རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ཀྱི་དེབ་གསར«གླུ་གར་གྱི་རྒྱལ་སྲས»པར་དུ་བསྐྲུན་པ།

རྩོམ་པ་པོ།: ཡོང་ཁུངས།:བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། དུས་ཚོད།:2025-12-30 08:25:44 ཀློག་གྲངས།:
       ཉེ་ཆར། བོད་ལྗོངས་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རིང་དབྱངས་སྐྱིད་ཀྱིས་བརྩམས་པའི་དེབ་གསར«གླུ་གར་གྱི་རྒྱལ་སྲས»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
       རྩོམ་པ་པོས་སྔ་ཕྱིར་མི་ལོ་བཞི་ཙམ་སྤྱད་དེ་བྲིས་པའི་མི་སྣའི་དངོས་བྲིས་ལོ་རྒྱུས་དེབ«གླུ་གར་གྱི་རྒྱལ་སྲས»ཞེས་པའི་ནང་ཧ་ལམ་དུས་རབས་ཧྲིལ་པོ་གཅིག་ལ་ཉེ་བའི་རིང་གི་ལོ་རྒྱུས་འཕོ་འགྱུར་ཇི་སྙེད་ཉམས་སུ་མྱོང་བའི་མི་སྣ་ངོ་མཚར་ཅན། རྒྱལ་ཁབ་རིམ་པའི་གར་གྱི་རྒྱུན་འཛིན་པ་དང་། ལྗོངས་རིམ་པའི་སྟོད་གཞས་རྒྱུན་འཛིན་པ། ལྗོངས་རིམ་པའི་ལྷ་སའི་སྒྲ་སྙན་དཀྲོལ་གཏོང་གི་རྒྱུན་འཛིན་པ་བཅས་ཡིན་པའི་བཀྲ་ཤིས་ཚེ་རིང་ལགས་ཀྱི་ངོ་མཚར་ཆེ་བའི་སྒྱུ་རྩལ་གྱི་མི་ཚེའི་ལམ་བུའི་སྐོར་བཀོད་ཡོད།
       གར་ཕྲུག་ནས་གློ་བུར་འཛིན་བཟུང་ལ་ཚུད་པ་དང་། ཆུ་ཤུགས་གློག་ཁང་དང་བྱང་ཚ་ལ་དཀར་པོའི་ལས་མི་རུ་ཁག་ནང་ཚུད་པ། དེ་ནས་ཡང་བདུན་གཅིག་ཞིང་འཕྲུལ་བཟོ་གྲྭའི་བཟོ་པར་གྱུར་པ། སྒྱུར་བཅོས་སྒོ་དབྱེ་དང་སྲིད་ཇུས་ལྷུག་གཏོང་བྱས་རྗེས་བོད་ལྗོངས་སློབ་ཆེན་གྱི་རོལ་མོའི་དགེ་རྒན་ཆགས་ནས་སྒྱུ་རྩལ་སྤྱི་དང་། ལྷག་དོན་གར་གྱི་སྒྱུ་རྩལ་དང་སླར་ཡང་འཕྲད་ནས་སྒྱུ་རྩལ་གྱི་ལམ་བུར་དངོས་སུ་ཞུགས་པ། ལས་འཁྱུར་ངལ་གསོ་བྱས་རྗེས་གར་དང་གར་གླུ། སྟོད་གཞས་ནང་མ་རྒྱུན་འཛིན་དང་མ་ཉམས་གོང་འཕེལ་གཏོང་ཆེད་དུ་སེམས་ནུས་ཡོད་རྒུ་བཏོན་ཏེ་རྗེས་རབས་པ་ཚོར་རྩ་ཆེའི་དཔྱད་གཞི་བཞག་པ་དང་། ཕུལ་བྱུང་སློབ་མ་གསོ་སྐྱོང་གནང་བ། ལྷ་སའི་སྟོད་གཞས་རྒྱུན་འཛིན་རུ་ཁག་བཙུགས་པ་སོགས་ཡ་མཚན་ཆེ་ལ་ཕུན་སུམ་ཚོགས་པའི་མི་ཚེའི་ལམ་བུ་ཞིག་བརྒྱུད་མྱོང་བ་ཞིག་གོ །
       རྩོམ་པ་པོས་ལོ་རྒྱུས་ཀྱི་ཡིད་ཆེས་འཕེར་བ་དང་ཞིབ་ཚགས་ཀྱི་པིར་ཁ་རྣོན་པོ་ལ་བརྟེན་ནས་བཀྲ་ཤིས་ཚེ་རིང་ལགས་ཀྱི་དགོད་བྲོ་ལ་ངུ་ཡང་བྲོ་བའི་ཀྱག་ཀྱོག་གི་མི་ཚེའི་ལམ་བུ་བཀོད་པ་དང་། ཁོང་གིས་སྒྱུ་རྩལ་ཚད་མཐོའི་དམིགས་ཚད་དུ་འཛིན་ཅིང་། སྒྱུ་རྩལ་དང་མི་ཚེ་དབྱེར་མེད་མཉམ་དུ་འདྲེས་པའི་གླུ་གར་གྱི་རྒྱལ་སྲས་འཁྲུལ་མེད་ཀྱི་རྣམ་ཐར་བྲིས་པ་དང་། དུས་མཚུངས་མི་རྣམས་ཀྱིས་རྣ་བས་ཐོས་ཀྱང་སྣང་འཇོག་དེ་ཙམ་མི་བྱེད་པའི་གར་གྱི་ལོ་རྒྱུས་དང་། གར་པའི་སྒྲིག་གཞི་དང་གར་ཕྲུག་པའི་གསོ་སྐྱོང་གི་གནས་ཚུལ། གནའ་བོའི་བོད་ཀྱི་གླུ་གར་རྒྱ་མཚོའི་ནང་གི་ནོར་བུ་