བོ་དོང་པཎ་ཆེན་གྱི་གསུང་འབུམ་གྱི་པར་ཕུད་འགྲེམས་སྤེལ་མཛད་སྒོ་ལྷ་སར་གཉེར།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། དུས་ཚོད།:2025-10-14 08:04:35 ཀློག་གྲངས།:
       ཟླ10ཚེས11ཉིན། ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོའི་གྲས་ཏེ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་གྱི་པར་ཕུད་འགྲེམས་སྤེལ་མཛད་སྒོ་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་གཉེར་ཡོད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་སོགས་སྐུ་མགྲོན་བྱེད་སྒོར་ཕེབས་པ་དང་། འབྲེལ་ཡོད་རྩོམ་སྒྲིག་མི་སྣ་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་མི་སྣ། དེ་བཞིན་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས100ལྷག་ཙམ་པར་ཕུད་འགྲེམས་སྤེལ་མཛད་སྒོ་དང་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས་ཡོད།
       ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འཐུས་མིས་ཤིས་ཚིག་གསུངས་སྐབས། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་དེར་ཁྱོན་པོད103ཡོད་པ་དང་། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་མཆོག་གི་མཚན་ཉིད་རིག་པའི་གསུང་རྩོམ་དང་ཆོས་དོན་འཆད་འགྲེལ། ལོ་རྒྱུས་ཟིན་འགོད་སོགས་རྩ་ཆེའི་ཚད་ལྡན་ཡིག་ཆ་བསྡུས་ཡོད་པས། ནང་དོན་རྒྱ་ཆེ་ཞིང་དགོངས་པ་གཏིང་ཟབ་པ་དང་། བོད་བརྒྱུད་ནང་བསྟན་གྱི་བསམ་བློའི་ལོ་རྒྱུས་དང་བོད་རིགས་ཀྱི་རིག་གནས་ནོར་མཛོད་ནང་གི་ཤུལ་བཞག་གལ་ཆེན་ཞིག་ཡིན།
       ད་ལོའི་ཟླ8པར། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུམ་འབུམ་དེ་ཉིད་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་དྲན་རྟེན་ཕྱག་རྟགས་ཀྱི་གྲས་ཤིག་ཡིན་པའི་ཆ་ནས་བོད་ལྗོངས་ལས་རིགས་ཁག་གི་ནང་གདེང་འཇོག་མཐོ་པོ་ཐོབ་ཡོད།
       ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་རྩོམ་སྒྲིག་དཔེ་སྐྲུན་བྱས་པ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་ལ། བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་ཡིན། ལས་གྲྭ་དེས་ཕྱོགས་བསྡུས་རང་བཞིན་གྱི་བོད་ཡིག་ཚད་ལྡན་ཡིག་ཆ་ཆེ་གྲས་ཕྱོགས་བསྒྲིགས་དཔེ་སྐྲུན་བྱ་རྒྱུ་མི་འདང་བའི་ཆ་ཁ་གསབ་བྱས་ཡོད།
       པར་ཕུད་འགྲེམས་སྤེལ་མཛད་སྒོ་གཉེར་རྗེས། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ལྷ་ས་དཔལ་བརྩེགས་བོད་ཡིག་གནའ་གཞུང་ཞིབ་འཇུག་ལྟེ་གནས། བསམ་སྡིངས་དགོན་བཅས་ཀྱིས་བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་དང་ཞིབ་འཇུག་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། མཉམ་དུ་བོད་ལྗོངས་ཀྱི་དགོན་པ་དང་ཡིག་ཚགས་ཁང་། དཔེ་མཛོད་ཁང་། བོད་ལུགས་གསོ་རིག་སྨན་ཁང་སོགས་ལ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུམ་འབུམ་ཆ་ཚང50ཞལ་འདེབས་ཕུལ་ཡོད།
       ད་རེས་ཀྱི་པར་ཕུད་འགྲེམས་སྤེལ་མཛད་སྒོ་དང་ཞལ་འདེབས་འབུལ་བའི་མཛད་སྒོ་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་ལས་སྒོ་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོའི་གཞུང་ལས་ཁང་དང་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ལྷ་ས་དཔལ་བརྩེགས་བོད་ཡིག་གནའ་གཞུང་ཞིབ་འཇུག་ལྟེ་གནས། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་བསམ་སྡིངས་དགོན་པའི་བོ་དོང་གནའ་གཞུང་ལེགས་སྒྲིག་ཁང་བཅས་ཀྱིས་གཞོགས་འདེགས་བྱས་ནས་གཉེར་བ་ཞིག་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།