ལི་ཡུལ་ལྕང་ར་སྨུག་པོ།
རྩོམ་པ་པོ།:གཅུང་བསྟན་བཟང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-04-03 08:40:38
ཀློག་གྲངས།:
ལི་ཡུལ་ལྕང་ར་སྨུག་པོ་ཞེས་ཐོས་དུས་དེང་སང་ཤིན་ཅང་དུ་འབོད་པའི་ས་གནས་ཡིན་པ་ཡིད་ལ་འཁོར་སྲིད། ང་རང་ཡང་ལོ་རྒྱུས་ཡིག་ཆ་མང་པོའི་གསེང་ནས་ལི་ཡུལ་གྱིས་བག་ཆགས་བཞག་མྱོང་ཡོད། སྔོན་གྱི་དུས་སུ་ལི་ཡུལ་སྡེ་བཞི་དང་ཏུ་རུཥྐ། ག་གན་གསེར་སླག་ཅན། དྲུ་གུ་རུས་དགུ། དྲུ་གུ་བུག་ཅོར། དྲུ་གུ་གེ་སར་སོགས་ལོ་རྒྱུས་རྙིང་པའི་ནང་དུ་འཁོད་ཡོད་ལ། ལི་ཡུལ་དུ་དམ་པའི་ཆོས་དར་བ་དང་དེར་གདོང་དམར་བ་དང་། བོད་དང་སུམ་པ་བཅས་ཀྱི་དམག་སླེབས་ཤིང་མཆོད་རྟེན་གོ་མ་ས་ལ་གན་དྷ་སོགས་གཏོར་བཅོམ་འབྱུང་བའི་སྐོར་ལི་ཡུལ་ལུང་བསྟན་ཞེས་བསྟན་འགྱུར་ནང་དུ་ཡོད་པའི་ལྷ་མོ་དྲི་མ་མེད་པ་འོད་ཀྱིས་ཞུས་པའི་མདོ་ལས་གསལ་ཡོད། སུམ་པའི་སྐོར་དེ་ངས་སུམ་པའི་ལོ་རྒྱུས་མཛོ་རྭ་སྨུག་ཆུང་ནང་དུ་འདྲེན་མྱངས། ད་དུང་ལི་ཡུལ་ལམ་ཤིན་ཅང་གི་ས་འོག་ནས་ཐོན་པའི་ཤིང་བྱང་ལས་བོད་ཀྱི་གནའ་བོའི་ཚོ་པ་དབུ་རུའི་དོར་སྡེ་དང་ཕྱུག་མཚམས། སུམ་པའི་རྒོད་ཚང་སྟོད་སྨད། ནག་ཤོད་ཀྱི་རུ་སྡེ་སོགས་ལི་ཡུལ་དུ་གཞིས་ཆགས་པའི་སྐོར་འཁོད་ཡོད། ལྷག་པར་དུ་ཏུན་ཧོང་བྲག་ཕུག་ནས་རྙེད་པའི་ལི་ཡུལ་གྱི་ལོ་རྒྱུས་སྐོར་འཁོད་པ་ལས། ཡུལ་གྱི་མིང་རྒྱ་སྐད་དུ་ཇི་འུང་། དྲུ་གུའི་སྐད་དུ་བ་ཀེར་པ་ལེག་ཞེས་བགྱི། དྲུ་གུ་བུག་ཅོར་སྡེ་བཅུ་གཉིས་མཆིས་ཟེར་བ་ཡོད་པ་དྲན་སོས་ཀྱི་འདུག

དེ་ལྟར་དྲུ་གུའི་སྡེ་རེ་རེ་བཞིན་བཤད་པ་ཏུན་ཧོང་བྲག་ཕུག་ནས་རྙེད་པའི་ཡིག་རྙིང་ཁ་གསལ་གོ་བདེ་ཞིག་ཡོད་ཀྱང་ད་ལམ་ལག་ཏུ་མ་ཐོགས་པས་རེ་རེ་བཞིན་གསལ་པོ་མི་དྲན་ཡང་། རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐོར་འཁོད་པ་ལས། ཡུལ་བྱང་ཀ་གནམ་བརྒྱད་མཁར་ཤུ་བ་ལེགས་ཀྱི་ནང་ན། དྲུ་གུའི་ལྷ་ཡོལ་དང་རེ། རྒྱལ་ཧེར་ཀན་དང་དར་ཀན། ཞེས་པ་ཞིག་ཡོད་མོད། དེ་ནི་དྲུ་གུའི་རྗེ་བོ་ཡིན་པ་གོང་འཚུངས་ཡིག་རྙིང་ལས་དྲུ་གུའི་བྱང་ཕྱོགས་ན་བ་མེལ་གྱི་སྡེ་ཡོད་པ་དང་ཧོར་དང་གར་ལོག བ་མེལ་གསུམ་མཉམ་རུབ་ཀྱིས་བུག་ཅོར་ཁ་གན་གྱི་སྲིད་བརླག་པ་དང་། བ་མེལ་གྱིས་སྡེ་དཔོན་བྱས་ན་ཡང་ཧོར་དང་གར་ལོག་གིས་བ་མེལ་ཁ་གན་བསད་པ་དང་། སླར་ཁ་གན་ནམ་སྡེ་དཔོན་དུ་རྒྱལ་ཧེར་ཀན་དང་དར་ཀན་ཟེར་བ་འཁོད་ཅིང་ཁོང་གཉིས་ཡུལ་བཙན་པས་གར་ལོག་གིས་མ་ཐུབ་པར་བཤད་ཡོད་པས། རྒྱལ་ཕྲན་སིལ་མའི་ནང་དུ་བགྲངས་པའི་དྲུ་གུའི་རྒྱལ་པོ་ཧེར་ཀན་དང་དར་ཀན་ནི་དྲུ་གུའི་རྗེ་བོར་འཁོད་མྱོང་བའི་ཁ་གན་ཞིག་ཡིན་འདུག མདོར་ན་སྐབས་དེར་ལི་ཡུལ་ས་ཆར་བོད་ཀྱི་རུ་ཤོག་མང་པོ་སླེབས་པ་མ་ཟད་སྐབས་རེ་བོད་ཀྱི་དབང་འོག་ཏུ་བསྡད་པ་ཤེས་ཐུབ། ཏུན་ཧོང་ཡིག་རྙིང་ལས་གསལ་བའི་བཙན་པོའི་དོན་ཆེན་ལོ་ཚིགས་ལས་བློན་ཁྲི་འབྲིང་གིས་དྲུ་གུ་གུ་ཟན་ཡུལ་དུ་དྲངས་ཞེས་དང་། ཅོག་རོ་ཁྱི་བུས་དྲུ་གུའི་ཡུལ་དུ་དམག་དྲངས་ཟེར་བ་ཐེངས་འགའ་གསལ་བ་མ་ཟད། ད་དུང་བུག་ཅོར་ཁ་གན་གྱིས་ཕྱག་བཙལ་ཞེས་བུག་ཅོར་རྗེ་བོས་བོད་བཙན་པོར་སྐྱེས་འབུལ་དུ་སླེབས་པར་བཤད་ཡོད། དེ་ལྟར་ལི་ཡུལ་དང་འབྲེལ་བའི་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ཏུན་ཧོང་ཡིག་ཆ་ལས། རྒྱལ་པོ་འདིའི་རིང་ལ་འབྲོ་ཁྲི་གཟུ་རམ་ཤགས་ཀྱིས་སྟོད་ཕྱོགས་སུ་དྲངས་ཏེ་ལི་འབངས་སུ་བཀུགས་ནས་དཔྱའ་ཕབ་བོ་ཞེས་པ་གསལ་ཡོད་པས། ལི་ཡུལ་བོད་ཀྱི་དབང་འོག་ཏུ་འཁོད་པ་མ་ཟད་སྡེ་གཉིས་དབར་འབྲེལ་ཐག་ཆེན་པོ་ཡོད་པ་དང་། ཡུལ་སྲོལ་གོམ་གཤིས་དང་ཆོས་ལུགས་དད་མོས་གང་ཅིའི་ཐད་ནས་གཅིག་ལ་གཅིག་བརྟེན་བྱུང་ཡོད་པ་ནི་བཤད་མ་དགོས། གནའ་བོའི་ལི་ཡུལ་ནི་ཤིན་ཅང་ལྷོ་རྒྱུད་རི་བོ་ཁུ་ནུའི་བྱང་ཕྱོགས་དང་། ཐག་ལ་མ་གན་ཞེས་པའི་བྱེ་ཐང་ཆེན་པོའི་ལྷོ་ཕྱོགས་བར་མཚམས་ཀྱི་ཧོ་ཐེན་དང་། ཆེ་མོ། རྨིན་ཧྥེང་ནས་རུའོ་ཆང་གཏགས་པའི་བར་བཅས་ཀྱི་ས་ཆ་སྤྱི་དང་། སྒོས་སུ་དེའི་ནང་གསེས་ཀྱི་ཧོ་ཐེན་དང་ཡུས་ཐེན་ཡུལ་གྲུ་གཉིས་ཀྱི་ས་ཆར་ཡིན་པ་བྱང་གི་ཤ་པགས་སྐྱ་མོ་ཞེས་པའི་གངས་འཚོའི་དེབ་ལས་མཐོང་མྱོང་། རེད་དེ། ལི་ཡུལ་སྡེ་བཞི་དང་གྲུ་གུ་རུས་དགུ། ཨོ་རོད་ཚོ་བཞི། ཤིན་ཅང་ཡུ་གུར་སོགས་རིམ་པ་བཞིན་དུ་འབོད་སྟངས་མི་འདྲ་བའི་འགྱུར་བ་ལ་བརྟེན་ཏེ་ལོ་རྒྱུས་དང་ཁོར་ཡུག་བཅས་ཆེ་ཆུང་མི་འདྲ་བར་གྱུར་པའི་སྐོར་ཤེས་དགོས་ཀྱང་བྲེལ་བའི་སྟབས་ཀྱིས་རེ་རེ་བཞིན་མི་ལྕོགས་ཀྱང་། དེ་རིང་ཤིན་ཅང་དུ་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་གྲལ་དུ་འགྲོ་བའི་གོ་སྐབས་ཐོབ་པ་དང་། གོང་གི་ལོ་རྒྱུས་རགས་རིམ་ཡིད་ལ་འཁོར་ཞིང་དགའ་བ་འབུམ་གྱིས་མྱོས་ཏེ་ཐད་ཀར་མཐོང་ཐོས་མྱོང་གསུམ་ཇི་བཞིན་ཡི་གེའི་ལམ་ནས་འབྲི་སྟངས་སྙམ་པའི་སྤོབས་པ་ཞིག་ཡིད་ཀྱི་རྒུ་ནས་འཕྱུར་ཞིང་འདུག

དེ་ཡང་སྤྱི་ཟླ༡༠པའི༣༡ཉིན་ཉི་མ་ལྷ་སའི་ཁྲོམ་གཞུང་དུ་སྦྲང་ཆར་སིམ་སིམ་ཞིག་འཇོ་བཞིན་པའི་སྔ་དྲོའི་དུས་སུ་ཁ་པར་ཞིག་ཐོན་པ་དང་། དེ་ནི་ནག་ཆུ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བསྟན་དར་ལགས་རེད། ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་དུ་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་གྲལ་དུ་ང་རང་འགྲོ་ཁོམ་ཡོད་མེད་སྐོར་རེད་འདུག ངས་མྱུར་དུ་འགྲོ་ཁོམ་ཡོད་ཅེས་བགྱིས། དེར་འགྲོ་བའི་དུས་ཚོད་ནི༢༠༢༥ལོའི་སྤྱི་ཟླ༡༡པའི་ཚེས༢ཉིན་ལྷ་སར་འཛོམས་རྒྱུ་དང་ཕྱི་ཉིན་གོང་དཀར་གནམ་ཐང་ནས་ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་དུ་འཕུར་རྒྱུ་རེད་འདུག ང་རང་ཟླ་བ་༡༡པའི་ཚེས་༧ཉིན་ལྷ་སར་ནག་ཆུའི་རྩོམ་རིག་ལྷན་ཚོགས་ཀྱི་དེབ་གསར་འགྲིམ་སྤེལ་ཚོགས་འདུར་ཞུགས་དགོས་པ་མ་ཟད། ཚེས་༨ཉིན་གངས་ཅན་རྟགས་མའི་བྱ་དགའི་མཛད་སྒོར་ཞུགས་རྒྱུའི་ཐོ་འགོད་བྱས་ཟིན་ཡང་། རེ་རེ་བཞིན་ཕྱིར་འཐེན་བྱས། ད་དུང་ཚེས་༧ཉིན་ནག་ཆུ་རྩོམ་རིག་ལྷན་ཚོགས་ཀྱི་དེབ་གསར་ནང་དུ་ཁོ་བོའི་སྒྲུང་དེབ་བྲག་ནག་ལུང་པ་ཡོད་པས་ཤིན་ཅང་ལྟ་བུའི་ཡུལ་ཁམས་སྐྱིད་པོ་དེ་འདྲ་ཞིག་ཏུ་འགྲོ་རྒྱུའི་གདམས་ཁ་མེད་ན་སྡོད་པ་གཏན་ཁེལ་ཡིན། རེད་དེ། ཤིན་ཅང་ཡུ་གུར་ལ་གཞན་དང་མ་འདྲ་བའི་འགྲོ་འདོད་སྐྱེས་པ་ནི། སྔོན་དུས་བོད་དང་འབྲེལ་བ་ཆེ་བ་དང་། དེང་སྐབས་ཀྱང་ཆས་གོས་དང་གཤིས་ཀ་གང་ཐད་ནས་འབྲོག་པའི་འཚོ་བ་སྤྱོད་མཁན་བོད་དང་འདྲ་ཆེ་བས་དོན་དངོས་ཤིན་ཅང་ཟེར་བའི་ས་ཆར་རྒྱུས་ལོན་ཅུང་ཙམ་ཡོང་རྒྱུའི་རེ་བ་བཅངས་ནས་འགྲོ་བའི་སྟ་གོན་བྱས།
སྤྱི་ཟླ༡༡པའི་ཚེས༣ཉིན་ལྷ་ས་གྲོང་ཁྱེར་མིང་ཧྲང་མགྲོན་ཁང་དུ་མི་གྲངས་ཉེར་བཞི་ཟིན་པའི་ཚོགས་པ་དེ་མཉམ་དུ་འཛོམས་པ་དང་ནག་ཆུ་གྲོང་ཁྱེར་མི་དོན་ཅུས་ཀྱི་ཀྲུའུ་རིན་བསྟན་འཛིན་དཔལ་སྐྱིད་ཀྱིས་འགོ་ཚུགས་ཚོགས་འདུ་ཞིག་འཚོགས་པ་དང་། དེ་ནས་ཐད་ཀར་གོང་དཀར་གནམ་ཐང་ལ་འཁོར་ཆེན་ནང་དུ་ཁྲིད་སོང་། གོང་དཀར་གནམ་ཐང་ནས་ཆུ་ཚོད་བཞི་པ་ཟིན་གྲབས་བྱས་པ་དང་། ལྕགས་བྱ་ནམ་མཁར་འཕུར་རྗེས་ཆུ་ཚོད་གཉིས་ཙམ་ལ་ཟི་ལིང་འབབ་ཚུགས་སུ་འབྱོར། དེར་བྱོ་བཤུག་ཐེངས་གཅིག་བྱས་ཏེ་སླར་ཡང་གནམ་གྲུ་དེའི་ནང་དུ་ཆུ་ཚོད་བདུན་པ་ཟིན་ཙམ་ནས་ནུབ་ཁའི་ཉི་ནུབ་ཀྱི་རྗེས་བསྙེགས་པ་ལྟར་ཤིན་ཅང་དུ་ཁ་བཏད་ནས་འཕུར་སོང་། སྐབས་དེར་ནུབ་མཐའི་ཉི་མ་དམར་མདངས་དེ་ཙམ་འཕྲོ་རྒྱུ་ཡོད་པ་མཐོང་བ་དང་པོ་ཡིན། གུས་པ་འཁོར་དུག་ཡོད་པས་གནམ་གྲུའི་འཕུར་འབབ་སྐབས་མགོ་ཡུ་དམར་ནག་ཡུ་ལེར་འཁོར་ཞིང་སྐྱུགས་པ་སྐྱུགས་གྲབས་བྱེད་ཅིང་རྔུལ་ཚན་ཞིག་བྲང་ཁོག་ནས་མགོ་བོའི་བར་འཕྱུར་ཞིང་འདུག་པས་མགོ་བོ་དགྱེ་མི་ཐུབ་པར་ཇེ་དམའ་རུ་ཉལ་མ་གསེག་ལ་ཁེན་ནས་བསྡད། ངའི་རྐུབ་སྟེགས་འཁྲིས་ལ་ཡོད་པའི་དེ་རིང་གི་ངོ་ཤེས་གསར་པ་ལྷ་ས་ནག་ཆུའི་མཐོ་སློབ་གསུམ་པའི་དགེ་རྒན་རྒྱལ་མཚན་གྱིས་ངའི་པང་དང་རྒྱབ་ལ་ཀམ་པ་ལི་ཐེངས་གཉིས་བཀབ་བྱུང་བས་མ་འདྲིས་པའི་མཛའ་བཤེས་ཟེར་བ་དེ་ལོས་ཡིན་སྙམ་པ་བྱུང་ཡང་། སྐབས་དེར་མགོ་བོ་དགྱེ་མི་ནུས་པའི་ཞེན་པ་གཏིང་ནས་ལོག་ཅིང་ཡོད། མཚན་མོ་ཆུ་ཚོད་དགུ་དང་སྐར་མ་བཅུ་ཡན་མན་དུ་ཤིན་ཅང་ཨུའུ་ལུའུ་མུ་ཆི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར། ང་རང་ལམ་སང་མགོ་བོ་དགྱེ་ཞིང་མིག་སོ་དྲུང་པོས་རོགས་པ་ལ་ཐུགས་རྗེ་ཆེ་ཞུས་པ་དང་། འཁོར་དུག་བྱུང་བའི་སྐོར་དང་གཉིད་གཏན་ནས་མ་བྱུང་བའི་སྐོར་བཤད། གནམ་ཐང་དེ་རྒྱ་ཆེ་ལ་ཁམས་གཙང་བ་ཞིག་འདུག་པས་རྒྱལ་སྤྱིའི་གནམ་ཐང་ཡིན་རིན་ཆོག་བཞག གནམ་ཐང་དེ་ནས་ཕྱིའི་རྒྱལ་ཁབ་སོ་དྲུག་ཙམ་ལ་ཐད་ཀར་འཕུར་ཐུབ་པའི་གནམ་ཐང་ཆེ་བ་ཞིག་རེད་འདུག དེ་ནས་མགྲོན་འཁོར་ཞིག་གིས་བསྒུགས་འདུག་ལ་ད་དུང་སྣེ་ཁྲིད་པ་རོང་ཐ་ཟེར་བ་ཞིག་གིས་དགའ་སྤྲོ་ཁོལ་བའི་ངང་ནས་བསུ་མ་བྱས་བྱུང་། མགྲོན་འཁོར་ཆེ་བའི་ནང་དུ་ཆུ་ཚོད་ཕྱེད་ལ་སོང་རྗེས་གྲོང་ཁྱེར་དཀྱིལ་ལ་སླེབས། ང་ཚོ་སྡོད་སའི་ས་གནས་ནི་དམར་པོ་རིའི་མགྲོན་ཁང་ཟེར་བའི་གྲོང་ཁྱེར་གྱི་ལྟེ་བར་སྤྱི་གླིང་ཡོད་པའི་རི་འབུར་ཞིག་ཡོད་པའི་འཁྲིས་ཀྱི་མགྲོན་ཁང་དུ་བསྡད། དོ་ནུབ་མཚན་མོ་ཡིན་པས་འགྲུལ་འཁོར་ཤེལ་དྲ་ལས་ལམ་ཞེང་ཆེ་བ་དང་རླངས་འཁོར་མང་བ་ཙམ་ལས་འཕེལ་རྒྱས་སྐོར་ཅི་ཡང་མ་མཐོང་། ལམ་ཟུར་ཚང་མ་ནི་ཤིང་སྡོང་གི་ར་བ་དང་ལྕང་མའི་སྡོང་པོ་མང་པོ་སྐྱེས་པ་རབ་རིབ་ཅིག་མཐོང་བྱུང་།

སྤྱི་ཚེས་བཞི་ཉིན་སྔ་མོ་ནས་ལངས་ཤིང་། མགྲོན་ཁང་དུ་རོང་པོ་བུ་གཡང་ངེད་གཉིས་མཉམ་དུ་ཡོད་པས་ཞོགས་ཇ་བསྐོལ་རྗེས་ང་རང་རྩམ་པ་ཁྱེར་ཡོད་པས་ངེད་གཉིས་སྤགས་ཟོས་པ་དང་མགྲོན་ཁང་གི་ཐོག་རྩེག་གཉིས་པའི་གོང་དུ་ཆུ་ཚོད་དགུ་པ་ནས་ཞོགས་ཟས་འདུག་པས་དེ་ནས་ཅུང་ཙམ་ཟོས། དེ་རྗེས་ཚོགས་འདུ་རེད་འདུག་པས་གྲོང་ཁྱེར་གྱི་མི་དོན་ཀྲུའུ་རིན་ཀྲུའུ་ཧྥུ་ལིན་དང་སྣེ་ཁྲིད་པ་རོང་ཐ་བཅས་ཞུགས་པ་དང་། ཆུ་ཚོད་གཅིག་རིང་ཚོགས་འདུ་འཚོགས་ཤིང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་འཕེལ་རྒྱས་སྐོར་ངོ་སྤྲོད་གནང་སོང་། ཉིན་གུང་དམར་པོ་རིའི་སྤྱི་གླིང་དུ་སོང་ཞིང་རི་རྩེ་དེར་མཆོད་རྟེན་རྙིང་བ་ཞིག་དང་རི་སྐེད་དུ་ལྷ་ཁང་ཆེན་མོ་ཟེར་བའི་ནང་པའི་ལྷ་ཁང་ཆུང་ངུ་ཞིག་འདུག ལྷ་ཁང་ནང་གི་སྤོས་དྲི་ཕུད། ར་སྐོར་གྱི་བར་སྣང་དུ་འཚུབ་པའི་དྲི་ངད་ནི་རྔ་མོང་གི་དྲི་མ་ལྟ་བུ་སྣ་ལ་གཟན་པ་ཞིག་དྲོ་ཡོང་བས་མ་བདེ་བ་བྱུང་། གཅིག་བྱས་ན་མཚོ་འཕགས་རྨིད༨༠༠ལས་མེད་ཟེར་བས་རྩྭ་ལྡུམ་ཚང་མ་རུལ་ནས་དྲི་མ་ཁ་ཡི་ཡོད་པ་འདྲ། ངས་ལི་ཡུལ་ཞེས་ས་མིང་དེ་ཇི་ལྟར་བྱས་ནས་ཐོགས་པ་ཡིན་ནམ་སྙམ་ཞིང་ཡང་ཡང་བསམ་བློ་འཁོར་ཞིང་། གང་མཚམས་ཤིག་ནས་ལི་ཆས་ཏེ་ཟངས་རིགས་ཀྱི་གཏེར་ཁ་ཤིན་ཏུ་མོད་པས་ཡིན་ནམ། ཡང་ན་རྒྱ་སྐད་ཀྱི་ཤིང་ཏོག་ལི་མང་པོ་སྐྱེ་བའི་ཡུལ་ཡིན་ནམ་སོགས་དྲན་པའི་ངོས་ན་རྒྱུ་ཞིང་འདུག ལྕང་ར་སྨུག་པོ་ནི་བོད་ཀྱིས་བཏགས་པའི་མིང་ཞིག་ཡིན་པ་ཤེས་ཐུབ་པས་གནའ་དུས་ནས་ལྕང་མའི་ར་བ་ཆེན་པོ་ཞིག་དང་ས་དམར་གྱི་དཀྱིལ་དུ་ལྕང་མ་སྨུག་ལྷང་ངེར་སྐྱེས་པས་ན་དེ་ལྟར་བཏགས་པར་སེམས། རྒྱགས་བརྔན་བསང་ཡིག་ནང་དུ་རི་བོ་ཤནྟི་ལ་སོགས་པའི། ལི་ཡི་ཡུལ་གྱི་གཞི་བདག་བསང་། ལྕང་ར་སྨུག་པོ་ལ་སོགས་པའི། སོག་པོའི་ཡུལ་གྱི་གཞི་བདག་བསང་ཞེས་བྲིས་པ་དྲན་སོས་ཀྱི་འདུག་པས་ད་ལྟ་བསམ་ན་ལི་ཡུལ་ལྕང་ར་སྨུག་པོ་ཟེར་བ་ཡིན་པས་ས་གནས་ཅུང་ཙམ་ནོར་ཡོད་པ་འདྲ། བསང་ཡིག་ལྟར་ན་ལི་ཡུལ་ལྕང་ར་སྨུག་པོ་ཟེར་དུས་རི་བོ་ཞིག་མིག་ལམ་མངོན་ཡོད་ཀྱི་འདུག སྤྱིར་ཤིན་ཅང་ནི་དཀྱིལ་ནས་ཤར་ནུབ་བར་དུ་བརྒྱུད་པའི་ཐེན་ཧྲང་རི་བོ་ཞེས་རྩེ་མོ་གངས་རིས་བརྒྱན་པའི་རི་བརྒྱུད་རིང་པོ་རྔ་མོང་ཆེན་པོ་ཞིག་དང་འདྲ་ལ། གཡས་གཡོན་གཉིས་ལ་བྱེ་མའི་གསང་ཆེན་བཅོ་བརྒྱད་བཀལ་བ་ལྟ་བུའི་ལྷོ་ངོས་སུ་ཐ་ལི་མུ་བྱེ་ཐང་གཤོངས་ས་ཆེན་མོ་དང་། བྱང་ངོས་སུ་ཇུན་བཀར་བྱེ་ཐང་གཤོངས་ས་ཆེན་མོ་གཉིས་ཆགས་པ་དང་། རྔ་མོང་གི་རྫིང་སྐྱིལ་བ་ལྟ་བུའི་མཚོ་ཆེན་གསུམ་དང་། ཟངས་རི་དམར་པོའི་ཡུལ་ཁམས་ཤིག་རེད་འདུག་པས་ལི་ཡུལ་ཟེར་བ་ཧ་ལམ་མིན་ན་ལི་མདོག་གི་ཆར་བཏགས་པ་མིན་ནམ་སྙམ་པ་འདུག ངས་དེ་ལྟར་དྲན་པའི་མོད་ལ་མིག་སྔུན་དུ་ཨུའུ་ལུའུ་མུ་ཆིའི་གྲོང་ཁྱེར་གྱི་ཤར་ངོས་སུ་རི་ཆེན་ཞིག་ཀྲོང་ངེར་འགྱིང་བ་མཐོང་ཞིང་དེ་ནི་ཐེན་ཧྲང་རི་བོའི་ཤར་སྣེ་པ་ཀེ་ཏ་རྩེ་ཟེར་བའི་རི་བརྒྱུད་ཡིན་པ་དང་། ལི་ཡུལ་ལྕང་ར་སྨུག་པོའམ་ཤིན་ཅང་ཨུའུ་ལུའུ་མུ་ཆིའི་གྲོང་ཁྱེར་ནི་པ་ཀེ་ཏ་རྩེའི་པང་ལྟེབ་ཏུ་ཉལ་བ་ལྟ་བུར་མཐོང་བྱུང་། དེ་དུས་ངའི་སེམས་སུ་འཁོར་བ་ནི་པ་ཀེ་ཏ་རྩེ་ནི་དྲུ་གུའི་སྐད་དུ་བ་ཀེར་པ་ལིག་ཞེས་བགྱི་ཟེར་བའི་ཏུང་ཧོན་ཡིག་རྙིང་ལས་དྲུ་གུའི་ཡུལ་མིང་བཤད་པ་དེ་རི་བོ་འདིའི་མིང་ཡིན་པ་ལྷང་གིས་ཤེས་བྱུང་། ཡང་གཅིག་དྲན་ན་རི་བོ་འདི་ལ་ལྕང་ར་སྨུག་པོ་མི་ཟེར་བ་ཅི་ཡིན་ནམ་སྙམ་བྱུང་། ངས་སྤྱི་གླིང་དེར་འགྲོ་བཞིན་པའི་མི་ཚོགས་དེ་དག་གི་གདོང་དབྱིབས་མ་འདྲ་སྣ་ཚོགས་ཤིག་མཐོང་བ་དང་ཤིན་ཅང་ལ་མི་རིགས་མི་འདྲ་བ་མང་པོ་མེད་དམ་སྙམ་ཞིང་རོགས་པ་ལ་ཤིན་ཅང་དུ་མི་རིགས་ག་ཚོད་ཡོད་དམ་དྲིས་པས། མ་འདྲིས་པའི་མཛའ་བཤེས་དེས་མྱུར་བར་རྒྱ་འདུ་ལ་དྲིས་ཤིང་བདག་ལ་ངོ་སྤྲོད་བྱས་པ་ལྟར་ན། ཤིན་ཅང་ལ་ཡུ་གུར་རིགས་དང་། ཧ་སག་རིགས། ཧུའེ་རིགས། མོང་གོ་རིགས། ཁེ་འར་ཁེ་རིགས། ཞི་པོ་རིགས། ཐ་ཅི་ཁེ་རིགས། ཧུའུ་ཙེ་པེ་ཁེ་རིགས། ཏ་ཝོར་རིགས། ཐ་ཐར་རིགས། ཨུ་རུ་སུ་རིགས། མན་ཇུ་རིགས། རྒྱ་རིགས་སོགས་རིགས་ཆེ་བ་བཅུ་གསུམ་ཙམ་ཡོད་འདུག་ཟེར། གཙོ་བོ་ནི་ཡུ་གུར་དང་ཧ་སག