ན་གཞོན་འཁྲབ་ཁྲིད་པ་མུན་སེལ་ལགས་ཀྱི་དངོས་མཚོན་གློག་བརྙན«གླིང་སྣེ་གསུམ་པའི་འབྲོག་པ»དང་དུས་བཞིའི་འཁོར་ལོ་ཞེས་པའི་ཐང་ག་འགྲེམ་སྟོན་བྱས་པའི་སྐོར་བཀོད་པ།

རྩོམ་པ་པོ།:དམ་ཆོས་སོགས། ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2026-05-21 08:40:25 ཀློག་གྲངས།:
       ཟླ5ཚེས17ཉིན་གྱི་ཕྱི་དྲོར། ལྕགས་རོང་ལམ་གྱི་གཙུག་ལག་སྒྱུ་རྩལ་སློབ་གླིང་དུ་དངོས་མཚོན་གློག་བརྙན«གླིང་སྣེ་གསུམ་པའི་འབྲོག་པ»དང་འབྲོག་པའི་དུས་བཞིའི་འཁོར་ལོ་ཞེས་པའི་ཐང་ག་འགྲེམ་སྟོན་བྱས་པ་དང་། དེ་ནི་བོད་ལྗོངས་པདྨ་ཡོ་གས་གཙོ་གཉེར་བྱས་ཤིང་། བོད་ལྗོངས་བཻ་རོ་ཚན་རྩལ་ཞབས་ཞུ་སྤྱི་གཉེར་ཁང་དང་བོད་ལྗོངས་གཙུག་ལག་སྒྱུ་རྩལ་སློབ་གླིང་གཉིས་ཀྱིས་སྒྲུབ་རོགས་བྱས་པ་ཞིག་རེད། ད་རེས་ཀྱི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོའི་ནང་སློབ་གྲྭ་ཆེན་མོའི་དགེ་རྒན་དང་། རྩོམ་པ་པོ་གྲགས་ཅན། ཞིབ་འཇུག་སྡེ་ཚན་གྱི་མཁས་པ། སྒྱུ་རྩལ་ལ་དགའ་མོས་ཟབ་པའི་གཞོན་ནུ་སོགས་ལྟད་མོ་བ་སུམ་བརྒྱ་ལྷག་ཙམ་ཞུགས་ཡོད་ཅིང་། དེར་འདུས་ཀུན་གྱིས་དགའ་དད་སྤྲོ་གསུམ་ངང་སྒྱུ་རྩལ་གྱི་སྟོན་མོར་མྱོང་རོལ་བྱས་པ་རེད།
       དེ་ཡང་། གློག་བརྙན་གཟིགས་འབུལ་གྱི་བྱེད་སྒོར་འཁྲབ་ཁྲིད་པ་མུན་སེལ་ལགས་ཀྱིས། དངོས་མཚོན་གློག་བརྙན«གླིང་སྣེ་གསུམ་པའི་འབྲོག་པ»ནི་མི་ལོ་དྲུག་གི་རིང་རང་ཉིད་གཅིག་པུ་སྟོད་མངའ་རིས་ཀྱི་ཡུལ་ཁམས་འགྲིམས་ཏེ། ས་ཕྱོགས་དེ་གའི་གདོད་མའི་དུས་ཀྱི་བྲག་བརྐོས་རི་མོ་དང་། འདབ་ཆགས་རྩི་ཤིང་། དེ་བཞིན་ཁ་འབབ་རྣམ་བཞི་འབབ་རྒྱུད་ཀྱི་འབྲོག་པ་རྣམས་ཀྱི་ཞོགས་པ་ནས་ས་སྲོད་བར་གྱི་ཉིན་གཅིག་གི་འཚོ་བའི་གནས་སྟངས་ཇི་མ་ཇི་བཞིན་ཟིན་བྲིས་ལྟ་བུར་བཀོད་པ་ཞིག་ཡིན། འོན་ཀྱང་ང་རང་ད་ལྟའི་བར་གློག་བརྙན་ཆེད་ལས་སྦྱངས་མ་མྱོང་བ་དང་ལྷག་པར་བརྙན་ལེན་གྱི་ལས་ཀའང་བྱེད་མྱོང་མེད། དེར་བརྟེན་རང་སྦྱོང་བྱེད་ཞོར་དུ་དངོས་མཚོན་གློག་བརྙན་འདི་བཟོས་པ་ཡིན། དཀའ་ངལ་མང་པོ་འཕྲད་པ་སྨོས་ཅི་དགོས་ཞེས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བརྗོད་བྱུང་།
       ཁོང་གིས། བརྙན་ལེན་གྱི་ལས་ཀ་ཡོངས་སུ་གྲུབ་རྗེས། བརྙན་རིས་སྒྲིག་སྦྱོར་དང་རོལ་དབྱངས་ཇུས་འགོད་སོགས་ཕྱིས་ཀྱི་ལས་རིམ་ལ་རྩིས་འཕྲུལ་ལག་རྩལ་པ་རྒན་གངས་ཅན་དབྱངས་འཚོ་ལགས་ལྟ་བུ་གྲོགས་པོ་མཁྱེན་ཡངས་ཅན་མང་པོས་རོགས་རམ་ཆེན་པོ་དང་མཛུབ་ཁྲིད་ཟོལ་མེད་གནང་བ་ནི་ནམ་ཡང་བརྗེད་ཐབས་མེད་ལ། ཁོང་རྣམ་པར་སོར་བཅུའི་ཐལ་མོ་སྙིང་གར་སྦྱར་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གློག་བརྙན་ལ་སྐར་མ58དང་སྐར་ཆ31ཡོད་པ་དང་། དེའི་ནང་དུ་ཡ་ཐོག་རྔོན་པའི་དུས་རིམ་དང་། བར་དུ་རི་དྭགས་འདུལ་སྦྱོང་གི་དུས་རིམ། མཐའ་མ་འབྲོག་པའི་དུས་རིམ་བཅས་ཁག་གསུམ་དུ་ཕྱེ་ནས་གཙོ་བོར་མངའ་རིས་ཀྱི་ཁ་འབབ་རྣམ་བཞིའི་རྒྱུད་ཀྱི་འབྲོག་པའི་འཚོ་བ་མཚོན་ཡོད་ཅེས་བཤད།
