ངོས་དང་པོ > ལོ་ཙཱ། > ལོ་ཙཱའི་གཞུང་ལུགས། > རྒྱ་བོད་ལོ་ཙཱ་བ་ཞིག་ལ་ལྡན་དགོས་པའི་ཆ་རྐྱེན་སྐོར་ཅུང་ཟད་བརྗོད་པ།
རྒྱ་བོད་ལོ་ཙཱ་བ་ཞིག་ལ་ལྡན་དགོས་པའི་ཆ་རྐྱེན་སྐོར་ཅུང་ཟད་བརྗོད་པ།
རྩོམ་པ་པོ།:གཡང་གསལ་སྒྲོལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-05-14 08:30:19
ཀློག་གྲངས།:
གླེང་གཞི།
ཆོས་འབྱུང་མཁས་པའི་དགའ་སྟོན་ལས། “འཇིག་རྟེན་མིག་གྱུར་ལོ་ཙཱ་རྣམས་ཀྱིས་ནི། །འཛམ་གླིང་ཡུལ་གྲུ་དུ་མ་མྱུལ་མཛད་ནས། །མདོ་རྒྱུད་བསྟན་བཅོས་ངོ་མཚར་རྙེད་དཀའ་རྣམས། །སཾ་སྐྲྀ་ཏ་དང་ཡུལ་གྲུ་སྣ་ཚོགས་པའི། །སྐད་དང་ཡི་གེ་བརྡ་དང་ཐ་སྙད་ཚོགས། །རྣམ་མང་རྒྱ་མཚོ་ལྟ་བུར་གནས་པ་ལ། །རང་ཅག་བོད་ཡུལ་སྐྱེ་བོའི་ཡི་གེ་དང་། །བོད་ཀྱི་སྐད་དུ་བསྒྱུར་ཏེ་གོ་སླར་མཛད། །སླར་ཡང་རྒྱ་དཔེའི་བྱེ་བྲག་དུ་མ་དང་། །པཎྜི་ཏ་ལ་གཏུགས་ཏེ་དག་པར་བཅོས། །བཤད་རྒྱུན་སྒྲུབ་རྒྱུན་མན་ངག་རྒྱུན་ལྡན་པའི། །འཆད་ཉན་ཚུལ་བཞིན་སྤྱོད་པས་གཏན་ལ་ཕབ། །”ཅེས་གསུངས་པ་ལྟར། ལོ་ཙཱ་བ་ནི་འཇིག་རྟེན་མིག་ལྟ་བུར་མངོན་ཞིང་མཐའ་ཡས་པའི་ཤེས་བྱའི་མཛོད་ལས། རང་མི་རིགས་ལ་མཁོ་བའི་ཤེས་བྱའི་རིགས་མཐའ་དག་རང་སྐད་དུ་བསྒྱུར་ནས་རིག་གནས་སྣ་མང་ཚུར་ནང་འདྲེན་བྱེད་པའི་མཛད་རྗེས་བླ་མེད་བཞག་ཡོད།དང་པོ། ལོ་ཙཱའི་ཆེད་ལས་པས་ཆེད་ལས་ངོས་ཟིན་དགོས་པའི་སྐོར།
༡ ལོ་ཙཱའི་དབྱེ་བ།
ལོ་ཙཱའི་དབྱེ་བ་ནི་རང་རང་གི་ཞིབ་འཇུག་ཁ་ཕྱོགས་མི་འདྲ་བ་ལ་བརྟེན་ནས་ཐ་སྙད་འདིར་མཚན་ཉིད་འཇོག་སྟངས་ཡང་མི་འདྲ་བ་མང་པོ་ཡོད་དེ། དཔེར་ན། འབྲེལ་འདྲིས་རིག་པ་སྨྲ་བ་རྣམས་ཀྱིས། ལོ་ཙཱ་ཞེས་པ་ནི་སྐད་གཉིས་དབར་གྱི་བརྡ་འཕྲིན་སྤོར་བ་ལའོ། །ཞེས་དང་། བརྡ་དག་རིག་པ་སྨྲ་བ་རྣམས་ཀྱིས། ལོ་ཙཱ་ཞེས་པ་ནི་སྐད་ཡིག་གཉིས་བར་གྱི་བརྡ་དག་སྤོར་བ་ལ་ཟེར་ཞེས་དང་། སྒྱུ་རྩལ་རྩོམ་རིག་སྨྲ་བ་རྣམས་ཀྱིས་ལོ་ཙཱ་ཞེས་པ་ནི་སྐད་ཡིག་གཉིས་བར་གྱི་རྩོམ་ལུས་དང་རྩོམ་གཤིས་སྤོར་བ་ལའོ་ཞེས་དང་། ཡང་ལ་ལས་ལོ་ཙཱ་ནི་གསར་གཏོད་གཉིས་པ་ཡིན་ཞེས་པ་སོགས་རང་རང་གི་ཐ་སྙད་ལ་དམིགས་ནས་དབྱེ་བ་མང་དུ་ཕྱེ་ཡང་གཙོ་བོ་བརྗེ་བསྒྱུར་བྱེད་དགོས་པའི་ཡིག་རིགས་གཉིས་ཀྱི་དབྱེ་བ་ཙམ་དུ་ཟད།