མོང་གོ་བཅས་ཡིན་པ་གོ་མྱོང་མོད། ད་དུང་མི་གྲངས་ཁྲི༢༥༢༣ལྷག་དང་ས་ཁྱོན་སྤྱི་ལི་གྲུ་བཞི་མ་ཁྲི༡༦༦ཟིན་པར་ཤེས། ཀྲུང་གོའི་སྐམ་སའི་རྒྱ་ཁྱོན་ཆེ་ཤོས་ཀྱི་ཞིང་ཆེན་དང་། ཀྲུང་གོའི་ས་ཁྱོན་གྱི་དྲུག་ཆ་གཅིག་ཙམ་ཟིན་ཡོད་པར་བཤད་བྱུང་བས་ངས་ཀྱང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་གནས་ཚུལ་རགས་པ་ཞིག་ཟིན་ཐོར་འགོད་རྒྱུ་རྙེད་སོང་། ད་དུང་ངེད་གཉིས་རི་རྩེའི་མཆོད་རྟེན་དམར་པོ་རྙིང་པ་དེར་པར་ལེན་རེས་བྱས་ཤིང་ཕྱིར་ལོག སྐབས་དེར་ཁོ་ཚོ་ཡང་སྤྱི་གླིང་དེར་འགྲོ་རྒྱུར་གོམ་པ་ལྟར་མི་ཚོགས་ཧ་ཅང་མང་བས་པར་ལེན་ས་མི་རྙེད་པའི་འཚང་ག་ཞིག་འདུག ནགས་ཚལ་དེར་ནགས་བྱི་ཟེར་བའི་བྱི་བ་རྔ་རིང་དེ་སྤྲེའུ་མཆོང་པ་ལྟར་ཡལ་གའོ་གོང་ནས་ཕར་མཆོང་ཚུར་མཆོང་བྱེད་ཅིང་འདུག་པས་དེ་སྔོན་ནགས་བྱི་རྒྱང་རིང་ལས་མཐོང་མ་མྱོང་བས་ཡུད་ཙམ་བལྟས་པ་ཡིན། ཁོ་ཚོས་མི་ལ་རྩེ་སྒུག་ཅིང་ཡལ་ག་ནས་མི་དང་ཐག་ཉེ་བར་ཡོང་གི་འདུག གཅིག་བྱས་ན་ཡུལ་སྐོར་བ་རྣམས་ཀྱིས་ཞོར་ཟས་སྤྲད་མེད་དམ་སྙམ་པ་བྱུང་།

ཕྱི་དྲོ་ཆུ་ཚོད་གསུམ་དང་ཕྱེད་ཀ་ནས་གྲོང་ཁྱེར་གནའ་རྫས་འགྲིམ་སྟོན་ཁང་དུ་ལྟ་སྐོར་ལ་ཁྲིད་བྱུང་། དེར་རྡོ་རིང་ངོ་བཤུས་དང་གནའ་ཤུལ་པར་རིས། ཤིང་བྱང་། དཀར་ཡོལ། རྡོ་ཆས། རྫ་ཆས། ཁབ་འབུགས་ཁྲི་གསུམ་སོགས་གནའ་བོའི་བང་སོའི་ནང་ནས་རྙེད་པའི་གནའ་རྫས་མང་པོ་བཤམ་འདུག་ལ། དེ་བཞིན་དར་གོས་དང་མི་རོ་རྙིང་པ་དངོས་སུ་བཤམ་པ་མི་ཉུང་བ་འདུག མི་རོ་དེ་དག་པར་ལེན་ཆོག་གི་མི་འདུག་མ་གཏོགས་གཞན་གྱི་ཅ་དངོས་རྣམས་ལ་པར་ག་ཚོད་བླངས་བླངས་རེད་འདུག དེ་སྔོན་རྟེན་རྫས་བཤམ་མཛོད་ཁང་མང་པོ་ཞིག་ལ་འགྲོ་མྱོང་ཡང་དེ་རིང་ལྟ་བུའི་གནའ་རྫས་མང་བ་དང་རྙིང་པ་ཧ་ལམ་མཐོང་མ་མྱོང་ཟེར་ན་རྫུན་དུ་མི་འགྲོ། དེ་ནས་མང་ཚོགས་སྤྱི་གླིང་ཟེར་བའི་ཐང་ཆེན་དུ་རྒན་རྒོན་རྣམས་ཀྱིས་ཞབས་བྲོ་འཁྲབ་བཞིན་འདུག་པས་དེར་སོང་སྟེ་རོགས་པ་རྣམས་ཀྱིས་ནག་ཆུའི་སྒོར་བྲོ་འཁྲབས་སོང་། ཤིན་ཅང་གི་མི་རིགས་ནི་སྣ་ཆེ་ལ་མིག་ནག་པོ་དང་སྨིན་མ་རྫུབ་པོ། ཁ་སྤུ་ཅན་དང་བུ་མོ་རྣམས་ཤ་ཆེ་ལ་ཨང་ཤ་ཆེ་བ། ལྟོ་བ་ལུགས་པ་དང་རྒྱ་གར་གྱི་མི་རིགས་དང་ཧ་ཅང་འདྲ་ཆེ་བ་འདུག ད་དུང་ཁོང་ཚོའི་ཞབས་བྲོ་ནི་ཧིན་དྷུའི་ཞབས་བྲོ་དང་གཅིག་པར་འཁྲབ་ཅིང་། ཕོ་མོ་ཆ་རེ་ལྡེམ་འགྱུར་ངོམ་བཞིན་རྩེ་དགའ་དགོད་པ་དང་། རྐང་པ་འགྲོས་ཀྱིས་བསྐོར་ཞིང་ལག་པའི་སོར་མོ་པད་སྐོར་གྱིས་མཁའ་རུ་ལྡིང་བ་བཅས་བརྩེ་དུང་གི་ཞབས་བྲོ་འདྲ་འདུག ཁོང་ཚོའི་ནང་དུ་མི་རིགས་མི་འདྲ་བ་མཐོང་རྒྱུ་ཡོད་ལ། མང་ཆེ་བ་ནི་ཐུའུ་རིགས་དང་འོ་ཨར་རིགས་ཡིན་འདུག ད་དུང་ཡུ་གུར་ཟེར་བ་དེའི་རིགས་མང་པོ་ཡོད་ཟེར་ཡང་དམིགས་བསལ་ཆེར་མ་མཐོང་། བུ་མོ་སྐྱ་སིང་དང་བུ་ཕོ་དེ་དང་འདྲ་བ་བལྟས་མ་ཐག་ནས་ཨུ་རུ་སུའི་མི་རིགས་ལོས་ཡིན་སྙམ་པ་ཡང་འདུག ཤིང་འབྲས་འཚོང་དུ་ཕེབས་པའི་ཤིན་ཅང་བློ་མཐུན་ངོ་སྨད་སྤྲེའུ་དང་འདྲ་བའི་རིགས་དེ་གང་ཡིན་མི་ཤེས་ཀྱང་ས་ཆ་འདིར་དེའི་རིགས་མང་པོ་མི་འདུག སྤུ་སུབ་སུབ་ཀྱི་ཤིན་ཅང་བ་དེ་དག་མཐོང་ཐེངས་རེར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་ལམ་ཐུ་ལོ་ཧོ་པེ་ཟེར་བའི་སོག་པོ་སྟག་ཁྲིད་རི་མོའི་མ་དཔེ་དེ་འདི་ལྟ་བུ་ཞིག་མེད་དམ་སྙམ་ཞིང་ཡང་ཡང་ཡིད་ལ་འཁོར་ཡོང་། སྤྱིར་ཤིན་ཅང་གི་མི་རིགས་མཛེས་ཆེ་བ་དང་ཁམས་དྭངས་པ། ཤ་ཆེ་བ། བོད་པ་ལྟ་བུའི་གུས་ལུགས་དེ་ཙམ་མི་ཤེས་པ། གནའ་སྲོལ་དང་ཆོ་ག་ལ་ཤིན་ཏུ་དགའ་མཁན་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་དུ་མངོན་བྱུང་། དགོང་ཟས་ནི་ཆུ་ཚོད་བདུན་དང་ཕྱེད་ཀ་རེད་འདུག་ལ་སྐབས་དེར་མུན་རུབ་མི་འདུག ལྷ་ས་དང་བསྡུར་ན་ནམ་ལངས་པ་དང་མུན་རུབ་པ་གཉིས་ཀ་ཆུ་ཚོད་གཅིག་མ་ཟིན་ཙམ་ཕྱི་འདུག དེ་བཞིན་ཞོགས་ཟས་ནས་དགོང་ཟས་བར་ལྷ་ས་ལས་ཕྱི་འདུག་ལ་ལས་ཀའི་དུས་ཚོད་ཀྱང་ཅུང་ཕྱི་བ་འདུག

ཚེས་ལྔ་ཉིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་འགྲིམས་སྟོན་ཁང་དུ་ལྟ་སྐོར་སོང་། དེར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཙུགས་ནས་ད་ལོའི་བར་དུ་ཡུ་གུར་གྱི་གྲགས་ཆེན་མི་སྣའི་པར་རིས་དང་ལོ་རྒྱུས་དེ་བཞིན་མའོ་ཀྲུའུ་ཞི་ནས་ཞི་ཅིན་ཕིན་བར་དབུ་ཁྲིད་རྣམས་ཤིན་ཅང་དུ་ཕེབས་པའི་པར་རིས། ཤིན་ཅང་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིགས་གནས་སྐོར་བཅས་འགྲིམས་སྟོན་གནང་འདུག ལྷག་པར་དུ་ཡུ་གུར་སྒོར་མོའི་གོང་གི་གྲགས་ཅན་པ་ཚའི་ཀྲིན་གྱི་པར་རིས་འགྲིམ་སྤེལ་དང་། ཀྲུང་གོའི་སྒོར་མོ་ཁེར་ལོའི་གོང་དུ་ལག་སྐྱོར་འདྲུད་འཐེན་གཏོང་མཁན་གྱི་ཞིང་པའི་བུ་མོ་དེ་ཤིན་ཅང་ནས་ཡིན་པའི་པར་རིས་འགྲིམ་སྤེལ་གནང་འདུག་པས་ངོ་མཚར་སྐྱེས་བྱུང་། ད་དུང་གྲོང་ཁྱེར་གནའ་རྫས་འགྲིམས་སྟོན་ཁང་དུ་བསྐྱོད་ཅིང་དེར་ཁ་སང་དང་འདྲ་བའི་ཤིན་ཅང་ཡུ་གུར་མི་རིགས་ཀྱི་སྤྱི་ལོའི་གོང་ནས་བྱུང་བའི་གནའ་རྫས་རིགས་དང་། ལག་ཤེས་ཐོན་རྫས་རིགས། ཆས་གོས་རིགས་སོགས་ལོ་རྒྱུས་རིག་གནས་ཀྱི་གཤམ་སྟོན་ཁང་ཞིག་རེད་འདུག ཕྱིའི་ཁང་པ་ནི་ཁ་སང་ལས་ལྡབ་བརྒྱ་ཕྲག་གིས་མཛེས་ཤིང་བརྗིད་པ་ཞིག་འདུག་ཀྱང་ནང་གཤམ་སྟོན་ནི་ཁ་སང་ལས་གཤམ་ཙམ་ཡོད་པའི་སྣང་བ་སྟེར་བྱུང་། ངེད་རྣམས་སྒོ་ཕྱིར་ཐོན་པ་དང་མཁའ་དབྱིངས་ནས་ཆར་པ་ཤག་ཤག་ཏུ་འབབ་ཅིང་དགུང་སྔོན་ཡོངས་སྲིང་བལ་གྱི་མེ་ཏོག་བཀྲ་བ་འདྲ་བའི་སྤྲིན་དཀར་གྱི་བླ་བྲེ་བར་སྣང་དུ་ཁྱབ་ཅིང་། ར་སྐོར་གྱི་ནང་དུ་ཤིང་རིགས་མང་པོའི་རྩེ་མོར་ཀུ་ཤུ་དང་ཁམ་བུ། ལི་སོགས་ཕྱང་འཕྲུལ་དུ་དཔྱངས་ཤིང་ཆར་གྱི་ཐིགས་པ་ས་ཁར་ཟགས་པའི་ལྷན་དུ་རྩྭ་ཐང་སྟེང་གི་མེ་ཏོག་རྣམས་ལ་སྦྲང་ཆར་གྱིས་ཤིང་འབྲས་ཀྱི་མངར་ཁུ་ཆེད་དུ་སྦྱིན་པ་ལྟར་མཐོང་སོང་། ཤིང་འབྲས་ལ་ལ་ནི་མེ་ཏོག་གི་དབྱིབས་ལྟར་གྱེས་འདུག་ལ་འགའ་རེ་ནི་ཤིང་གི་ཡལ་གར་བྱིའུ་ཁྱུ་བབས་པ་ལྟར་འཁྱུད་འདུག ཕྱི་དྲོ་ཤིས་ཧྲེང་སྡེ་ཁུལ་དུ་བསྐྱོད་ཅིང་མི་རིགས་མཐུན་སྒྲིལ་དང་སྡེ་ཁུལ་ལས་ཀའི་ཁུལ་བཅས་ལ་རྟོག་ཞིབ་བྱས། སྡེ་ཁུལ་དེར་གྲོང་མི་བཞི་སྟོང་ལྷག་འདུག ཁོ་ཚོའི་ལག་ཤེས་ཐོན་ཁུངས་ཁག་གཅིག་གྲོང་ཚོའི་འཚོ་རྟེན་གྱུར་འདུག་པས་དེར་ལྟ་སྐོར་བྱས་ནས་ལོག
ཚེས་དྲུག་ཉིན་མགྲོན་ཁང་ནས་ར་སྐོར་ནང་དུ་ཐོན་མ་ཐག་ནུབ་གཅིག་གིས་དབྱར་དགུན་འགྱུར་སོང་སྙམ་པའི་མཁའ་དབྱིངས་ནས་འཐོར་བའི་སྲིང་བལ་རྣམས་ལྗོན་ཤིང་གི་ཡལ་གར་མེ་ཏོག་བཀྲ་བ་བཞིན་ཁྲ་ཆི་ལེར་བཞད་ཅིང་། ད་དུང་མཁའ་དབྱིངས་ནས་སྲིང་བལ་གྱི་འདབ་མ་རྒྱུད་ཆད་མེད་པར་འཐོར་བཞིན་པ་འདྲ་སྙམ་པའི་མོད་ལ། ཤིང་འབྲས་ཀྱི་དྲི་ངད་གསོར་མོ་ཞིག་སྣ་ལམ་ནས་ཐོལ་ཐོལ་ལྡངས་ཡོང་བ་དང་། མིག་སྔུན་དུ་བ་ལུའི་མེ་ཏོག་འདྲ་བ་དེ་ཡང་ཁ་བའི་འདབ་མ་ཡིན་པ་ཤེས་བྱུང་། ཁ་སང་ཆར་གྱི་རྒྱུན་བཟང་ས་ཁར་ཆགས་ཆགས་བཏབ་པ་དང་། དེ་རིང་ས་གཞི་ཡོངས་སུ་བལ་དཀར་ཕྱིང་པ་ཆེན་པོ་ཞིག་རླིང་བའི་སྟ་གོན་བྱེད་པ་དང་གཉིས་སུ་མ་མཆིས། ལྗོན་ཤིང་རྣམས་གྲོག་མཁར་གྱིས་བཟོས་པའི་དངུལ་དཀར་གྱི་སྡོང་པོ་དང་གཉིས་སུ་མ་མཆིས་ལ། ཀུ་ཤུ་དང་ལི་སོགས་ཀྱིས་རང་ལུས་ལས་ལྡབ་ཀྱིས་ཆེ་བའི་ཁ་བའི་མེ་ཏོག་རེ་ཐོགས་འདུག ངེད་རྣམས་རླངས་འཁོར་ནང་དུ་བསྡད་ཅིང་། ཨུ་ལུའུ་མུའུ་ཆིའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ཞེས་པའི་ནུབ་ཕྱོགས་སུ་སྐྱོད་པའི་མེ་འཁོར་དང་གནམ་གྲུའི་ཅ་ལག་དབོར་འདྲེན་གྱི་གྲུ་ཁ་ཆེན་པོ་དེར་ལྟ་སྐོར་དུ་བསྐྱོད། དེར་ཤར་ནུབ་གང་སར་སྐྱོད་པའི་མེ་འཁོར་དང་གནམ་གྲུའི་ཅ་ལག་ཕྱིར་གཏོང་ནང་འདྲེན་གྱི་ལྟེ་གནས་ཆེན་པོ་ཞིག་རེད་འདུག ང་ཚོས་ཤེས་གསལ་ལྟར་གྱི་རྒྱུད་གཅིག་ལམ་གཅིག་ཟེར་བའི་ལམ་ཐིག་གོང་གི་ཕྱིར་གཏོང་ནང་འདྲེན་ཅ་ལག་དབོར་འདྲེན་དངོས་སུ་མིག་གི་དགའ་སྟོན་དུ་བཤམས་སོང་། དེ་མཚམས་ཤིན་ཅང་ཕར་ལ་ཁེ་ཟེར་བའི་ས་གདན་བཟོ་ལས་ཀྱི་གཏན་གཞི་ཞིག་ལ་ལྟ་སྐོར་སོང་། ས་གདན་ནི་རྒྱུ་སྤུན་བལ་དང་འགྱིག དེ་བཞིན་སྲིང་བལ་རྩྭ་སྐུད་སོགས་སྣ་ཚོགས་ཡོད་པ་དང་། རིན་གོང་ལའང་མཐོ་དམའ་མང་པོ་འདུག སྟབས་ལེགས་པ་ཞིག་ལ་ཤིན་ཅང་གི་སྐད་བརྡ་གཉིས་ཤེས་བྱུང་བས། གཅིག་ནི་ཧེ་ལི་སེ་ཧེ་ཟེར་ཞིང་དེ་ནི་ཞོགས་པ་བདེ་ལེགས་དང་གཅིག་ནི་ཡའ་ཁེ་སི་ཟེར་ཞིང་དེ་ནི་སྐུ་ཁམས་བཟང་ཟེར་བ་རེད་འདུག་པས་ད་ནངས་ཟ་ཁང་ནང་གི་ཞབས་ཞུ་ཤིན་ཅང་བུ་མོ་དེས་བསླབས་པ་བཞིན་བཟོ་པ་རྣམས་ལ་ཧེ་ལི་སེ་ཧེ་ཞེས་ཞུས་པས་ལམ་སང་ཧ་གོ་ཡི་འདུག ད་དུང་ཕར་ལ་ཡའ་ཁེ་སི་ཞེས་ཞུས་ན་ཚུར་ལ་བཀྲ་ཤིས་བདེ་ལེགས་ཟེར་ནས་ལན་འདེབས་ཡོང་བས་མི་རིགས་སུ་ཡིན་ཡང་སོ་སོའི་སེམས་ཀྱི་དྲན་འཆར་ཕྱིར་འདོན་ཐབས་ལ་སྐད་བརྡ་ཟེར་བ་འདི་ལས་ཁྱད་མཚར་བ་ཞིག་མི་འདུག་སྙམ་བྱུང་། ཕྱི་དྲོ་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཐོ་ཁུལ་ཤིན་ཅང་ཡུ་གུར་སྨན་རྫས་ལས་རིགས་ཚོགས་པར་རྟོག་ཞིབ་བྱས། བཟོ་གྲྭ་དེར་སླེབས་པ་དང་སྣེ་ལེན་པས་གདོང་ནས་དགའ་བའི་འཛུམ་མདངས་ངོམ་བཞིན་བསུ་བ་དང་ལྷན་དུ་སྨན་རྫས་བཟོ་གྲྭའི་ངོ་སྤྲོད་རྣམས་སྒྲ་སྦུག་ནས་དུང་དུང་གིས་བརྗོད་བྱུང་། ངེད་རྣམས་ལ་ཁྲག་ཁ་སྣོན་བྱེད་པའི་འཐུང་ཆུ་རེ་གནང་བ་དང་། ཡུ་གུར་གྱི་ཐོན་རྫས་སྨན་རིགས་རེ་རེ་བཞིན་ངོ་སྤྲོད་གནང་བྱུང་།

ཚེས་བདུན་ཉིན་ཆུ་ཚོད་བཅུ་པ་ཕྱེད་ཀ་ནས་དམར་པོ་རིའི་མགྲོན་ཁང་ནས་མཉམ་དུ་འགྲུལ་འཁོར་ཆེ་བའི་ནང་དུ་ཐོན་ཅིང་། མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཐུན་མོང་ཐེན་ཧྲན་ཁུལ་དུ་རྟོག་ཞིབ་བསྐྱོད། དེར་གྲོང་ཚོའི་རྣམ་པ་ཡར་རྒྱས་དང་སྒྲིག་གཞི་ལ་ཞིབ་འཇུག་བྱས་ཏེ། དེ་ནས་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དམག་སྡེ་བརྒྱད་པའི་དོན་གཅོད་ཁྲུའི་དྲན་གསོ་ཁང་དུ་ལྟ་སྐོར་བྱས་ཏེ་ཕྱིར་ལོག གུང་ཟས་དམར་པོ་རིའི་མགྲོན་ཁང་ཉིས་ཐོག་ཏུ་ཟས། དེར་ཟ་མ་ཡག་ལ་ཞབས་ཞུ་བའི་གུས་ཞབས་ཆེ་བ་དང་། དགའ་སྤྲོའི་འཛུམ་མདངས་ངང་ནས་ཟས་སྣ་གཤམ་སྟོན་བྱེད་འོང་། ངེད་རྣམས་ལ་ཆེད་དུ་གཤམ་པ་ཡིན་ནམ་སྙམ་པའི་ཉ་ཤ་དང་བྱ་ཤ། ཕག་ཤ་སོགས་སྤྱིའི་ཆ་ནས་ཉུང་ཞིང་ནོར་དང་ལུག གཡག་ཤ་བཅས་འབོལ་བའི་ཚལ་སྣ་མང་པོ་བཟོ་བ་དང་། མ་ཟད་ཉིན་རེར་མགྲོན་ཁང་དུ་ཤིང་འབྲས་སྣ་ཚང་སྡེར་མ་གང་རེ་གསར་རྙིང་བརྗེ་བ་དང་གཤམ་རྒྱུའི་ཤིང་འབྲས་ཀྱི་རྒྱུ་ཆ་རྣམས་ཀྱང་བརྗེ་ལེན་བྱེད་ཡོང་བས། ངེད་རྣམས་ལ་ཆེད་མཐོང་ཚད་མེད་བྱེད་པ་མཐོང་གི་འདུག ཕྱི་དྲོ་ལྷོ་ལམ་སྡེ་ཁུལ་དུ་རྟོག་ཞིབ་ལ་སོང་བ་དང་། དེར་གྲོང་མི་བརྒྱད་སྟོང་ལྷག་ཟིན་འདུག་ལ། གྲོང་ཚོའི་འཆར་འགོད་དང་རྒན་གསོ་ཁུལ་དང་། བྱིས་པའི་རྩེ་ར། དར་མའི་རྩེ་ར་བཅས་སྣ་མང་ཕུན་སུམ་འཚོགས་པ་ཞིག་འདུག དེ་ནས་དུས་ཚོད་ཏོག་ཙམ་འདུག་པས་རྒྱལ་སྤྱིའི་ཏ་པ་བཀྲ་ཟེར་བའི་འཁྲུག་ཆ་དོད་ལ་འཕེལ་རྒྱས་ཆེ་བའི་གཞི་མདོ་ཁར་བབས་ཤིང་ཁྲོམ་ར་ནས་སོ་སོས་ཅ་ལག་གང་འདོད་ཉོས་ཏེ་མགྲོན་ཁང་དུ་ལོག ཨུའུ་ལུའུ་མུ་ཆིའི་གྲོང་ཁྱེར་ལྟེ་བར་མི་ཚོགས་ནི་སྦྲང་ཚང་སྒོ་ཁར་ལྟར་ཕྲག་པ་གསེག་ནས་འགྲོ་དགོས་པའི་ཚད་དུ་འདུག་ཀྱང་། སློང་མོ་བ་གཅིག་ཀྱང་མི་འདུག་པས། བོད་དང་བསྡུར་ན་མིའི་བསམ་བློའི་འདུ་ཤེས་རྦད་དེ་ཁ་ཁར་ཡིན་པ་ཤེས་བྱུང་། རྒྱལ་སྤྱིའི་ཏ་པ་བཀྲ་ཟེར་བའི་ཁང་པ་རྫ་མདོག་ཅན་དེ་དག་གི་དཀྱིལ་དུ་ཀ་བ་ཆེན་པོ་ཞིག་འགྲེང་འདུག་ལ་དེའི་འཁྲིས་སུ་མུའུ་སི་ལིམ་གྱི་མཆོད་ཁང་རྩེ་རྣོ་བ་ཕྱོགས་བཞི་དབུས་ལྔའི་རྣམ་པ་ཞིག་མཐོང་རྒྱུ་འདུག ཁོ་ཚོའི་ཆོས་ལུགས་ནང་དུ་སྒུག་རྟེན་སློང་གསུམ་བྱེད་མི་ཆོག་པའི་ཁྲིམས་ཡོད་དམ་ཡང་ན་ཡར་མཆོད་མར་སྦྱིན་ཟེར་བའི་སློང་མོ་བ་གསོ་སྐྱོང་བྱེད་པའི་ཆོས་ལུགས་དེ་མེད་པ་འདྲ་སྙམ་བྱུང་།
