བོད་ཡིག་ཆ་འཕྲིན་ལག་རྩལ་དང་འབྲེལ་བའི་ཚོགས་འདུ་བོད་ལྗོངས་ཉིང་ཁྲིར་ཚོགས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2025-07-15 08:49:57 ཀློག་གྲངས།:
       ཟླ7པའི་ཚེས11ཉིན། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྒྱལ་ཁབ་ཀྱི་ཚད་གཞིའི་ལས་དོན་ཚོགས་ཆུང་གི2025ལོའི་ལོ་འཁོར་གྱི་ལས་དོན་ཚོགས་འདུ་ཉིང་ཁྲིར་འཚོགས་ཤིང་། ཚོགས་འདུའི་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི«རྒྱལ་ཡོངས་ཀྱི་ཆ་འཕྲིན་ལག་རྩལ་ཚད་ལྡན་ཅན་ལག་རྩལ་ཨུ་ལྷན་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྒྱལ་ཁབ་ཀྱི་ཚད་གཞིའི་ལས་དོན་ཚོགས་ཆུང་གི་སྒྲིག་ཡིག»དང«བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཚད་གཞིའི་མ་ལག་འཛུགས་སྐྱོང་གི་ཕྱོགས་སྟོན»ལ་གྲོས་འཆམ་བྱུང་བས། བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ལྡན་ཅན་གྱི་ལས་ཀའི་མ་ལག་འཆར་འགོད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། བོད་ཡིག་ཆ་འཕྲིན་ལག་རྩལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་གཞིའི་མ་ལག་མགྱོགས་མྱུར་འཛུགས་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
       ཚོགས་འདུར་ཞུགས་པའི་རིང་ལ། ཆེད་མཁས་པ་དང་རིག་གཞུང་ཞིབ་འཇུག་པ་དང་འཐུས་མི31གིས་གྲོས་ཞིབ་བྱས་པ་དང་འབྲེལ། བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི«ཆ་འཕྲིན་ལག་རྩལ། བོད་སྐད་སྐད་བརྡའི་རྟགས་འགོད་ཚད་གཞི»དང«ཆ་འཕྲིན་ལག་རྩལ། རྒྱ་བོད་མཉམ་འགྲོའི་ཡིག་མཛོད་ཀྱི་ལས་སྣོན་ཚད་གཞི» «ཆ་འཕྲིན་ལག་རྩལ། བོད་སྐད་ཀྱི་ཨ་མདོའི་ཡུལ་སྐད་ཀྱི་ཁ་སྐད་འབྲི་བའི་ཚད་གཞི»སོགས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ལྔ་པོའི་ནང“འཕྲལ་སྤྱོད་སྔོན་བསྟར་དང་རྨང་གཞི་ཐ་སྐྱོང”གི་རྩ་དོན་མངོན་གསལ་དོད་དུ་བཏང་ནས་ལག་རྩལ་གྱི་འགག་གནད་དང་དཀའ་གནད་བསལ་ཡོད།
       1997ལོའི་ཟླ7པར། རང་རྒྱལ་གྱིས་གོང་འབུལ་བྱས་པའི་བོད་ཡིག་ཨང་སྒྲིག་ཇུས་གཞིར་རྒྱལ་སྤྱིའི་ཚད་ལྡན་ཅན་རྩ་འཛུགས(ISO)ཀྱིས་ཞིབ་བཤེར་གཏན་འཁེལ་བྱས་པ་བརྒྱུད། ISO/IEC10646(སྤྱི་སྤྱོད་ཨང་སྒྲིག་ཡིག་རྟགས་བརྒྱད་མའི་འབྲུ་རྟགས་ཡིག་སྒྲོམ)ནང་གི་བོད་ཡིག་ཨང་སྒྲིག་གི་རྒྱལ་སྤྱིའི་ཚད་གཞིར་དངོས་སུ་འགྱུར་ཡོད། དེ་རྗེས(GB16959-1997)«ཆ་འཕྲིན་ལག་རྩལ་དང་ཆ་འཕྲིན་བརྗེ་རེས་ལ་སྤྱོད་པའི་བོད་ཡིག་ཨང་སྒྲིག་འབྲུ་རྟགས་ཡིག་སྒྲོམ། ——གཞི་རྩའི་ཡིག་སྒྲོམ»ཞེས་པའི་བོད་ཡིག་ཨང་སྒྲིག་གི་རྒྱལ་ཁབ་ཀྱི་ཚད་གཞི་དངོས་སུ་ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས་བོད་ཡིག་འདི་ཉིད་ཀྲུང་གོའི་རྒྱལ་སྤྱིའི་ཚད་གཞི་གཏན་འབེབས་ལེགས་གྲུབ་བྱུང་བའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་དང་པོ་དེར་གྱུར་པ་མཚོན་ཡོད།
