇུག་གཏོང་བར་མོས་པས། ཁོང་གི་ལྟ་ཚུལ་དག་ལ་དྲང་སྙོམས་དང་དྲང་བདེན་གྱི་ཆ་ཞིག་མཆིས་ཞེས་ཀུན་གྱིས་གདེང་འཇོག་བྱེད།
       བཞི། ཨ་ཕ་ཁོང་ལ་གཟབ་བརླིང་གི་མི་བྱེད་ཅིང་། གཟབ་ནན་གྱིས་དོན་སྒྲུབ་པའི་དགོངས་པ་ཞིག་མངའ། ཨ་ཕར་མངའ་བའི་ཕུན་སུམ་ཚོགས་པའི་ཤེས་བྱ་སྣ་མང་དག་ནི། ཁོང་གིས་ལོ་ཟླ་རིང་མོའི་ཁྲོད་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཏེ་ཐོས་བསམ་ཏན་ཏན་ཏིག་ཏིག་གིས་བྱས་པ་ལས་བྱུང་བ་ཞིག་ཡིན། ཁོང་ལ་ལུས་ཕུང་སྦྱོང་བརྡར་བྱེད་པའི་གོམས་གཤིས་ཡག་པོ་ཞིག་ཀྱང་ཡོད་དེ། མི་ལོ་བཞི་བཅུ་ལྷག་གི་རིང་དུ། ཁ་ཆར་བུ་ཡུག་གི་གནམ་གཤིས་ལ་ཕྲད་པ་དག་ཕུད། ཧ་ལམ་ཉིན་རེའི་ཆུ་ཚོད་ལྔ་ཡར་མར་ནས་མནལ་ལས་བཞེངས་ཏེ་དཔེ་ཆར་གཟིགས་པ་དང་ལས་དོན་སྒྲུབ་པ། དེའི་རྗེས་ནས་ལུས་རྩལ་སྦྱོང་བ་སོགས་བྱས། དེའི་ཕྱིར་ཁོང་ལ་དུས་རྟག་ཏུ་གཟུགས་པོ་བདེ་ཐང་ཞིག་དང་སེམས་ཁམས་སྐྱིད་པོ་ཞིག་བདོག་ལ། ཉིན་རེ་རེའི་ལས་དོན་དུས་ལྟར་ནར་འགྱངས་མེད་པར་ཚགས་ཆུད་པོ་བཟོ་ཐུབ་ཀྱིན་ཡོད།
       ལྔ། རང་སེམས་ཀྱི་དགའ་ཞེན་མ་བཏང་ཞིང་། ཐོག་མའི་ཕུགས་འདུན་མི་བརྗེད་པ། 2023ལོའི་ཟླ6པར་ཨ་ཕ་ལགས་ལས་འཁྱུར་ངལ་གསོ་བྱས། ཡིན་ནའང་གུས་མོའི་མཐོང་ལམ་དུ་ཁོང་གི་ད་ལྟའི་གནས་སྟངས་དངོས་ནི“ལས་འཁྱུར”བྱས་ཡོད་ཀྱང“ངལ་གསོ”གཏན་ནས་བྱས་མེད་དེ། ཁོང་གིས་སྤྲོ་འཆམ་དང་ལྗོངས་རྒྱུ་ཙམ་གྱིས་དུས་བདའ་བར་མི་བྱེད་པར། སྔར་གྱི་ལས་ཀའི་རྒྱུན་བསྐྱངས་ཏེ། མ་འོངས་པར་གནས་གང་དུ་ཡུལ་དངོས་བརྟག་དཔྱད་དུ་བསྐྱོད་པ་དང་། དེབ་ཅི་ཞིག་པར་སྐྲུན་བྱེད་པ། ཨ་མདོའི་ལོ་རྒྱུས་ཆེན་མོའི་རྒྱུ་ཆ་ལེགས་སྒྲིག་ལོ་ག་ཚོད་ནང་དུ་ཚགས་པར་བྱ་རྒྱུ་བཅས་སྐོར་ནས་འཆར་གཞི་ཞིབ་ཕྲ་བཟོས་ཡོད། འདི་ལས་ཨ་ཕ་ལགས་ཀྱི་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པའི་ངང་ཚུལ་དང་། རིག་པ་ནངས་པར་འཆི་ཡང་བསླབ་ཅེས་པའི་སྙིང་སྟོབས་ཤིག་ཀྱང་མཐོང་བས། རང་དང་འདྲ་བའི་རྗེས་རབས་པ་རྣམས་ཀྱི་མིག་དཔེར་ཡང་རུང་སྙམ་མོ་ཞེས་པ་འདི་ནི་རང་གི་སེམས་ཁོང་གི་གཏམ་འབའ་ཞིག་ཡིན་ནོ། །
       མཇུག་མཐར་དཔེ་ཆ་འདི་ཕྱོགས་བསྒྲིགས་སྐབས་སུ་རྒྱུ་ཆ་མཁོ་འདོན་བྱེད་མཁན་གྱི་གྲོགས་པོ་རྣམ་པ་དང་། པར་སྐྲུན་འཆར་གཞི་འགོད་སྐབས་མཛུབ་སྟོན་གནང་མཁན་གྱི་དགེ་རྒན་རྣམ་པ། པར་སྐྲུན་དངོས་གཞི་སྐབས་ཀྱི་རྩོམ་སྒྲིག་འགན་འཁུར་པ་རྒན་སྒྲོལ་མ་རྒྱ་མཚོ་བཅས་ཀྱིས་ཐུགས་ཁུར་དང་རོགས་སྐྱོར་གནང་བ་ཀུན་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཞུའོ། །

གཙོ་སྒྲིག་པས་ཟླ་ཚེས་བཟང་པོར་སྤེལ་བ་བཀྲ་ཤིས་པར་གྱུར་ཅིག །
བཀའ་མ་མཁའ་འབུམ་ལགས་ཀྱི་ཉེ་པར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།