ཚེས་བརྒྱད་ཉིན་དམར་པོ་རིའི་མགྲོན་ཁང་ནས་ཐོན་ཞིང་། ཨུའུ་ལུའུ་མུ་ཆིའི་མེ་འཁོར་འབབ་ཚུགས་སུ་བསྐྱོད་དེ་མེ་འཁོར་ནས་ཐུའུ་ལུའུ་ཧྥན་གྲོང་ཁྱེར་ཕྱོགས་ལ་སོང་། ཐུའུ་ལུའུ་ཧྥན་གྲོང་ཁྱེར་ནི་ཤིན་ཅང་ཐེན་ཧྲན་རི་བོའི་ཡན་ལག་པོ་ཀེ་ཏ་རྩེའི་རི་བོའི་ལྷོ་འདབས་སུ་གནས་པ་དང་། ཐུའུ་ལུའུ་ཧྥན་གྱི་གཞོང་སའི་ལྟེ་གནས་སུ་གནས་པས་ཆབ་དཔལ་རིག་གསུམ་གྱི་ལྟེ་བ་ལྟ་བུ་ཡིན་འདུག གནའ་ནས་ནུབ་ཕྱོགས་ཡོ་རོབ་དང་ཤར་ཕྱོགས་ཨེ་ཤ་ཡའི་བར་དུ་དར་གོས་གནའ་ལམ་གྱི་ལམ་ཁར་ཁེལ་བ་ཡིན་པས་དམིགས་བསལ་གྱི་འདུས་སྡོད་ཁུལ་དང་འཕེལ་རྒྱས་ཆེ་བའི་གནའ་གྲོང་ཞིག་ཡིན། ཤིན་ཅང་གྲོང་ཁྱེར་ཨུའུ་ལུའུ་མུ་ཆི་ནས་སྤྱི་ལེ་བརྒྱ་དང་དགུ་བཅུ་ལྷག་ཙམ་ཡོད་པས་མྱུར་བགྲོད་མེ་འཁོར་ཆུ་ཚོད་གཅིག་གི་རྗེས་སུ་ཐུའུ་ལུའུ་ཧྥན་གྲོང་ཁྱེར་དུ་འབྱོར་བ་དང་ངེད་རྣམས་ཧྲོང་ཁྲེང་མགྲོན་ཁང་དུ་བསྡད། ས་གནས་དེ་ནི་མཚོ་འཕགས་ཀླད་ཀོར་ཡིན་པ་དང་། རྒུན་འབྲུམ་གྱི་ར་བ་རྒྱ་ཆེན་པོ་ཡོད་པའི་སློབ་དེབ་ནང་དུ་ཤིན་ཅང་རྒུན་འབྲུམ་རོང་ཟེར་བའི་ལེའུ་ཚན་ཞིག་བཀོད་པའི་ས་གནས་དེ་རེད་འདུག ཕྱི་དྲོ་གཅིག་གྱུར་གྱིས་ཨའོ་ཧོ་གནའ་གྲོང་ངམ་ཆུ་བར་གནའ་གྲོང་དུ་ལྟ་སྐོར་ལ་སོང་། ཆུ་བར་གནའ་གྲོང་ནི་ལོ་ངོ་སྟོང་ཕྲག་གཉིས་ཀྱི་ཡར་སྔོན་ནས་བྱུང་བའི་གནའ་བོའི་གྲོང་ཁྱེར་དང་ནང་པའི་དགོན་སྡེ་ཆེ་ཁག་གཅིག་གི་རྟེན་གཞི་རེད་འདུག་ལ། ཆུ་བར་ས་སྟེགས་མཐོན་པོའི་གོང་དུ་ཁང་པ་སྟོང་ཕྲག་མང་པོའི་ཤུལ་དང་དགོན་པ་ཁག་གསུམ་བཞིའི་ཤུལ་འདུག སྣེ་ཤན་པས་བཤད་པ་ལྟར་ན་གནའ་ཤུལ་འདི་སྤྱི་ལོའི་སྔུན་གྱི་དུས་རབས་གཉིས་པ་སྟེ་ལོ་ངོ་ཉིས་སྟོང་ཉིས་བརྒྱའི་ཡར་སྔོན་ནས་བཞེངས་སྐྲུན་བྱས་པའི་ཆེས་གནའ་བོའི་གྲོང་ཁྱེར་གྱི་ས་ཁང་མཁར་ཤུལ་འདི་ཤིན་ཅང་ཙམ་མ་ཟད་འཛམ་བུ་གླིང་ལ་མཁར་ཤུལ་གཞི་ཁྱོན་ཆེ་བའི་གྲས་ཤིག་ཡིན་པ་དང་། སྤྱིའི་རྒྱ་ཁྱོན་སྨི་ངོས་ཁྲི་ཞེ་བདུན་ཟིན་པ་དང་། ༡༩༦༡ལོར་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་ཁོངས་སུ་བཅུག ༢༠༡༤ལོར་འཛམ་གླིང་ཤུལ་བཞག་གི་མིང་ཐོའི་ནང་ཚུད། ཅའོ་ཧོ་གནའ་གྲོང་ནི་ཐོག་མར་ཁྲེ་ཧྲི་ཆན་རྒྱལ་ཁབ་ཀྱི་རྒྱལ་ས་དང་། སྤྱི་ལོ༣༢༧ལོའི་ལིའང་སྲིད་དབང་གིས་དེ་གར་ཅུན་བཙུགས། སྤྱི་ལོ༦༤༠ལོར་ཐང་རྒྱལ་རབས་ཀྱིས་ཀའི་ཁྲང་ཞི་འཇགས་སུ་བཏང་རྗེས། ཨན་ཞི་ཏུའུ་ཧྥུང་བཙུགས་པ་དང་། སྤྱི་ལོ༦༥༨ལོར་ཏུའུ་ཧྥུང་ཀའེ་ཙི་དུ་སྤོས། སྤྱི་ལོ༧༩༠ལོར་ཐུ་སྦོད་ཀྱིས་ཅའོ་ཧོ་གནའ་གྲོང་བཙན་བཟུང་བྱས་པ་དང་། དུས་རབས་༡༤པར་དམག་འཁྲུག་དབང་གིས་རིམ་བཞིན་དོར། ད་ཡོད་ཀྱི་རྗེས་ཤུལ་གཙོ་བོ་ཐང་རྒྱལ་རབས་སྐབས་ཀྱི་ཤུལ་དངོས་དང་དབུས་དཀྱིལ་ལམ་ཆེན། སྲང་ལམ་འདུས་སྡོད། ནང་ཆོས་དགོན་པ་བཅས་ཚུད་པར་བཤད། གནའ་ཤུལ་ལ་ལ་ནི་ས་དྲུས་ནས་ཁང་པ་བཟོས་པ་ཏུན་ཧོང་བྲག་ཕུག་གི་རྣམ་པ་ཇི་ལྟ་བ་བཞིན་འདུག་ལ་མང་ཆེ་བ་ནི་ས་ཁར་གྱང་དང་སོ་ཕག་གིས་གྲུབ་པ་ཞིག་རེད་འདུག འདུ་ཁང་གི་དབྱིབས་ནི་གྲུ་བཞི་ལ་ངོས་ནས་ཁང་པ་སྟར་པ་དང་སྦུག་ཏུ་ཁང་པ་དང་། སྒོ་འགྲམ་གཡས་གཡོན་ལ་ཇ་ཁང་ལྟ་བུའི་དུ་ཁུང་དྲུས་པ་བཅས་མི་འདྲ་འགའ་ཞིག་འདུག འདུ་ཁང་གཅིག་གི་སྦུག་ཏུ་ཁང་པའི་ནང་དུ་གྲུ་བཞི་ཆེན་པོ་ཞིག་ལ་ངོས་རེར་ལྷ་སྐུ་དྲུག་རེ་ཁུང་བུ་ཅུང་དྲུས་པའི་ནང་དུ་བཞག་པ་ལྷ་རེའི་ཚད་ནི་ཁྲུ་གང་རེ་ལས་ལྷག་ཙམ་ཡོད་པ་འདྲ། ལྷ་སྐུ་འགའ་རེའི་སྐེད་པ་མན་ཆོད་བསྡད་པ་ལ་བལྟས་ན་རྒྱལ་བ་རིགས་ལྔའམ་དུས་གསུམ་སངས་རྒྱས་གང་རུང་བཞེངས་པ་ཞིག་རེད་འདུག གྱང་ཞེང་ནི་འདོམ་པ་གང་རེ་དང་དེ་ལས་ལྷག་པའི་ཁང་པ་ཡང་འདུག མང་ཆེ་བ་ནི་གྲོང་པ་ལྟ་བུ་ཁང་སྣེ་ཁང་མཐུད་དུ་ཆགས་པ་འཁྲུག་ཆ་དོད་པོ་ཞིག་ཡོད་པ་བལྟས་པ་ཙམ་གྱིས་མཐོང་ཐུབ། ང་ཚོས་ནང་ཆོས་རྒྱ་གར་ནས་འགྱུར་བ་བཤད་ཅིང་ཡོད་ཀྱང་བཙན་པོའི་སྐབས་ནས་དུས་རབས་བཅུ་བཞིའི་བར་དུ་བོད་ཀྱི་གཏན་གཞི་ཡིན་འདུག་པས་ནང་ཆོས་ཀྱི་འབྲེལ་བ་ཆེན་པོ་ཡོད་པ་མཐོང་ཐུབ་ལ། ལི་ཡུལ་ལུང་བསྟན་ཟེར་བའི་མདོ་དེའི་ནང་དུ་ཆུ་བར་གནའ་གྲོང་གི་སྐོར་ཡོད་མེད་དྲན་སོས་ཀྱི་མི་འདུག་ཀྱང་། ཕལ་ཆེར་འདི་ལྟ་བུའི་ནང་བསྟན་དགོན་ཆེན་ཞིག་ནས་ལི་ཡུལ་ལུང་བསྟན་གྱི་མདོ་བརྩམ་ས་ཡིན་ཆོག་པ་རེད། དྲན་སོས་པ་ཞིག་ལ་ཆོས་འབྱུང་མཁས་དགའ་ལས། བྱང་ཕྱོགས་ཧོར་དང་ཡུ་གུར་ནས། ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན་ཞེས་བཤད་ཡོད་པས་ཧོར་དང་ཡུ་གུར་ནས་དཔེ་བླངས་པ་གསལ་པོ་ཡོད་ལ། ད་དུང་བཀའ་ཐང་སྡེ་ལྔ་ལས། གྲུ་གུའི་ཡུལ་གྱི་ཨང་འདུ་མན་ཆོད་ལ། བོད་ཀྱི་དམག་དཔོན་སྦྲ་ནག་ཕབ་ནས་སུ། ཞེས་གྲུ་གུའི་ཡུལ་དུ་བོད་དམག་སླེབས་པའི་སྐོར་འཁོད་ཡོད་པ་དེ་ས་གནས་འདིས་ར་སྤྲོད་བྱས་འདུག དེ་བཞིན་དྲུ་གུ་གཡུ་ཚོང་ཞེས་གནའ་བོའི་དུས་སུ་དྲུ་གུ་ནས་གཡུ་དར་བ་དང་། བྱང་ཕྱོགས་གནོད་སྦྱིན་ཞེས་དྲུ་གུའི་ཡུལ་ནས་གསེར་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པས་གནོད་སྦྱིན་ཕོ་བྲང་གནས་དེར་ཡོད་པའི་འདུ་ཤེས་བྱུང་མྱོང་ཡོད།

ཚེས་དགུ་ཉིན་ཀའོ་ཁྲང་ཆུས་གྲོང་གསར་ནུབ་སྒོ་སྡེ་ཁུལ་དུ་ལྟ་སྐོར་དུ་བསྐྱོད། ཁོ་ཚོའི་ངོ་སྤྲོད་ལས་མཐོང་ཐོས་ལྟར་ན། སྡེ་ཁུལ་དེར་ཐེམ་དུད་བརྒྱད་བརྒྱ་རེ་གསུམ་དང་མི་གྲངས་སུམ་སྟོང་གཅིག་བརྒྱ་ང་གཉིས་ཟིན་འདུག ཡུ་གུར་རིགས་ཀྱིས་བརྒྱ་ཆ་གོ་བརྒྱད་ལྷག་ཟིན་པས་སྤྱིའི་ཆ་ནས་ཡུ་གུར་རིགས་ཡིན། སྡེ་ཁུལ་དེར་ས་ཞིང་མུའུ་ཉིས་སྟོང་བདུན་བརྒྱ་དང་དེའི་ནང་ནས་རྒུན་འབྲུམ་ས་ཞིང་མུའུ་ཉིས་སྟོང་སུམ་བརྒྱ་ཟིན་ཡོད། ཞིང་ཁ་མང་ཆེ་བ་རྒུན་འབྲུམ་འདེབས་འཛུགས་ས་ཆ་ཡིན་ཞིང་། ལོ་རེའི་ཡོན་འབབ་སྒོར་ཁྲི་བརྒྱ་དང་ཉེར་བརྒྱད་ཟིན་པའི་ཁེ་ལས་ཡོན་འབབ་ཡོད། དེར་རྒུན་འབྲུམ་ལས་སྣོན་ཁང་དང་དྲ་ལམ་ཕྱིར་འཚོང་ཁང་། ཡུལ་སྐོར་ཐོན་ལས་ཚོང་ཁང་བཅས་ཡོད། སྡེ་ཁུལ་འདི་ནི་ཉེ་བའི་ཆར་དཔེ་སྟོན་སྡེ་ཁུལ་དུ་ཆགས་ཤིང་ཡུལ་སྐོར་ཐོན་ལས་དང་དྲ་ལམ་ཚོང་ཁང་ལ་འཕེལ་རྒྱས་ཚད་མཐོན་པོ་བྱུང་འདུག དེ་ནས་ངེད་རྣམས་ལྷན་དུ་འཁོར་ཆེན་དུ་བསྡད་ཅིང་ཁེན་ཨེར་ཅིན་དམངས་སྲོལ་གླིང་ཟེར་བའི་ས་ཆར་བསྐྱོད་ཅིང་། དེར་གནའ་བོའི་སྡོད་ཁང་རྙིང་པ་དང་ས་འོག་མི་སྡོད་ཀྱི་རྟེན་གཞི་གསར་སྐྲུན་བྱས་ཏེ་ཡུལ་སྐོར་འགྲིམ་སྟོན་ཁང་བཙུགས་པ་དང་། ཞིང་ཁ་ནི་གཙོ་བོ་རྒུན་འབྲུམ་ཐོན་ལས་རེད་འདུག དེ་ནས་གུང་ཟས་ཟ་བར་མེ་ལྕེ་རི་བོའི་འཁྲིས་སུ་མེ་ལྕེ་གྲོང་རྡལ་དུ་བསྐྱོད་ཅིང་། དམིགས་བསལ་ཟས་སྣ་ལུག་ཤ་སྲེག་མ་དང་འཐེན་ཐུག་སོགས་མཆོད། དེ་ནས་མེ་ལྕེ་རི་བོའི་ཡུལ་སྐོར་རྟེན་གཞིར་སོང་ཞིང་པར་ལེན་བྱས་པ་དང་། ཐང་སིན་ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་ནང་དུ་མེ་ལྕེ་གཡུགས་པའི་རི་བོ་དེ་འཁྲབ་ས་རེད་འདུག དེར་དམིགས་བསལ་ཞིག་ཡོད་པ་ནི་ལི་ཧང་མདོག་ཅན་གྱི་རི་རྒྱུད་ནར་མོ་ཞིག་ལ་རྩྭ་རྐང་གཅིག་ཀྱང་མེད་པ་མ་ཚད་མདོག་དམར་སེར་ས་མ་རྡོའི་རི་བོ་འཕྲད་ལ་ཉལ་བ་ཞིག་འདུག་ལ། རི་རྒྱུད་དེའི་བྱང་སྣེ་ནི་ཐན་ཧྲང་རི་བོའི་སྣེ་རྒྱུད་དང་ཁུའུ་མུའུ་ཐ་ཀེ་བྱེ་ཐང་གི་བར་དུ་ཉལ་བ་ལྟར་ཆགས་འདུག