༢ རྒྱ་བོད་ལོ་ཙཱ་བ་ལ་ཆེད་ལས་ཀྱི་དམིགས་ཡུལ་གསལ་པོ་ཡོད་དགོས་པ།
དག་ཡིག་མཁས་པའི་འབྱུང་གནས་ལས། “སྒྱུར་བྱེད་ལོ་ཙཱ་བ་རྣམས་ཀྱིས་ཀྱང་ཚུལ་འདི་ཉིད་འཇིག་རྟེན་དུ་ཡུན་རིང་གནས་ན་ཅི་མ་རུང་བསམ་པའི་ཐུབ་བསྟན་གཅེས་པར་འཛིན་པ་འབའ་ཞིག་ཡིད་ལ་བརྣགས་ཏེ་ཁེ་འདོད་དང་གྲགས་འདོད་ཕྱོགས་སུ་ལྷུང་བའི་ཡིད་སྤངས”ཅེས་གསུངས་པ་ལྟར་ལོ་ཙཱ་བས་སྒྱུར་གྱི་དགོས་པའམ་དམིགས་པ་ཁེ་དབང་དང་གྲགས་འདོད་ཀྱི་བློ་སྤངས་ཏེ་བསྒྱུར་བྱའི་དོན་དེ་གཞན་ལ་ཕན་འདོད་ཀྱི་བློ་སྤྱི་བོར་བཟུང་ནས། གང་བགྱིས་པ་དེ་ལ་དྲིན་འཇལ་ཡོང་བའི་དགོས་འདོད་ཕྱོགས་སུ་སྤངས་དགོས་པ། གཞན་ཡང་ཚན་རིག་དང་རང་བྱུང་། རྩོམ་རིག་གང་ཞིག་བསྒྱུར་རུང་ངེད་ཀྱི་མིང་དེ་དུས་ཅི་ཞིག་ལ་གྲགས་པ་དང་། གྲགས་པར་གྱུར་ཏེ། རང་ཉིད་ལ་རྒྱུ་དང་དབང་ཐང་ཇི་ཙམ་ཐོབ་མིན་གྱི་དགོས་པ་གཙོ་བོར་བཟུང་སྟེ་དོན་གྱི་སྙིང་པོ་ལོག་བཤད་དང་ཐེ་ཚོམ་གྱི་གནད་དག་དང་དོན་གྱི་འཁྲུལ་བ་དག་དུ་མ་སེལ་བར་ཅི་བསམ་གྱིས་བསྒྱུར་བར་བྱས་ན་དོན་ཅི་ཞིག་ལ་གོ་རུང་དང་མི་རུང་གི་དོགས་གནད་སེལ་མི་ནུས་ལ། བསྒྱུར་བ་དེ་ཡང་བརྣགས་ཐོག་གཙགས་འཁེལ་གྱི་ནུས་པ་གང་ཡང་ཐོན་མི་སྲིད་རྐྱེན། འགྱུར་ཡིག་གི་རིན་ཐང་ཡང་དེ་ཙམ་གྱིས་མཐོ་བ་མེད་ལ། བོད་རིགས་ཀློག་པ་པོའི་ཁྲོད་དུ་ཡང་ཤུགས་རྐྱེན་ཆེ་བར་མི་མངོན་པས། ཆེད་ལས་ལོ་ཙཱ་བར་བསྒྱུར་གྱི་སྔོན་འགྲོ་དགོས་པ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཏུ་ངོས་འཛིན་རྒྱུ་ནི་གལ་འགངས་ཧ་ཅང་ཆེ།
༣ རྒྱ་བོད་ལོ་ཙཱ་བ་ལ་འགན་འཁྲིའི་འདུ་ཤེས་བརྟན་པོ་ཡོད་དགོས་པ།
