སྐལ་རྒྱམ་གྱི་ལྷུག་རྩོམ་གསར་པ། ཕུགས་བསམ།

རྩོམ་པ་པོ།:སྐལ་རྒྱམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-07-18 08:26:12 ཀློག་གྲངས།:
ཕུགས་བསམ།
སྐལ་རྒྱམ།

       ཕུགས་བསམ་ནི་མི་ཚེའི་འགྲུལ་བཞུད་རིང་མོའི་ཁྲོད་ཀྱི་ཆེས་མཚར་སྡུག་ལྡན་པའི་ཚོན་མདངས་གསོན་པོ་དེ་ཡིན་ལ། རྣམ་ཤེས་ཀྱི་གཏིང་རིམ་ན་མེ་ལྕེ་བཞིན་མཆེད་ཅིང་རྦ་རླབས་ལྟར་འཕྱོ་བའི་འགྱུར་ཁུག་དེའོ། །ཕུགས་བསམ་ནི་མི་ཚེའི་ལོ་ཟླ་རིང་མོའི་ཁྲོད་ཀྱི་ཆེས་འོད་མདངས་བཀྲ་བའི་སྐར་མ་འོད་ཆེན་དེ་ཡིན་ལ། མཚན་མུན་གྱི་ཟབ་ས་ན་སྒྲོན་མེ་བཞིན་གསལ་ཞིང་གློག་འོད་ལྟར་འཚེར་བའི་ལམ་སྟོན་དེའོ། །ཕུགས་བསམ་ནི་མི་ཚེའི་བརྒྱུད་རིམ་རིང་མོའི་ཁྲོད་ཀྱི་ཕྱོགས་སྟོན་འཁོར་ལོ་དེ་ཡིན་ལ། མདུན་སྐྱོད་ཀྱི་བགྲོད་ལམ་ན་གཏན་ཚིགས་ཀྱིས་འགྲེང་ཞིང་དྲང་བདེན་གྱིས་འཁོར་བའི་ཁ་ཕྱོགས་དེའོ། །
       རེད་ཡ། ང་ཚོ་མི་རེ་རེར་རང་ཉིད་ཀྱི་ཕུགས་བསམ་རེ་ཡོད་ལ། ལ་ལའི་ཕུགས་བསམ་ནི་རྔམ་བརྗིད་ལྡན་པའི་གངས་རི་ལྟར་གཟི་ཤུགས་འབར་ཞིང་། ལ་ལའི་ཕུགས་བསམ་ནི་མུ་མཐའ་བྲལ་བའི་མཚོ་ཆེན་བཞིན་གཞི་རྒྱ་ཆེ། ལ་ལའི་ཕུགས་བསམ་ནི་ཡ་གིའི་སྤང་ཐང་ན་བཞད་པའི་མེ་ཏོག་ལྟར་མཛེས་སྡུག་ལྡན་ལ། ལ་ལའི་ཕུགས་བསམ་ནི་མ་གིའི་གངས་འདབ་ན་ཤག་ཤག་ཏུ་བཞུར་བའི་རྫ་ཆུ་བཞིན་དྭངས་ཤིང་གཙང་། ང་ཚོ་མི་བུ་རེ་རེའི་མི་ཚེའི་སྐྱིད་སྡུག་གི་འཚོ་བར་མངར་སྐྱུར་ཁ་གསུམ་གྱི་རོ་བཅུད་ལྡན་པ་ནང་བཞིན། དེ་དག་རེ་རེའི་ཕུགས་བསམ་དྲོད་མོར་ཡང་དཀར་དམར་ལྗང་སེར་གྱི་ཁ་དོག་མང་བ་ནི་ཆོས་ཉིད་ཡིན་ལགས།
       ཕུགས་བསམ་ནི་ང་ཚོའི་ཚེ་སྲོག་ལ་བརྒྱུས་པའི་རོལ་དབྱངས་ཀྱི་འགྱུར་ཁུག་ཅིག་ཡིན་ཞིང་། ཐོག་མའི་མྱུ་གུ་འབུས་པ་ནས་མཐའ་མའི་འབྲས་བུ་སྨིན་པའི་བར་ཏེ། ཐོག་མཐའ་བར་གསུམ་དུ་ང་ཚོའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་དང་། འགྲུལ་བཞུད་ཀྱི་ཚེ་སྲོག་ལ་བཀྲག་མདངས་སྩོལ་གྱིན་ཡོད་པས། མི་ཚེའི་བཤུལ་ལམ་རིང་མོའི་ཁྲོད་དུ། ང་ཚོས་ཕུགས་བསམ་ལྗང་ཁུ་ཞིག་གི་ས་བོན་སྙིང་དབུས་སུ་བཏབ་པ་ནས། གང་དེའི་མཚར་སྡུག་གི་མྱུ་གུ་ག་འདྲ་ཞིག་གཉོམ་ལག་རྒྱས་པར་དགོས་ངེས་ཀྱི་མཐུན་རྐྱེན་བསྐྲུན་དགོས་ཏེ། དྲོད་གཤེར་གྱི་བཏང་སྙོམས་ནས་ཉི་འོད་ཀྱི་འཇམ་རྩུབ་དང་། ཆུ་ལུད་ཀྱི་འཚོ་བཅུད་ནས་ཚ་གྲང་གི་ཡང་ལྕི། དབྱར་དགུན་གྱི་དྲོ་གྲང་ནས་ཉིན་མཚན་གྱི་གདགས་སྲིབ་བར་དུ་རང་ཉིད་ཀྱི་བུ་ཕྲུག་ནང་བཞིན་གཅེས་སེམས་ཀྱིས་བསྐྱང་དགོས། མིག་འབྲས་བཞིན་འཚོ་དགོས། ལག་ཟུང་གིས་སྐྱོར་དགོས་ཨང་།