རི་དམར་དེའི་འཁྲིས་སུ་ཡུལ་སྐོར་ལྟེ་གནས་དེར་ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་སྐོར་བཀོད་བཞེངས་བྱས་པ་དང་། ཡུ་གུར་བ་རྣམས་ཀྱིས་ཡུལ་སྐོར་བ་ལ་རྔ་མོང་ཞོན་རྒྱུ་བཟུང་འདུག རྔ་མོང་ནི་ཤིན་ཅང་གི་ཀུན་དགའ་སྒྲོལ་མ་ཞིག་རེད། ཧོབ་དེ་བལྟས་ན་རྔ་མོང་ནི་འཇིག་རྟེན་བྱེད་པོས་མིའི་ཞོན་རྟ་རུ་ཆེད་དུ་བཟོས་ཤིང་བྱེ་ཐང་དུ་ཤིང་དཀོན་པས་སྒལ་པར་སྒ་འཇོག་མི་དགོས་པའི་རང་བྱུང་གི་ཤ་སྒ་ཆེན་པོ་ཞིག་བཟོས་འདུག ད་དུང་ཁོ་ལ་ཁྱད་ཆོས་མང་སྟེ་བྱེ་ཐང་དུ་འཐུང་ཆུ་དཀོན་པས་ཁོས་ཉིན་བཅུ་ཕྲག་རིང་ཆུ་འཐུང་མི་དགོས་པའི་སྐམ་ཟོག་ཅིག་དང་། སྲོག་ཆགས་དགུའི་རྣམ་པ་ཁོའི་ལུས་ལ་ཚང་བ་དང་། ལྷག་པར་དུ་འབྲུག་ཟེར་བ་ཞིག་ད་སྔོན་སུ་དང་གང་གི་མཐོང་རིག་མེད་པ་དེ་དེང་སང་རྔ་མོང་གི་དབྱིབས་ལྟ་བུ་འགྱ་མ་འགྱུར་དང་གུག་འཁྱོག་མང་བའི་རྣམ་པ་ཞིག་ཆེད་དུ་བཟོས་པ་ལྟར་སྣང་། ངས་དེ་ལྟར་མེ་ལྕེ་རི་བོ་དང་རྔ་མོང་གཉིས་རེས་མོས་སུ་མིག་ལ་འཁོར་བའི་མོད། ད་བྱི་རི་དམར་པོ་ཚུར་བཅད་དང་། གཙང་ཁ་ལ་གཡག་མིག་ཕར་བཅད་དེ། ས་དེ་ལ་ཅི་མིང་མ་ཤེས་ན། བྱང་འབྲོག་ཐང་གི་དངུལ་མདོང་གོང་མ་ཡིན། ཞེས་དབུ་ནག་མིའུ་འདྲ་ཆགས་ནས་བཤད་པ་དེ་བྱེ་རི་དམར་པོ་ཟེར་བའི་རི་དེ་འདི་མིན་ནམ་སྙམ་པ་ཞིག་ཡིད་ལ་འཁོར་ཡོང་ངོ་། །

ཕྱི་དྲོ་སྐད་གྲགས་ཅན་གྱི་ཤིན་ཅང་རྒུན་འབྲུམ་རོང་དུ་སྐྱོད། དེར་ལུང་པ་ཞིག་འདུག་པ་གཞུང་རྒྱུད་ཚང་མ་ལྕང་མ་ཤིང་དང་སྟར་ཤིང་སོགས་ནགས་ཚལ་སྟུག་པོར་དཀྲིགས་པ་དང་། ལྷག་པར་དུ་རྒུན་འབྲུམ་གྱི་ར་བ་སོགས་སྔོ་ལྗང་ནགས་ཚལ་གྱིས་ཁེངས་འདུག་པས་ཕྱི་རོལ་གྱི་བྱེ་རི་དམར་པོ་དེ་ཡང་ལྗོན་ཤིང་གི་ཡལ་ག་དང་འདམ་མའི་གསེང་ནས་རབ་རིབ་ལས་མི་མཐོང་བའི་གནའ་བོའི་ནགས་ཚལ་དང་། གཡས་གཡོན་གྱི་རི་ནི་མེ་ལྕེ་རི་བོའི་རི་རྒྱུད་དུ་གནས་འདུག་པས་རྩྭ་རྐང་གཅིག་ཀྱང་མེད་པའི་བྱེ་རི་ལི་ཧང་གི་མདོག་ཅན་ལ་ཆེད་དུ་ངོམ་པ་ལྟར་གྲུབ་འདུག རྒུན་འབྲུམ་ར་བ་ཆེན་པོ་དེར་སླེབས་པ་དང་རོལ་མོ་རྡུང་བའི་སྒྲ་ཞིག་ལྷང་ལྷང་ཐོས་པ་དང་། མི་ཚོགས་ཉི་ཤུ་སུམ་ཅུའི་ཚོད་ཀྱི་རོལ་མོ་དཀྲོལ་བ་དང་རྒྱན་སྤྲོས་བྱས་པའི་གཞོན་པ་ཕོ་མོ་མང་པོ་ཡོང་བ་མཐོང་ཞིང་། དེའི་དཀྱིལ་དུ་ཆས་གོས་དྭངས་ཤིང་སྐུ་སྟོད་དར་དཀར་སྲབ་བུ་གྱོན་པ་དང་མགོ་ལ་མེ་ཏོག་གི་ཐོར་ཅོག་བཅིངས་པ། ཤམ་ལྭ་དཀར་པོ་བསྣམས་པའི་བྱ་ཝང་འདྲ་བའི་བུ་མོ་གསུམ་དང་དེའི་ལག་སྣེ་ཁྲིད་མཁན་སྐྱེས་པ་ཆས་གོས་རྒྱ་ལུགས་སུ་གྱོན་པ་གསུམ་དང་། དེའི་མཐའ་སྐོར་དུ་རོལ་མོ་ཐོགས་པ་དང་། པར་ཆས་ཐོགས་པ་རྣམས་མེ་ཏོག་གཏོར་བཞིན་ཡོང་བ་དང་། སྣེ་ཁྲིད་པས་དེ་རྣམས་གཉེན་སྟོན་བྱེད་པ་རེད་ཟེར་ཞིང་། ངེད་རྣམས་ལམ་གྱི་གཡས་གཡོན་གཟུར་ཞིང་ངག་ནས་བཀྲ་ཤིས་བདེ་ལེགས་བརྗོད་པ་དང་། གཅིག་གིས་ཁོང་རྣམས་བོད་ནས་ཡོང་བའི་རྟོག་ཞིབ་དང་བཀྲ་ཤིས་བདེ་ལེགས་ནི་ཅིང་ཞང་རོས་ཡིད་ཀྱི་དོན་ཡིན་པར་བཤད་སོང་བས་ཁོང་རྣམས་ཀྱིས་ལན་དུ་ཅིས་ཞང་རོས་ཡིད་ཟེར་ནས་ལེན་འདེབས་པར་བྱེད། ངོ་མ་ཡུ་གུར་གྱི་གཉེན་སྟོན་ནི་དགོང་མོ་ཙམ་ལ་བྱེད་པ་དང་རྒུན་འབྲུམ་རོང་ཟེར་བའི་སྤྱི་གླིང་ཆུང་ཆུང་དེར་སྐོར་བ་བྱས་པ་རེད་འདུག བུད་མེད་དེ་དག་གཅིག་ལས་གཅིག་མཛེས་ཞིང་ཧོབ་དེ་ཁར་བལྟས་ན་གཉེན་སྟོན་བྱེད་པའི་བུ་མོ་གསུམ་པོ་དེ་གནམ་གྲུའི་ནང་གི་བུ་མོ་དེ་དག་ཡིད་ལ་འཁོར་བྱུང་། ཤ་མདངས་དཀར་ལ་འོད་མདངས་འཕྲོ་བ། བྲང་དང་སྐེ་འགྱིང་། ལག་མགོ་རྣམས་ཚི་ལུའི་མདངས་འཕྲོ་ཞིང་འདུག་པས་ནུབ་ཕྱོགས་མི་རིགས་དཀར་པོའི་བུ་མོ་རྣམས་དང་འཁྲུལ་ཉེ་བ་འདུག དེ་ནས་ངེད་རྣམས་ཡུད་ཙམ་རིང་རྐང་ཐང་དུ་ནགས་གསེང་དུ་སྐོར་སྐྱོད་བྱས་པ་དང་། རྒུན་འབྲུམ་ད་དུང་སྐམ་མ་རློན་ཅུང་ཙམ་འཐོག་རྒྱུ་ལྷག་པ་རྣམས་འཐོག་གིན་དྲོ་བ་མྱོང་བ་ཡིན། འོན་ཀྱང་ངའི་མིག་ལམ་དུ་ད་གཟོད་བུ་མོ་དཀར་པོ་ཐང་གའི་ནང་གི་སྒྲོལ་དཀར་འདྲ་བ་དེར་བལྟས་དྲག་པ་ཡིན་ནམ་མིག་ནས་མི་ཡར་བར་གང་ལ་བལྟས་ན་དེར་ཆུ་ཟླ་གཟུགས་བརྙན་ལྟར་མཐོང་ཉམས་བྱེད་ཡོང་། ལུང་པ་དེ་ཕུ་ཐག་ཅུང་རིང་བ་དང་ཆུ་བོ་དྭངས་ཤིང་གཙང་བ་ཞིག་ཤང་ཤང་དུ་ནགས་གསེང་ནས་རྒྱུག་ཅིང་འདུག་ལ། ལུང་སྟོད་དུ་མི་བཟོས་ཆུ་མཛོད་ཆུང་ངུ་ཞིག་བཟོས་པ་དང་དེའི་ནང་དུ་གག་པ་དང་ཡ་ཙེའི་རིགས་སྐྱོད་ཅིང་འདུག གཞུང་ཆུ་དེ་ནི་རྒུན་འབྲུམ་གྱི་ཚེ་སྲོག་དང་རྒུན་འབྲུམ་གྲོང་སྡེའི་ཚེ་སྲོག་ཅིག་ཀྱང་རེད་འདུག ལྗང་མདོག་གི་ར་བ་དེར་རྒུན་འབྲུམ་གཙོ་བོར་བྱས་པའི་ཁམ་བུ་དང་ལི། ཀུ་ཤུ། ཆུ་རྐུབ། འབྲུ་ཤིང་སོགས་སྣ་མང་སྐྱེས་འདུག སྡོད་ཁང་གི་གྱང་ར་དཀར་པོ་དང་ཐོག་སོའི་གོང་དུ་རྒུན་འབྲུམ་སྐམ་ས་བཟོས་པའི་གྲོང་སྡེ་རྣམས་ཀྱི་རྒུན་འབྲུམ་གྱི་ར་བའི་ནང་དུ་ནུབ་པ་ལྟར་ཕྱེད་སྒྲིབ་ཕྱེད་མངོན་དུ་མཐོང་རྒྱུ་འདུག རྒུན་འབྲུམ་སྐམ་སའི་བསིལ་ཁང་རེ་རེ་ཐོག་ཁང་དང་སྒོ་རའི་གོང་དུ་སྒྲིག་ཡོད་པ་ནི་ཧོབ་དེ་ཁ་ལ་བལྟས་ན་ཁུག་ཏའི་རྫབ་ཁང་ལྟ་བུ་ཁོང་གསེང་ཅན་ཞིག་རྩིག་པ་མཐོང་ཐུབ། དབྱར་ཁ་ཚ་བ་ཆེ་བའི་དུས་སུ་སྔོ་ལྗང་དེ་ནི་བསིལ་གྲིབ་ལྟ་བུ་དང་དགུན་ཁ་གྲང་བའི་སྒང་དུ་རླུང་གཡོར་ཞིག་དང་འདྲ་འདུག སྡེ་ཁུལ་དེར་ལོ་རེར་སྤྱི་རྒྱ་སྟོང་ཕྲག་ཉིས་བརྒྱ་ལྷག་གི་ཐོན་འབོར་དང་། ལོ་རེར་གྲོང་སྡེ་ཡོངས་ལ་སྒོར་དུང་ཕྱུར་གཅིག་དང་ཚགས་གསུམ་ཟིན་པར་བཤད། ད་དུང་རྒུན་འབྲུམ་དེ་དག་རྒྱལ་ནང་ཙམ་མ་ཟད་རྒྱལ་ཕྱིའི་ཐོན་རྫས་རྩ་ཆེན་ཞིག་ཡིན་འདུག ངེད་རྣམས་ཀྱིས་རྒུན་འབྲུམ་སོགས་ཤིང་འབྲས་སྐམ་པོ་ལས་སྣོན་བྱས་པ་དང་རློན་པ་སྣ་ཁ་འདྲ་མིན་མང་པོ་ཉོས་ཤིང་མངར་སྐྱུར་སྐ་བའི་དྲོ་བ་ལ་མྱོང་རོལ་བྱས། ལས་རོགས་ལ་ལས་ལོ་གསར་གཏོང་བྱེད་དུ་ཕ་ཡུལ་ལ་སྦྲགས་སྲིད་བརྒྱུད་ནས་སྐུར་བ་བཅས་བྱིས་པས་བུ་རམ་མཐོང་བ་ལྟར་ཤིན་ཅང་རྒུན་འབྲུམ་ཞེས་དེ་སྔོན་རྣ་ཐོས་ལས་མེད་ཀྱང་དེ་རིང་དྲོ་བ་དངོས་སུ་མྱོང་བའི་གོ་སྐབས་ཐོབ་དུས་རང་ཡིད་རང་ལ་མི་ཆེས་པའི་ངོ་མཚར་དུ་གྱུར་ཏེ་ལམ་རྒྱུད་ཟ་རྒྱུ་དང་ཕ་ཡུལ་ལག་རྟགས་སྟེར་རྒྱུར་གང་འདོད་དུ་ལོངས་སྤྱད་པ་ཡིན།