ང་ཚོས་ངེས་པར་དུ་འགན་འཁྲི་ཡི་འདུ་ཤེས་གང་ཡང་མེད་པར་རང་སྣང་གང་ཤར་དུ་བསྒྱུར་བར་བྱེད་པའི་རྒྱ་བོད་ལོ་ཙཱ་བ་དེ་རིགས་ལ་ཟུར་ཟ་བྱེད་དགོས་ལ། ཁོ་ཚོའི་འགན་འཁྲིའི་འདུ་ཤེས་ཞན་པའི་སྣང་ཚུལ་ལ་ཐེར་འདོན་བྱས་ཏེ་སྣང་ཚུལ་དེ་རིགས་རྩ་བ་ནས་བཀག་འགོག་བྱས་ཚེ་ད་གཟོད་སྣ་ཚོགས་ཤིང་ཁུངས་བཙུན་པའི་ཡིག་སྒྱུར་གྱི་སྲོལ་བཟང་ཞིག་ཆགས་ཐུབ། གལ་ཏེ་འགན་འཁྲིའི་འདུ་ཤེས་གང་ཡང་མེད་པར་བསྒྱུར་ན། ལོག་སྒྱུར་གྱི་གནས་ལ་འགྲོ་བའི་ཉེན་ཁ་ཆེ་རྐྱེན་ལོ་ཙཱ་བ་དྲག་ཞན་སུ་ཞིག་ཡིན་རུང་དང་ཐོག་མ་ཡིག་ལ་གོ་བ་ཡང་དག་ལེན་པའི་རྨང་གཞིའི་ཐོག རང་གི་བསྒྱུར་བྱའི་མ་ཡིག་གི་ཉམས་དང་འགྱུར་བ་སོགས་ལ་ཡང་བསྟུན་ཏེ་འགན་འཁྲི་དང་བཅས་པའི་སྒོ་ནས་བསྒྱུར་དུ་རུང་བ་ལས་འོལ་ཚོད་དང་རང་བློས་བསྒྱུར་བར་བྱས་ན་མ་ཡིག་གི་བསྟན་བྱའི་དོན་དང་རྒྱབ་འགལ་དུ་འགྲོ་ལ་སྐྱེ་བོ་ཀུན་གྱིས་གདེང་འཇོག་དང་དཔེ་འཛིན་ཡུལ་གྱི་མ་ཡིག་གང་ལ་ཡང་ཟུར་ཟ་དང་སུན་འབྱིན་དུ་འགྲོ་ངེས་པ་ཡིན།དག་ཡིག་མཁས་པའི་འབྱུང་གནས་ལས། “རང་གིས་ཇི་ལྟ་བ་བཞིན་མ་ཤེས་པ་རྣམས་མཁས་པར་གྲགས་པ་མཆོག་དམན་སུ་ལ་ཡང་རུང་སྟེ། ལེགས་པར་དྲིས་ཤིང་ཐེ་ཚོམ་བཅད་ནས་ཚིག་གསལ་ཞིང་གོ་བདེ་བ་དོན་དང་མི་འགལ་བར་བྱས་ཏེ་ལེགས་པར་བསྒྱུར་ན།”ཞེས་གསུངས་པ་བཞིན་རང་གིས་མ་ཤེས་པ་དང་དོགས་ཡོད་ཀྱི་གནད་དོན་དེ་དག་ངེས་པར་འདྲི་རྩད་ཀྱིས་དག་པར་ཐག་བཅད་དེ་དངོས་ལུགས་བཞིན་དུ་བསྒྱུར་དགོས་པ་གལ་ཆེ།
གཉིས་པ། ལོ་ཙཱའི་ཆེད་ལས་པས་ཆེད་ལས་ཤེས་བྱ་མང་དུ་སྦྱོང་དགོས་པའི་སྐོར།
༡ རྒྱ་བོད་ཡིག་སྒྱུར་ལོ་ཙཱ་བ་རྒྱ་བོད་བརྡ་སྤྲོད་ལ་བྱང་དགོས་པའི་སྐོར།
མི་རིགས་ཤིག་གི་རིག་གནས་སྦྱང་དགོས་ཚེ། ཐོག་མར་བརྡ་སྤྲོད་ནས་མགོ་བཙུགས་ཏེ་སྦྱོང་བ་བྱེད་དགོས་པ་ཡིན། «བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་སྒོ»ལས། “རིག་པའི་གནས་ལ་སྤྲོ་བས་འཇུག་པའི་དོན་གཉེར་ཅན་ཚོས་ཐོག་མ་བརྡ་སྤྲོད་ཀྱི་གཞུང་ལུགས་ལ་ནང་བྱན་ཆུད་པ་བྱེད་དགོས་པ་གལ་དོན་ཆེ”ཞེས་གསུངས་པ་ལྟར། རྒྱ་བོད་ཡིག་སྒྱུར་ལོ་ཙཱ་བ་ངེས་པར་རྒྱ་བོད་གཉིས་ཀྱི་བརྡ་སྤྲོད་ལ་བྱང་དགོས་པ་ཡིན་ཏེ་དེ་ལྟར་མིན་ན། རྒྱ་བོད་ཡིག་རིགས་གང་སྦྱངས་རུང་མཐར་ཕྱིན་པ་ཞིག་མི་ཤེས་པ་ལ་མིང་ཚིག་དུ་མའམ་བརྗོད་པ་རིང་ཐུང་ཅི་རིགས་བསྒྱུར་བའི་ཚེ་བརྡ་སྤྲོད་ཀྱི་མཚམས་སྦྱོར་མེད་ན་དོན་གྱིས་དབུལ་བའི་ཚིག་རོ་སྐམ་པོར་འགྱུར་ངེས་ལ་དོན་ཡང་གོ་ལོག་ཏུ་འགྱུར་ཉེན་ཆེ། དེ་བས་ཐོག་མར་བརྡ་སྤྲོད་རིག་པའི་ཁོ་ལག་རྒྱས་དགོས་པ་ནི་གནད་དུ་ཆེ། གཞན་ཡང«མཁས་པ་འཇུག་པའི་སྒོ»ལས། “སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས”ཞེས་གསུངས་པ་ལྟར་ཡི་གེའི་བརྡ་སྦྱོར་ཤེས་ན་སྐབས་སུ་བབས་པའི་ཚིགས་བཅད་ཚིག་ལྷུག་གང་ཡིན་རུང་བརྗོད་དོན་དང་འགལ་བ་མི་ཡོང་། དེའི་རྐྱེན་གྱིས་རྒྱ་བོད་ཡིག་རིགས་གང་སྦྱང་རུང་ཐོག་མ་བརྡ་སྤྲོད་ལ་སྦྱངས་པ་དགོས་པ་ཡིན་ལ་ལྷག་པར་རྒྱ་བོད་ཡིག་སྒྱུར་བྱ་བ་ལ་འཇུག་པའི་ལོ་ཙཱ་བ་སུ་ཡིན་རུང་བསྒྱུར་བྱའི་མ་ཡིག་དང་སྒྱུར་བྱེད་བུ་ཡིག་སྟེ། རྒྱ་བོད་གཉིས་ཀའི་བརྡ་སྤྲོད་ལ་མཁས་དགོས་པ་ཡིན་ནོ། །
༢ རྒྱ་བོད་ཡིག་སྒྱུར་ལོ་ཙཱ་བ་རྒྱ་བོད་རིག་གནས་ལ་བྱང་དགོས་པ།
ཡིག་སྒྱུར་ནི་གསར་གཏོད་ཀྱི་བྱ་བ་ཐེངས་གཉིས་པ་བྱས་ནས་གྲུབ་པ་ཞིག་ཡིན་པས་གསར་གཏོད་གཉིས་པ་བྱ་བ་ལ་ཐོག་མར་རྒྱ་བོད་མི་རིགས་གཉིས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་ལོན་ངེས་ཅན་ཡོད་དགོས་པའི་ཁར་མི་རིགས་གང་དེའི་བརྡ་གསར་རྙིང་གི་རྣམ་གཞག་དང་། སྔོན་བྱུང་ལོ་རྒྱུས་དེ་བཞིན་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་སྒྲུང་གཏམ་དང་གཏམ་དཔེ་མཐའ་དག་ཅི་ནུས་ཀྱིས་ཁོང་དུ་ཆུད་པར་བྱེད་དགོས་ལ་དེའི་བརྗོད་བྱའམ་དོན་གང་ལ་ཟེར་མིན་དང་གབ་བྱའི་ནང་དོན་གང་ཡིན་མིན་སོགས་ནོར་འཛོལ་གྱིས་མ་བསླད་པར་ཤེས་དགོས་པ་ཡིན། དེ་ཡང་ས་པཎ་མཁས་འཇུག་རྩ་འགྲེལ་ལས། “ལ་ལ་སྔོན་རབས་ལས་བྱུང་བའི། །གཏམ་རྒྱུད་ལེགས་པར་མི་ཤེས་པས། །མིང་གི་རྒྱུ་མཚན་མ་རྟོགས་ནས། །ལོག་པར་བསྒྱུར་བར་ཅུང་ཟད་མཐོང་། །”ཞེས་གསུངས་པ་ལྟར་རོ། །
