གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་དང་སྙན་ངག་གྱེར་འདོན་འགྲན་ཚོགས།

རྩོམ་པ་པོ།:མཁས་གྲུབ། རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-13 08:48:22 ཀློག་གྲངས།:
རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་ལྔ་པ་དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་བདུན་པའི་བྱ་འགུལ་གཏེར་ལེན་ཁ་རུ་སྤེལ་བ།
 
       ཉེ་ཆར། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། དུས་དེབ«གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་གིས་འགན་སྒྲུབ་བྱས་པའི“གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་ལྔ་པ”དང“གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་བདུན་པའི”བྱ་དགའ་གནང་བའི་མཛད་སྒོ་དེང་རབས་སྙན་ངག་གི་ཕ་ས་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་བསྡུས།
       མཛད་སྒོའི་ཚོགས་འདུར་མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བསོད་ནམས་དབང་མོ་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲུང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཙུན་བུའུ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐེན་ཡུན་ཅན་སོགས་འབྲེལ་ཡོད་མགོ་ཁྲིད་དང་། སྙན་ངག་གྱེར་འདོན་འགྲན་ཚོགས་ཀྱི་དཔྱད་འདེམས་པ། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ། ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་ཆེན་མོ12ནས་ཡོང་བའི་འགྲན་ཞུགས་སློབ་མ་དང་མཛུབ་ཁྲིད་དགེ་རྒན། གཏེར་ལེན་ཁ་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་བཅས་མི300ལྷག་ཞུགས་ཡོད།
       ཚོགས་འདུས་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་བདུན་པའི་བྱ་དགའ་ཐོབ་མཁན་སྙན་ངག་པ་མཚོ་སྐྱེས་དང་རེ་རྐང་གླིང་། བྱམས་ཕྲུག རྟོགས་སད་ལྷ་མོ། ཚྭ་རྡེའུ། སྒྲོལ་མ་འཚོ་བཅས་ལ“གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ”སྤྲད་པ་དང་། དུས་དེབ«གངས་རྒྱན་མེ་ཏོག»གིས་འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་བོད་ཀྱི་རྩོམ་རིག་གསར་པའི་ཐད་བཏོན་པའི་ལག་རྗེས་དང་མཛད་བཟང་ལ་གདེང་འཇོག་ཚད་མཐོན་པོ་བྱས།
       སྙན་ངག་གྱེར་འདོན་བྱེད་སྒོའི་སྟེང་སློབ་བུ་དག་གི་གྱེར་བྱའི་སྙན་ངག་དེ་དག་ནང་སེམས་ཀྱི་ཟབ་ས་ནས་རྡོལ་ཞིང་སྐད་ཡིག་རྨང་རྡོ་རུ་གྱུར་བའི་ཐ་སྙད་རེ་རེ་མ་བཅོས་ལྷུན་གྱིས་གྲུབ་པའི་དབྱངས་རྟ་སྙན་མོས་གྲེ་འགྱུར་ངག་ལ་གུག་པར་ལྟད་མོ་བ་དག་གི་ཡིད་ཀྱི་བརྟན་ཅིག་ཅར་དུ་འཕྲོག འགྲན་བསྡུར་ལ་དཔྱད་འདེམས་པ་དག་གིས་འདྲ་མཉམ་དང་དྲང་གཞག་གི་དཔྱད་འདེམས་བྱས་པ་བརྒྱུད་ཟི་ཁྲོན་རྔ་བ་དགེ་འོས་སློབ་གླིང་ནས་ཐོན་པའི་སློབ་མ་གཡང་འཛོམས་དང་ཚེ་འབྲུག གངས་ཅན་ལྷ་མོ་གསུམ་གྱིས་གྱེར་བའི་སྙན་ངག«ཕ་ཡུལ་ལགས། གངས་ལྗོངས»ཞེས་པར་བྱ་དགའ་ཨང་དང་པོ་ཐོབ།
       ཚོགས་འདུས་ཞི་ཅིན་ཕིང་གི་དུས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་རིག་པའི་ལྟ་བར་སློབ་སྦྱོང་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དར་སྤེལ་གཏོང་བ་དང་། གཞོན་སྐྱེས་ན་གཞོན་དག་གི་ཕྱོགས་བསྡུས་ནུས་པ་སྐྱེད་སྲིང་དང་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་མཚོན་པ། དེ་མིན་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར76ལོན་པར་རྟེན་འབྲེལ་ཞུ་བ་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་རིག་གནས་གསར་པ་ཕན་ཚུན་མཉམ་འདྲེས་བྱེད་པ། མཚོ་ནུབ་ཁུལ་གྱི་མི་རིགས་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་མདུན་སྐྱོད་བྱེད་པའི་དུས་རབས་ཀྱི་སྣང་བརྙན་མངོན་པར་མཚོན་ཐུབ་ཡོད།
       ཉིན་དེའི་ཕྱི་དྲོར«གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་གི་བཀོད་སྒྲིག་ལྟར་ཚོགས་ཞུགས་མི་སྣ་ཡོངས་གཏེར་ལེན་ཁ་གྲོང་ཁྱེར་དུ་ཡོད་པའི་ཧའེ་ཙིའི་སྙན་ངག་བཤམས་སྟོན་ཁང་སོགས་སུ་ལྟ་སྐོར་ལ་ཁྲིད་དེ་དེང་རབས་སྙན་ངག་གི་ཕ་སའི་མཛེས་པ་ཉམས་སུ་མྱངས།
       རེབ་འདིའི་མཛད་སྒོ་མཚོ་ནུབ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཆུ་ཚོད་བཞིའི་ཡུན་ལ་ཐད་གཏོང་བྱས་པར་དྲ་ནང་དུ་ལྟ་མཁན་མི་ཁྲི50ལྷག་ལ་བུད་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།