       གཞན་ཡང་། གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། མུན་སེལ་ལགས་ཀྱིས་ཇུས་འགོད་བྱས་པའི་འབྲོག་པའི་དུས་བཞིའི་འཁོར་ལོ་ནི་སྲིད་པའི་འཁོར་ལོ་ཡི་ཐང་གའི་ཚུལ་དུ་བྲིས་ཡོད་པ་དང་དེའི་ནང་དོན་ནི། དཀྱིལ་དུ་གངས་དང་མཚོ། མདའ་དང་འཕང་། ཕོ་མོ་གཉིས་བཅས་སྲོལ་རྒྱུན་གྱི་ཞི་དྲག་གི་རིག་གནས་མཚོན་བྱེད་དམ་སྐྱེས་པ་དང་བུད་མེད་གཉིས་འདུས་པ་ལས་འགྲོ་བ་མིའི་རིགས་རྒྱུད་འཕེལ་བའི་མཚོན་དོན་ཡིན་ཞིང་། “ཡུན་རིང་འདིའི་ཕྱོགས་ལ་བསམ་བློ་བཏང་ཞིང་མ་ཕྱི་དང་པོ་དེ་རྒན་རབས་པ་དུ་མར་སྤྱན་བསྟར་ཞུས་ནས་བརྗོད་བྱ་སོགས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། གསར་གཏོད་དང་བློས་བསླངས་བྱས་ཤིང་ཐོག་མའི་རྣམ་པ་དེ་ཡི་གེའི་ལམ་ནས་ཨ་ཕ་དང་མཉམ་དུ་བྲིས་རྗེས། 2025ལོའི་ལོ་མཇུག་ཏུ་ལྷ་སའི་ཚལ་གུང་ཐང་དུ་རྒན་གངས་ཅན་དབྱངས་འཚོ་ལགས་དང་ལྷན་དུ་འཕྲུལ་རིས་སུ་ཕབ་པ་ཡིན”ཞེས་མུན་སེལ་ལགས་ཀྱིས་བརྗོད།
       བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་མང་རའི་ཕྱག་རྡོར་ལགས་ཀྱིས“མི་ལོ་མང་པོའི་རྗེས་སུ་བལྟས་ཚེ། དངོས་མཚོན་གློག་བརྙན་འདི་ལ་སྟོད་མངའ་རིས་རྒྱུད་ཀྱི་ཕྱི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་གྱི་གནས་སྟངས་གསལ་བའི་མེ་ལོང་ལྟ་བུར་འགྱུར་ངེས་རེད་ལ། གྲོང་ཁྱེར་དུ་འཚོ་བ་སྐྱེལ་བའི་མི་རྣམས་ལ་རིག་གནས་སྣ་མང་ཕུན་སུམ་ཚོགས་པའི་ཆ་ཞིག་ཀྱང་སྟོན་ཐུབ་སྲིད་སྙམ། དེ་བཞིན་དུ་སྐུ་ཞབས་མུན་སེལ་ལགས་ཀྱི་དུས་བཞིའི་འཁོར་ལོ་ཞེས་པའི་ཐང་ག་འདིར་མཚོན་ན་ཡང་། འབྲོག་ཡུལ་གྱི་མི་དང་སྒོ་ཕྱུགས་རི་དྭགས་ཞི་མཐུན་མཉམ་གནས་ཀྱི་ངང་ཚུལ་མཚོན་ཡོད་པས་ཉམས་དགའ་བ་ཞིག་རེད། དེར་རིག་གནས་ཀྱི་རིན་ཐང་དང་ཉར་ཚགས་ཀྱི་རིན་ཐང་ངེས་ཅན་ལྡན་འདུག”ཅེས་མྱོང་ཚོར་ཟབ་མོས་གསར་འགོད་པར་བརྗོད།
       འགྲེམ་སྟོན་མཇུག་འགྲིལ་རྗེས། ཞིབ་འཇུག་པ་ཧོར་དཀར་ནོ་མོ་དང་། སོག་རུ་ཀརྨ་ཀུན་ཁྱབ། ཚོང་དཔོན་ཀརྨ་བསམ་གྲུབ་སོགས་རེ་རེ་བཞིན་སྡིངས་ཆར་ཕེབས་ཏེ་གློག་བརྙན་དང་ཐང་གའི་སྐོར་ནས་བགྲོ་གླེང་འཁྲུག་པོ་གནང་བ་མ་ཟད། མ་འོངས་པར་འཁྲབ་ཁྲིད་པ་མུན་སེལ་ལགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་སྨོན་འདུན་ཡང་ཞུས་པ་རེད།
གསར་འགོད་པ། གནམ་ཕྱུག་རྒྱལ། བདེ་སྐྱིད་དབང་མོ། དམ་ཆོས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།