༣ རྒྱ་བོད་ཡིག་སྒྱུར་བྱེད་པར་སྔོན་འགྲོ་ཐོས་པ་མང་དུ་བསག་དགོས་པ།
རྒྱ་བོད་ཆེད་ལས་ལོ་ཙཱ་བ་ཞིག་གི་ངོས་ནས་བརྗོད་ན་ཡིག་རིགས་གཉིས་ཀྱི་རིག་པའི་གནས་གང་ལ་ཡང་ནང་བྱན་ཆུད་དགོས་པ་ནི་ཡིག་སྒྱུར་གྱི་རྩ་བའི་རྨང་གཞི་ཡིན་ལ། རྒྱུན་པར་རིག་གནས་དེ་དང་འབྲེལ་བའི་ཐོས་བསམ་གྱི་ལས་ལ་འཇུག་པ་ནི་གལ་འགང་ཆེ་བའི་གནད་དོན་ཞིག་ཡིན། རྒྱ་བོད་ལོ་ཙཱ་ནི་མི་རིགས་གཉིས་ཀྱི་སྐད་ཡིག་བརྗེ་སྤོར་བྱེད་པ་ཙམ་གྱི་ལས་སླ་པོ་ཞིག་མ་ཡིན་པར་གཏིང་དཔག་དཀའ་བའི་རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་མང་པོའི་ཉིང་བཅུད་ཚུར་མངོན་ཐུབ་པ་བྱེད་པའི་བྱ་འགུལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ལོ་ཙཱ་བ་གང་དེ་བརྩམས་ཆོས་རྩོམ་པ་པོ་ལས་ཀྱང་ཤེས་ཚད་མཐོ་བ་ཞིག་དགོས་ལ། ལྷག་པར་སྐབས་སུ་བབ་པའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་རིག་གནས་ལ་ཐོས་བསམ་གྱི་གོ་ཆ་རྣོན་པོས་ཕྱི་གཤགས་ཏེ་ནང་གི་དོན་ལོན་པ་ཞིག་དགོས།གཞན་ཡང་ས་པཎ་མཆོག་གིས། “བོད་ཀྱི་སྐད་ལ་མི་ཤེས་པ། །ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །འགའ་ཞིག་བསྒྱུར་གྱི་བྱེ་བྲག་དང་། །ཡུལ་སྐད་དག་གིས་སྒྲིབ་པའང་ཡོད། །”གསུངས་པ་བཞིན་ཐོས་པ་མེད་པའི་སྒོམ་པ་ནི་ལག་རྡུམ་བྲག་ལ་འཛེག་པའི་དཔེ་ལྟར། ནམ་ཡང་འགྲོ་འདོད་ཀྱི་ས་དེར་སླེབས་མི་ཐུབ་པ་བཞིན་དུ། ཐོས་བསམ་གང་ཡང་མེད་པའི་རྒྱ་བོད་ལོ་ཙཱ་བས་རྒྱ་ཡིག་གི་མ་དཔེ་བོད་ཡིག་ཏུ་བསྒྱུར་བར་བྱས་ན། ནམ་ཡང་མ་ཡིག་གི་ཉམས་དང་བརྗོད་བྱའི་ནང་དོན་སོགས་གནད་དུ་མི་འཁེལ་བས། མ་ཡིག་གིས་སྤྱི་ཚོགས་ལ་ཐོན་པའི་ཕན་ནུས་དང་ཤུགས་རྐྱེན་སོགས་ཇི་ལྟ་བ་བཞིན་བུ་ཡིག་གིས་ཐོན་མི་ནུས་སོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།