ཚེས་བཅུ་ཉིན་གནམ་གཤིས་ཡག་ལ་མཁའ་དབྱིངས་སུ་སྨུག་པ་སྲབ་བུ་ཞིག་གིས་གཡོག་འདུག སྔ་དྲོར་ངེད་རྣམས་ཐུའུ་ལུའུ་ཧྥན་ནས་ཨུའུ་ལུའུ་མུ་ཆིར་སྐྱོད་པར། མྱུར་བགྲོད་མེ་འཁོར་ལས་ཆུ་ཚོད་གཅིག་ཏག་ཏག་འགོར་ཞིང་ཨུའུ་ལུའུ་མུ་ཆི་དམར་པོ་རིའི་མགྲོན་ཁང་དུ་བསྡད། ལམ་འགྲམ་དུ་མང་ཆེ་བ་བྱེ་མའི་གསང་ཆེན་བཅོ་བརྒྱད་དང་། བྱེ་ཐང་དུ་ཕྱུགས་ཟོག་གཅིག་ཀྱང་མེད་ཟེར་ན་རྔ་མོང་ཚམ་ཚོམ་རེ་མཐོང་རྒྱུ་འདུག རི་བོ་རྣམས་དམའ་ཞིང་བྱེ་རི་དང་ཟེགས་མའི་རི་བོ། རྫ་བྲག་གི་རི་བོ་བཅས་སྤང་རྩྭ་བཙལ་ན་ལས་མི་རྙེད་པའི་ཐང་ཆེན་ཐང་སྣེ་མཐུད་པ་ཞིག་རེད། ཤིན་ཅང་དུ་དཀོན་པ་ནི་ཆུ་ཡིན་ཞིང་བྱེ་ཐང་རྒྱ་ཆེ་བས་ཆུ་ཕྲན་མང་པོ་མེད་པ་དང་། མཚོ་མོ་དང་ལུང་གཞུང་གི་ཆུ་ཆེན་རྣམས་ལ་འཁོར་བ་ལྟ་བུའི་གྲོང་སྡེ་ཆགས་པ། རླུང་འཁོར་དང་ཆུ་འཐེན་འཁོར་ལོ་ཐང་ཆེན་གོང་དུ་ཁྲ་སོག་སོག་མཐོང་རྒྱུ་འདུག རྒྱང་རིང་གི་ས་མཐའ་ན་བུན་གྱིས་གཡོགས་པ་ལྟར་རྒྱང་རིང་མི་མཐོང་ཞིང་བྱེ་རླུང་ཡིན་ནམ་སྨུག་པ་དམའ་བས་གང་ཡིན་མ་ངེས། ཁ་སང་གི་ཉིན་མཚན་གསུམ་ལ་བསྟུན་མར་བབས་པའི་གངས་སྡེབ་དེ་ནི་ཤིན་ཅང་དུ་ཚད་ལས་བརྒལ་བའི་ཁ་བ་རེད་འདུག་པས་ལམ་འགྲམ་གྱི་ལྗོན་ཤིང་མང་པོ་ཡལ་ག་བཅག་པ་དང་སྡོང་ཕྲན་སྒྱེལ་བ་སོགས་བྱས་འདུག འོན་ཀྱང་དེ་རིང་གནམ་གཤིས་དེས་ཐང་ཆེན་གོང་དུ་ཁ་བ་ཞུ་འདུག་ཀྱང་རི་མགོ་དང་སྲིབ་ངོས་སུ་ཁ་བ་སྐྱ་ཆི་ལེར་མཐོང་རྒྱུ་འདུག ཤིན་ཅང་དུ་དབྱར་དྲོད་ཚད་མཐོ་ལ་ཚ་བ་ཏུའུ་སུམ་ཅུ་ནས་བཞི་བཅུ་ཟིན་པ་དང་། དགུན་གྲང་ངར་ཆེ་བས་ཀླད་ཀོར་འོག་གི་གྲངས་གནས་སུམ་ཅུ་ཡན་མན་བར་ལྷུང་གི་རེད་ཟེར། འོན་ཀྱང་གྲང་བའི་དུས་ཚོད་ནི་ཡུན་རིང་མ་ཡིན་པར་སོས་ཀ་ནས་ས་ཆུ་དྲོས་མགྱོགས་ཤིང་རྩི་ཤིང་རྣམས་ཁ་བུས་ཏེ་མཆེ་བ་དང་ཞལ་ལུ་སྐྱེ་མགྱོགས་པའི་ས་ཞིག་རེད་ཟེར། ཕྱི་དྲོ་ལྷན་གཅིག་ཏུ་དུས་རབས་གསར་པའི་ཁོར་ཡུག་འཕྲོད་བསྟེན་ཚད་ཡོད་ཀུང་སིར་སློབ་སྦྱོང་རྟོག་ཞིབ་དང་འབྱུང་ཁམས་འཕྲོད་བསྟེན་སྤེལ་རེས་བྱས་ཏེ་ཕྱིར་ལོག
ཚེས་བཅུ་གཅིག་ཉིན་གནམ་གཤིས་དྭངས་ལ་མཁའ་རླུང་གཙང་། ཆུ་ཚོད་བཅུ་པ་ཕྱེད་ཀ་ནས་འཁོར་ཆེན་ནང་དུ་ཐོན་ཏེ་ཅུང་ཐག་རིང་བའི་ས་ཆར་སྨི་ཏུང་ཁུལ་ཤིན་ཅང་གློག་སྐུད་བཟོ་སྐྲུན་ཚད་ཡོད་ཀུང་སིར་ལྟ་སྐོར་ཁྲིད་བྱུང་། བཟོ་གྲྭ་དེ་ལོ་རེར་འཕེལ་རྒྱས་ནི་སྒོར་དུང་ཕྱུར་ཟིན་པའི་ཚད་དུ་ཐོན་ཡོད་པ་དང་། རྒྱལ་ཡོངས་ཀྱི་སྤུས་ཚད་ཨང་དང་པོའི་གྲལ་དུ་ཚུད་ཡོད་འདུག དེ་ནས་མི་རིང་བར་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཧུའུ་ནན་གྲོང་ཚོར་རྟོག་ཞིབ་བྱས། དེར་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་རི་མོའི་འགྲིམ་སྟོན་ཁང་དང་རྩོམ་པ་པོའི་འགྲིམ་སྟོན་ཁང་། ལག་རྩལ་འགྲིམ་སྟོན་ཁང་། པར་ལེན་འགྲིམ་སྟོན་ཁང་སོགས་འདུག རྩོམ་པ་པོ་ཞུས་ཀྲི་ཡུང་ནི་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་དང་། ཀྲུང་གོའི་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་རེད་འདུག ཁོང་ནི་བརྩམས་སྒྲུང་དང་ཟློས་གར། སྙན་ཞུའི་རྩོམ་རིག ལྷུག་རྩོམ། གཞད་མ་གཏམ་སོགས་ཀྱི་རྩོམ་པ་པོ་ཞིག་ཡིན། ཁོང་ལ་རྒྱལ་ཡོངས་རིམ་པའི་བྱ་དགའ་དང་ཀྲུང་གོ་རྡོ་སྣུམ་ཀུང་སིའི་བྱ་དགའ་ཐོབ་འདུག ཁོང་ལ་བརྩམས་སྒྲུང་དེབ་བཅུ་ཕྲག་དང་གཞད་མ་གཏམ་དང་ཟློས་གར་སོགས་བརྩམས་ཆོས་དྲུག་ཅུ་ལྷག་སྤེལ་མྱོང་ཡོད་འདུག་པས་རྗེས་སུ་ཡི་རང་ཞུས་ཏེ་ཞལ་གྱེས་ཁར་ལག་འཇུ་དྲོན་མོ་ཞིག་བྱས་པ་ཡིན། དེ་ནི་རྨོངས་དད་ཀྱི་རྩོམ་པ་པོའི་བྱིན་རླབས་ཐོབ་ཡོང་བསམ་པ་མ་ཡིན་པར་མི་ཚང་མ་དཔལ་འབྱོར་གྱིས་བསླུ་བྲེད་ཐེབས་པའི་དུས་སུ་ཐོབ་ཆ་ཉུང་བའི་སྒྱུ་རྩལ་ཆེད་དུ་སྡུག་དཀའ་ལས་སྐྱོང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ས་ཁུལ་དེ་གྲོང་ཁྱེར་དང་ཅུང་ཁ་ཐག་རིང་ཞིང་ཆུ་ཚོད་གཅིག་མ་ཟིན་ཙམ་གྱི་གྲོང་མཐའ་རུ་གནས་པས། སྤྱིའི་ཆ་ནས་གྲོང་མཐའི་འཕེལ་རྒྱས་དང་གྲོང་མཐའི་སྡེ་ཁུལ་ཁང་པའི་བཀོད་སྒྲིག སྡེ་ཁུལ་གྱི་ལས་ཀའི་བཀོད་སྒྲིག་སོགས་ཕྱོགས་མང་པོ་ནས་མྱོང་རོལ་ཐུབ་པ་བྱུང་། གྲོང་པའི་གཡས་གཡོན་ཚང་མར་ཞིང་ཁ་རྒྱ་ཆེ་བ་དང་། ཞིང་ཁའི་ནང་དུ་མ་རྨོས་ལོ་ཏོག་དང་པད་ཚལ། ཤིང་འབྲས་སོགས་སྣ་ཚོགས་འདེབས་འཛུགས་བྱེད་ཀྱི་འདུག་ལ་ཞིང་ལས་བྱེད་མཁན་ཡང་དེང་རབས་འཕྲུལ་ཆས་ལས་མིའི་ལག་པར་བརྟེན་དགོས་པ་མི་འདུག་པས། གྲོང་གསེབ་དེར་ཆ་རྐྱེན་ཡག་པོ་འདུག་པའི་སྣང་བ་བྱུང་། འོན་ཀྱང་གྲོང་པའི་ཁང་པ་ནི་སྡེ་ཁུལ་གསར་པའི་ཁུལ་དུ་སྤོས་པ་རྣམས་ནི་ཧ་ཅང་ལེགས་ཀྱང་། སྡོད་ཁང་རྙིང་པའི་ནང་དུ་སྡོད་མཁན་རྣམས་ནི་གྲལ་འགྲིག་པོ་མེད་པ། ཡག་བཙོག་ཤོར་བ། མཐོ་དམའ་མི་སྙོམ་པ། ར་སྐོར་གྱི་ཕྱི་ནང་གང་སར་འདམ་པའི་ལམ་ལས་འབེལ་དང་ཨར་འདམ་གྱི་ལམ་བསྐྲུན་མ་ཐུབ་པའི་ཁྱད་པར་ཆེན་པོ་འདུག་པ་ནི་སྡེ་ཁུལ་དང་གྲོང་ཚོའི་བར་གྱི་ཧེ་བག་ཡིན་པ་ཡིད་ལ་འཁོར་བྱུང་། ཤིན་ཅང་གྲོང་ཁྱེར་མཁའ་རླུང་ནི་གཙང་བ་དང་བཟོ་གྲྭ་ཡ་ཟུང་གྲོང་མཐའ་ན་འདུག་ཀྱང་མཁའ་དབྱིངས་སུ་དུ་སྨུག་མི་འཁྲིགས་པ་དང་། རྡོ་སོལ་གྱི་བུད་ཤིང་བྱེད་མཁན་ལོ་རེ་བཞིན་ཇེ་ཉུང་དུ་ཕྱིན་ཏེ་སྤྱིའི་ཆ་ནས་བེད་སྤྱོད་བྱེད་མཁན་མེད་པ་གྱུར་འདུག མགྱོགས་ལམ་ནས་ཕྱིར་ལོག་དུས་རླངས་འཁོར་གྱི་ཤེལ་དྲ་ནས་ཤར་ཕྱོགས་སུ་གངས་རི་མཐོ་པོའི་རྩེ་མོ་ཞིག་མཐོང་བ་དེ་ནི་པོ་ཀེ་ཏ་རྩེའི་རྩེ་མོ་ཡིན་པ་ཤེས་བྱུང་། གངས་རི་དེའི་མཐོ་ཚད་ནི་ལྔ་སྟོང་དྲུག་བརྒྱ་ལྷག་ཡོད་པར་བཤད། རི་འདི་གཅིག་པུ་ལ་ཡང་རི་བརྒྱུད་རིང་པོ་ཡོད་འདུག

ཕྱི་དྲོ་ལྷན་དུ་ཧྲ་དབྱི་པ་ཁེ་ཆུས་ཧུང་མ་ཙི་ཁྲོམ་གཞུང་སྡོད་ཁང་གསར་པའི་སྡེ་ཁུལ་དུ་སྐྱོད། དེར་སླེབས་པ་དང་སྡེ་དཔོན་གྱིས་སྣེ་ལེན་ངང་སྡེ་ཁུལ་གྱི་གཞུང་ལས་ཁང་དང་ཏང་ཡོན་བྱེད་སྒོ་ཁང་། སྲིད་གྲོས་ཨུ་ཡོན་བྱེད་སྒོ་ཁང་། བྱིས་བཅོལ་ཁང་བཅས་རེ་རེ་བཞིན་ཁྲིད་ཅིང་འགྲེལ་བཤད་གནང་བྱུང་། སྡེ་ཁུལ་དེར་མི་རིགས་མང་པོ་གནས་སྡོད་བྱས་པ་ཞིག་དང་མི་འབོར་སུམ་སྟོང་ཉིས་བརྒྱ་ལྷག་འདུག