       བོད་ལྗོངས་སློབ་ཆེན་ཆ་འཕྲིན་ཚན་རིག་ལག་རྩལ་རིག་པའི་དགེ་རྒན་ཆེན་མོ་བ་ཀའོ་ཏིང་གོ་ཡིས“ཆ་འཕྲིན་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། མི་ཐབས་རིག་ནུས་ཀྱི་དུས་རབས་འདིར་ད་ཡོད་ཀྱི་ཚད་གཞིས་ད་ཡོད་ཀྱི་ཞིབ་འཇུག་གི་དགོས་མཁོ་སྐོང་མི་ཐུབ་པས། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཚད་གཞི་གསར་པ་ཞིབ་བཟོ་བྱ་རྒྱུ་བཏོན་པ་དེའང་དགོས་ངེས་ཧ་ཅང་ཆེ་བ་ཞིག་རེད”ཅེས་བརྗོད་པ་དང་། ཁོང་གིས། ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྒྱལ་ཁབ་ཚད་གཞི་ལྔ་པོ་དེས་གོམ་སྟབས་རྗེས་མར་མི་ཐབས་རིག་ནུས་དུས་རབས་སུ་བོད་ཡིག་ཆ་འཕྲིན་ཐག་གཅོད་བྱེད་པའི་ཐད་ཞིབ་འཇུག་བྱ་རྒྱུར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཏིང་ཡོད་ཅེས་བརྗོད།
       བོད་ལྗོངས་རྩེར་སོན་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་བཀྲ་ཤིས་ཕུན་ཚོགས་ཀྱིས“ཚོགས་འདུའི་ཐོག་བོད་སྐད་ཡིག་སྤྱོད་པའི་དགོས་མཁོར་དམིགས་ནས། གསར་གཏོད་གྲུབ་འབྲས་རིམ་འཇུག་དང་བེད་སྤྱོད་གཏོང་ཡུལ་འཛུགས་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་སོང་བས། རྩེར་སོན་ཚོགས་པས་ལས་དོན་ཨུ་ལྷན་དང་། མཐོ་སློབ། དེ་བཞིན་ཚན་ཞིབ་ལས་ཁུངས་བཅས་དང་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། བོད་རྒྱ་ལོ་ཙཱའི་མཉེན་ཆས་ཐོན་རྫས་གཙོ་བོ་བྱས་ཏེ་ཚད་གཞི་དང་ལས་དོན་ཨུ་ལྷན་གྱི་མཛུབ་ཁྲིད་འོག་ཐོན་སློབ་ཞིབ་སྤྱོད་མཐུན་སྦྱོར་གསར་གཏོད་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བརྗོད།
       ཚོགས་འདུའི་རིང་ལ། ལས་དོན་ཚོགས་ཆུང་གི་བློ་འདོན་འཐུས་མི་དང་། ཧྭ་ཝུའེ་ལག་རྩལ་ཚད་ཡོད་ཀུང་སི། ཁོ་ཏ་ཞུན་ཧྥེ་ཚད་ཡོད་ཀུང་སི། ཀྲུང་གོ་ཚན་རིག་ཁང་མཉེན་ཆས་ཞིབ་འཇུག་སུའོ། ཐེན་ཅིན་ཀྲོའོ་མན་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཀྱི་ཆེད་མཁས་པས་ད་དུང་བོད་ཡིག་ཆ་འཕྲིན་ཐག་གཅོད་དང་སྐད་ཡིག་ཆེན་པོའི་དཔེ་དབྱིབས་སོགས་ལ་དམིགས་ནས་ཆེད་དོན་ལག་རྩལ་སྙན་ཞུ་ཕུལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།