རྩ་ཆེན་སྟོད་གཞས་ནང་མ་གཉིས་ཀྱི་སྐོར་དང་། དེ་སྔའི་ནང་མའི་སྐྱིད་སྡུག་གི་སྐོར་སོགས་ཞིབ་པར་བཀོད་ཡོད་པས། འདི་ནི་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་པ་ཞིག་ལ་འཕྲད་པ་དང་བརྒྱུད་མྱོང་བའི་མི་ཚེའི་རྣམ་ཐར་དང་། སྒྱུ་རྩལ་པ་རྒན་གྲས་ཤིག་གིས་དཀའ་བ་དང་བར་ཆད་དུ་མ་ཁྱད་དུ་བསད་ནས་སྒྱུ་རྩལ་གྱི་བྱ་གཞག་ལ་རེ་སྙེག་དང་བརྩོན་ལེན་གྱི་སྙིང་སྟོབས་མཚོན་པ་ཞིག་ཡིན་ལ། རྩོམ་པ་པོས་དེ་འབྲེལ་གྱི་བོད་ཀྱི་གནའ་བོའི་སྒྱུ་རྩལ་གར་དང་། ལྷ་སའི་སྟོད་གཞས་ནང་མ་སོགས་ཀྱི་དཔྱད་གཞི་ཕུན་སུམ་ཚོགས་པོ་བསྡུ་བསྒྲིགས་དང་འོས་སྦྱོར་བྱས་ཡོད་པས«གླུ་གར་གྱི་རྒྱལ་སྲས»ཞེས་པའི་དེབ་ཀྱི་ནང་ལས་བཀྲ་ཤིས་ཚེ་རིང་ལགས་ཀྱི་ངོ་མཚར་ཆེ་བའི་སྒྱུ་རྩལ་གྱི་མི་ཚེར་མྱོང་རོལ་བྱེད་ཐུབ་པ་དང་ཆབས་ཅིག  ཀློག་པ་པོ་ཚོས་བོད་ཀྱི་གནའ་བོའི་སྒྱུ་རྩལ་གར་དང་གར་གླུ སྟོད་གཞས་ནང་མ་སོགས་ལ་རྒྱུས་མངའ་ལོན་པ་དང་།  སྲོལ་རྒྱུན་སྒྱུ་རྩལ་གྱི་རིན་ཐང་གང་ལེགས་རྟོགས་ཐུབ་པར་གདོན་མི་ཟ།

རྩོམ་པ་པོ་ངོ་སྤྲོད།
       ཚེ་རིང་དབྱངས་སྐྱིད། ༡༩༨༧ལོར་བོད་ལྗོངས་སློབ་ཆེན་ཐོན་པ་ནས་ལས་ཁྱུར་མ་བྱེད་བར་སློབ་ཁྲིད་ལ་གཞོལ། ལས་བྲེལ་ཆེ་བའི་སློབ་ཁྲིད་ཀྱི་ཞོར་དུ་བརྩམས་སྒྲུང་གཙོ་བོར་བྱས་པའི་རྩོམ་རིག་བརྩམས་ཆོས་འབྲི་རྒྱུ་རྒྱན་འཁྱོངས་བྱས་ཤིང་། ༢༠༠༧ལོར་བརྩམས་སྒྲུང་ཕྱོགས་བསྒྲིགས«རི་རྩེའི་སྤྲིན་དཀར»པར་སྐྲུན་བྱས་ཏེ་ཀློག་པ་པོའི་ཁྲོད་ཚོར་སྣང་ལན་ཆ་ཆེ་ཙམ་བྱུང་བ་མ་ཟད་བརྩམས་ཆོས་དེར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྐབས་དགུ་པའི་རྟ་མཆོག་བུམ་པའི་བྱ་དགའ་ཐོབ། ༢༠༡༤ལྷུག་རྩོམ་ཕྱོགས་བསྒྲིགས«མི་ཚེའི་འགྲུལ་བཞུད»པར་དུ་བསྐྲུན་པ་དང་དེར་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ།
       ལོ་མང་འབད་བརྩོན་བྱས་པ་བརྒྱུད༢༠༡༦ལོའི་ཟླ་བ༥པར་སྒྲུང་རིང«མེ་ཏོག་དང་རྨི་ལམ»པར་སྐྲུན་བྱས་རྗེས་མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོའི་ཁྲོད་དུ་ཚོར་སྣང་ལན་ཆ་ཆེ་ཙམ་བྱུང་བ་དང་སྦྲགས་སྐད་འཕྲིན་དང་། ཚགས་པར། དུས་དེབ་སོགས་ཀྱི་སྟེང་དཔྱད་རྩོམ་སྤེལ་ནས་གྲོས་བསྡུར་ཆེན་པོ་བྱས། སྒྲུང་རིང་དེ༢༠༢༢ལོར་དབྱིན་ཡིག་ཏུ་བསྒྱུར་བ་དང་། ༢༠༢༤ལོར་ཉི་ཧོང་ཡི་གེར་བསྒྱུར་རྗེས་ཀློག་པ་པོའི་དགའ་བསུ་ཐོབ། ༢༠༡༩ལོར་ལྷུག་རྩོམ་ཕྱོགས་བསྒྲིགས«ཟླ་འོད་འོག་གི་དྲན་འཆར»པར་དུ་བསྐྲུན། དེ་བཞིན་རྩོམ་རིག་ཁག་གཅིག་ལ་སྐབས་གསུམ་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་དང་། སྐབས་གཉིས་པའི་གངས་རྒྱན་བུམ་པའི་བྱ་དགའ་ཐོབ། ད་ལྟ་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།