ཚེས་བཅུ་གཉིས་ཉིན་སྔ་དྲོ་ཐེན་ཧྲང་ཁུལ་ཨེར་ཏའོ་ཟམ་པའི་ཁྲོམ་གཞུང་སྲང་ལམ་སྡེ་ཁུལ་དུ་བསྐྱོད་ཅིང་། སྡེ་ཁུལ་དེར་ཆ་རྐྱེན་ཤིན་ཏུ་མཐོ་བའི་སྡེ་ཁུལ་དང་མི་གྲངས་ལྔ་སྟོང་ལྷག་ཙམ་འདུག་ལ། སྡེ་ཁུལ་དེར་བྱིས་གཅོལ་ཁང་དང་ལུས་རྩལ་ཁང་། ཞབས་བྲོ་ཁང་སོགས་འདུག ངེད་རྣམས་དེར་འབྱོར་བ་དང་ལོ་ན་རྒན་པའི་རྒན་ཡོལ་པ་མང་པོ་ལྷན་དུ་སོ་སོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་ཞབས་བྲོ་འཁྲབ་ཅིང་། སྤྲོ་སྣང་ལྡན་པའི་སྣེ་ལེན་བྱས་བྱུང་། དེ་ནས་སྣེ་ཤན་པའི་མཉམ་དུ་རྐང་ཐང་དུ་རྒྱལ་སྤྱིའི་ཏ་པ་བཀྲ་ཁུལ་ཞེས་ཤིན་ཅང་གི་དམིགས་བསལ་ཁྲོམ་ལམ་དུ་སྐྱོད་ཅིང་། དེར་སྣེ་ཤན་པའི་འགྲེལ་བཤད་ཉན་བཞིན་ཁྲོམ་ལ་སྐོར་བ་བརྒྱབ། ཏ་པ་བཀྲ་ནི་མིང་གྲགས་ཆེ་བ་མ་ཟད་ཚོང་ལས་བྲིན་པ་དང་མི་ཚོགས་མང་བའི་ཁྲོམ་ཆེན་ཞིག་རེད་འདུག་ལ། བོད་ལ་དཔེ་བཞག་ན་བར་སྐོར་ཁྲོམ་ལམ་དང་གཅིག་པར་སྣང་། ཏ་པ་བཀྲ་ནི་བཞི་མདོ་ཁའི་ཁོར་ཡུག་ཆེ་བ་ཞིག་ལ་ཟེར་བ་དང་། ལྟེ་བ་ནི་ཀ་བ་རིང་པོ་ཞིག་གནམ་དུ་སློང་པ་དེ་ཡིན་ཞིང་དེའི་མདུན་དུ་པར་བཏབ་པ་ཡིན། ཁྲོམ་གསེང་དུ་ཤིན་ཅང་གི་དམིགས་བསལ་ཤིང་འབྲས་རིགས་དང་གོ་རེའི་ཟས་སྣ་རིགས། ཤིང་འབྲས་མཉམ་དུ་སྤོད་པའི་ཟས་སྣ་རིགས། ཆས་གོས་རིགས། ལྷག་པར་སྐད་གྲགས་ཅན་གྱི་ཧུ་ཐན་གཡང་ཊིའི་ཁྲོམ་ར་ཆེན་པོ་འདུག གཡང་ཊི་ནི་ནོར་བུའི་རྡོ་རིགས་ཡིན་ཞིང་གོན་ཚད་ཀྱང་གསེར་དང་མཉམ་བཀྱག་ཡིན་པར་བཤད། གཞན་ཡང་ཤིན་ཅང་གི་རྔ་མོང་གི་ཐོན་ལས་མང་པོ་ཞིག་མངོན་རྒྱུ་འདུག་ལ། བལ་དང་ཀོ་བའི་ཆས་གོས་དག་མ་དང་སྤུས་ཀ་ཡག་པོ་འདུག ཕྱི་དྲོ་ཡང་བསྐྱར་མའོ་ཙེ་མིན་གྱི་དྲན་རྟེན་ཁང་དུ་སྐྱོད་པ་དང་། དེ་ནས་སྡེ་ཁུལ་ཞིག་ལ་མི་རིགས་ཞབས་བྲོ་སྤེལ་རེས་དང་མཉམ་འཁྲབ་གང་ལེགས་བྱས་ནས་ཕན་ཚུན་མཉམ་པར་བཏབ་པ་བཅས་དགའ་དགའ་སྤྲོ་སྤྲོའི་ནང་ནས་ཕྱིར་ལོག
ཚེས་བཅུ་གསུམ་ཉིན་སྣེ་ཁྲིད་པས་སྔ་མོ་ནས་ཁྲིད་ཅིང་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་གནས་པའི་ཁྲང་ཅི་གྲོང་ཁྱེར་དུ་སྐྱོད། དེར་སླེབས་པ་དང་མཚོ་འཕགས་བརྒྱ་ཙམ་ལས་མེད་པ་དང་། ཁོར་ཡུག་དྭངས་ཤིང་གཙང་བ་འཕེལ་རྒྱས་ཆེ་བ་བལྟས་པ་ཙམ་གྱིས་ཤེས་པ་འདུག ངེད་རྣམས་སྣེ་ཁྲིད་པས་བསུ་བ་དང་བཅས་གྲོང་ཁྱེར་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཁང་དུ་ལྟ་སྐོར་རྟོག་ཞིབ་བྱེད་པར་བསྐྱོད་ཅིང་། དུས་རབས་རེ་རེའི་ཁྱད་ཆོས་མི་འདྲ་བའི་བརྒྱུད་རིམ་ཁང་ལ་སྣེ་ཁྲིད་པས་འགྲེལ་བཤད་ལ་ཉན་བཞིན་སྐོར་བ་བྱས། དེ་ནས་མི་རིང་བའི་ས་ཆ་ཁྲང་ཅི་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཕྱོགས་བསྡུས་ཟས་རིགས་ཁྲོམ་གཞུང་དུ་ཡང་སྣེ་ལེན་པས་འགྲེལ་བཤད་བྱེད་བཞིན་སྐོར་བ་བྱས། ས་གནས་དེ་ནི་ཨུའུ་ལུའུ་མུ་ཆིའི་ནུབ་ཕྱོགས་ལ་གནས་པའི་གྲོང་ཁྱེར་ཞིག་དང་། འཕེལ་རྒྱས་ཅུང་མགྱོགས་པའི་གྲོང་ཁྱེར་ཞིག་རེད་འདུག གུང་ཟས་དེར་མི་རིགས་ཁྱད་ཆོས་ལྡན་པའི་ཟ་མར་མྱོང་རོལ་བྱས་པ་དང་། ངས་སྲང་ལམ་འོ་ཇ་འཚོང་ས་ནས་འོ་ཇ་ཉོས་ཏེ་བྲོ་བ་རོལ་བ་ཡིན། ཁོས་འོ་མ་རིགས་མི་འདྲ་གཉིས་ལྷན་དུ་རྫ་མའི་ནང་དུ་ལྡུག་ཅིང་ཇ་ཁུ་ཅུང་ཙམ་དང་ལྷན་དུ་བཀོལ་བ་དང་འོ་མའི་སྤྲི་མ་ནས་སྐྱོགས་ཕྱེད་ཙམ་ཁ་སྣོན་བྱས་ཏེ་འགྱིང་ཕོར་ཆེ་བ་ཞིག་གི་ནང་དུ་བླུགས་ནས་སྟེར་བྱུང་། ངས་འོ་མ་དེ་རྟ་འོ་ཡིན་ནམ་དྲིས་པས། ཁོས་རྟ་འོ་མ་རེད་རྔ་མོང་དང་མ་ཧེའི་འོ་མ་རེད་ཟེར། འོ་ཇ་རྒྱ་མ་གང་དྲག་ཙམ་ལ་སྒོར་བརྒྱད་བྱེད་ཅིང་འདུག་པས་ང་ཚོའི་ས་ཆར་བསྡུར་ན་ལྡབ་གཅིག་གིས་རིན་གོང་དམའ། བྲོ་བ་ཞིམ། སྤུས་ཀ་ཡག ས་གནས་དེ་ནས་མི་རིགས་ཁྱད་ཆོས་ལྡན་པའི་གུང་ཟས་གྲ་སྒྲིག་བྱས་པ་རྣམས་ཟོས་ཏེ་ཕྱིར་མགྲོན་ཁང་དུ་འབྱོར་བ་དང་། གྲོང་ཁྱེར་མི་དོན་ཅུས་ཀྱི་ཀྲུའུ་རིན་དང་ལྷན་དུ་ཚོགས་འདུ་འཚོགས་ཤིང་ཤིན་ཅང་དུ་སྐྱོད་རིང་མྱོང་ཚོར་སྤེལ་རེས་དང་། ལྟ་སྐོར་རྟོག་ཞིབ་མཇུག་བསྡོམས་བྱས། ད་དུང་ངེད་རྣམས་ལ་མི་རིགས་མཐུན་སྒྲིལ་གྱི་ལག་རྟགས་རས་ཁུག་རེ་དང་བྱིས་པའི་རྩེ་ཆས་རེ་གནང་བྱུང་།

ང་ནི་ཤིན་ཅང་དུ་སླེབས་དུས་རྒྱལ་ནང་གི་གྲོང་ཁྱེར་ཞིག་ལ་སླེབས་པ་ལྟ་བུ་མིན་པར། ཕྱི་རྒྱལ་དུ་སླེབས་པ་ལྟ་བུའི་སྣང་བ་སྐྱེས་བྱུང་། གང་ཡིན་ཟེར་ན། ཤིན་ཅང་ལ་ཡུ་གུར་རིགས་དང་། ཧ་ས་ཁི་རིགས། འུ་འར་རིགས། སུ་ལན་རིགས། མོང་གོ་རིགས་སོགས་མི་རིགས་བཅུ་གསུམ་ལས་གྲུབ་པར་བཤད་ཀྱང་། རིགས་དེ་དག་ལ་རང་རང་གི་ཁྱད་ཆོད་ཡོད་ཀྱང་སྤྱིའི་ཆ་ནས་ཕྱི་རྒྱལ་ཡུལ་སྐོར་བའི་རྣམ་པ་དེ་ལམ་ལམ་ཡིད་ལ་འཁོར་ཡོང་བ་ཞིག་འདུག ཞིབ་ཏུ་ལྟ་དུས། ཤིན་ཅང་གི་རིགས་ལ་བུད་མེད་ཤ་རྒྱགས་ཤིང་ཚང་ར་རྒྱས་པ་དང་། ཨོང་དོ་ཤིན་ཏུ་ཆེ་བ། སྣ་གཟེངས་མཐོ་བ་དང་ཤ་མདངས་དཀར་བ་བཅས་འདུག ད་དུང་བུ་རྣམས་ལ་ཁ་སྤུ་མོད་པ་དང་། ངོ་གཤིས་སེར་མདངས་ཅན། སྣ་ཤ་གུག་དང་ལ་ལ་སྣ་ཚིགས་ཅན། སྨིན་མ་སྟུག་པོ་ཅན། མིག་མཐའ་སྔོ་ཙམ་ཡོད་པ་ནུབ་ཕྱོགས་ཀྱི་མི་རིགས་དང་ཤིན་ཏུ་ཁ་ཐག་ཆེ་བ་མཐོང་ཐུབ། མི་རིགས་སྤྱིའི་ཆ་ནས་གྱོན་པ་ཁྲ་ཁྲ་དང་ཚོན་མདོག་ཅན་ལ་དགའ་ཞིང་བོད་རིགས་དང་ཁྱད་པར་མེད་པ་ཞིག་རེད། ཁང་པའི་ནང་གི་མཛེས་རྒྱན་ཚོན་ཁྲ་ཅན་འདུག་ལ་ཆས་གོས་ལ་ཡང་ཚོན་ཁྲ་ཅན་ཤ་སྟག་འདུག ད་དུང་བུད་མེད་ཀྱི་ཆས་གོས་ཚོན་ཁྲ་ཅན་དགའ་ཆེ་བ་ཡིན་འདུག ཞྭ་མོ་དྲོད་ཅན་བལ་དང་ཀོ་བའི་ཞྭ་མོ་དང་། པགས་པ་འདྲ་མིན་གྱི་སྤུ་ཅན་ཞྭ་མོ་གྱོན། ཞྭ་རིགས་ཤིན་ཏུ་མང་ཞིང་རྩེ་མོ་མེད་པ་དང་རྩེ་ཏོག་ཅན་སོགས་མདོག་ཧ་ཅང་མི་འདྲ་བ་འདུག ཟས་ལ་གཙོ་བོ་འོ་མ་དང་བག་ལེབ། ལུག་ཤ། རྔ་མོང་འོ་མ་བཅས་འབོལ་བ་དང་ཐོན་ཁུངས་རྩེ་གྲ་སྤུས་དག་རྐྱང་པ་ལ་བརྟེན། ཉ་དང་ཕག་པའི་ཤ་ནི་སྤྱིའི་ཆ་ནས་བཟའ་མཁན་མེད། གོས་ནི་ཕུ་ཐུང་ཡོད་པ་དང་ཐུ་བ་གཡས་གཡོན་སྣོལ་བ་མ་ཟད་སྐ་རགས་བཅིངས་པ་དང་། ལྷམ་ནི་ཀོ་བའི་ལྷམ་དང་བལ་ལྷམ་དང་ཕྱིང་པའི་ལྷམ་ཡོད། ཆོས་ལུགས་གཙོ་བོ་དབྱི་སི་ལན་ཡིན་འདུག་པས་གྲོང་པ་རེའི་ནང་དུ་མཆོད་ཁང་རེ་མཐོང་རྒྱུ་འདུག མཆོད་ཁང་དེ་དག་དབུས་གཅིག་དང་ཕྱོགས་བཞི་ལ་དེ་བས་མཐོ་བ་རེ་བཞེངས་པ་དང་དེ་ལ་ཁྱད་ཆོས་གང་ཡིན་མ་ངེས། ང་ཚོའི་ས་ཆར་དེ་དང་འདྲ་བའི་སྔོན་དུས་བང་སོ་བཞེངས་པ་ཡང་ཡོད།

ཚེས་བཅུ་བཞི་ཉིན་སྔ་མོ་ནས་འཁོར་ཆེན་གྱིས་གནམ་གྲུའི་འབབ་ཐང་དུ་སྐྱེལ་རོགས་བྱས་ཏེ། དེ་ནས་ཟི་ལིང་བར་གནམ་གྲུར་སྐྱོད་པ་དང་། ཟི་ལིང་ནས་འབྱོ་ཤུག་ཐེངས་གཅིག་བྱས་ཏེ་སླར་ཡང་གོང་དཀར་གནམ་ཐང་ལ་འཕུར། གོང་དཀར་ནས་ལྷ་སར་སོང་བས་ཕྱི་དྲོ་ཙམ་ལ་ལྷ་སར་སླེབས་ཤིང་ཉིན་གཅིག་གི་རིང་ལ་ལེ་དབར་སྟོང་ཕྲག་གི་ས་ཆར་བགྲོད་ཐུབ་པ་ནི། དེང་རབས་འཕྲུལ་ཆས་ཀྱི་དྲིན་ཡིན་པ་ལས་གནའ་སྔ་མོ་ཞིག་ལ་མཚོན་ན་ཤིན་ཅང་དུ་ལན་གཅིག་བགྲོད་པ་ནི་མི་ཚེའི་དོན་ཆེན་ལོས་ཡིན་སྙམ་པའི་མོད་ལ་རང་ཁྱིམ་དུ་བདེ་བར་འབྱོར་ན་ཡང་ད་དུང་ལི་ཡུལ་ལྕང་ར་སྨུག་པོའི་སྐོར་ཡིད་ལ་ཡང་ཡང་དྲན་ཞིང་མཆིས།
༢༠༢༥ལོའི་ཟླ༡༡ཚེས༡༥ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号