       ཡང་གཅིག་བཤད་ན། ཕུགས་བསམ་ནི་ང་ཚོས་མ་འོངས་པར་བཅངས་པའི་རེ་སྨོན་གྱི་དར་ཆ་དེ་ཡིན་ལ། རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཀྱག་ཀྱོག་གི་ལམ་བུ་དེའང་ཡིན་པས། ང་ཚོར་ཕུགས་བསམ་བརྟན་པོ་ཞིག་ཡོད་ན། སྤྱིར་བཏང་གི་འཚོ་བའི་ཁྲོད་ནས་སྤྱིར་བཏང་མ་ཡིན་པའི་དོན་སྙིང་རྟོགས་ཐུབ་ཅིང་། རྒྱུན་ལྡན་གྱི་བྱ་བ་ཙག་ཙིག་ཁྲོད་ནས་བླ་མེད་ཀྱི་དད་སེམས་བརྟན་སྲུང་བྱེད་ཐུབ་པའང་གདོན་མི་ཟ་སྟེ། ཚན་རིག་མཁས་ཅན་ཉིའུ་ཏུན(牛顿)གྱིས་རང་བྱུང་ཁམས་ཀྱི་གསང་བ་ལ་ཡ་མཚན་གྱིས་ཕུགས་བསམ་འཚོལ་ཞིབ་བྱས་པར་བརྟེན། ཀུ་ཤུ་རྡོག་གཅིག་ས་ལ་ལྷུང་བའི་སྐད་ཅིག་མ་དེར་རིག་པའི་ཀློང་བརྡོལ་ནས་ཀུན་ལྡན་འཐེན་ཤུགས(万有引力)ཀྱི་ངེས་སྲོལ་རྟོགས་པས། གནམ་ས་སྒུལ་པའི་ཁྱད་མཚར་ཤུགས་རིག(力学)གི་དུས་རབས་གསར་པ་ཕྱེ་བ་རེད། རོལ་མོ་བ་པའེ་ཏོ་ཧྥུན(贝多芬)ནི་རྣ་བ་འོན་པ་ཞིག་ཡིན་མོད། འོན་ཀྱང་རོལ་དབྱངས་ལ་བཅངས་པའི་དགའ་ཞེན་དང་གསར་རྩོམ་གྱི་ཕུགས་བསམ་ལ་བརྟེན་ནས་མི་སེམས་ལ་གཡོ་འགུལ་ཐེབས་པའི«ལས་དབང་མཉམ་སྒྲོག་རོལ་དབྱངས»གསར་གཏོད་བྱས་པ་ལྟ་བུ་སྟེ། རླབས་ཆེན་གྱི་མི་སྣ་དེ་ཚོའི་མཛད་རྗེས་ལས་ང་ཚོས་ཕུགས་བསམ་ལ་འཛད་མཐའ་མེད་པའི་སྟོབས་ཤུགས་ལྡན་པ་མཐོང་ཐུབ་ལ། ཕུགས་བསམ་གྱིས་མིའི་རིགས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་ཐུབ་པའང་གསལ་འབྱིན་བྱས་ཡོད་ཨང་།
       རེད་ཡ། ཕུགས་བསམ་གྱི་འོད་སྣང་དྲོད་མོས་ང་ཚོའི་མདུན་སྐྱོད་ཀྱི་གོམ་ཁ་རེ་རེར་སྒུལ་ཤུགས་སྩོལ་ཐུབ་ཅིང་། ཕུགས་བསམ་གྱི་སེམས་འདུན་དྲག་པོས་ང་ཚོའི་འཚོལ་སྙེག་གི་རྔུལ་ཁྲག་རེ་རེར་ཁ་དོག་བསྩལ་ཡོང་། ཕུགས་བསམ་གྱི་རལ་གྲི་རྣོན་པོས་ང་ཚོའི་ལུས་སེམས་ཀྱི་ཉོན་མོངས་རེ་རེ་རྨང་ནས་གཅོད་ཐུབ་ཅིང་། ཕུགས་བསམ་གྱི་རྒྱབ་རི་སྨུག་པོས་ང་ཚོའི་སྤོབས་སེམས་ཀྱི་ངར་སྐད་རེ་རེ་བྲག་ཆར་བསྐྱིལ་པས། ང་ཚོས་རང་ཉིད་ལ་དབང་བའི་ཕུགས་བསམ་གྱི་འོད་སྟོང་གོས་སུ་བསྣབས་ཏེ། ཚེ་རབས་འདིའི་མཚར་སྡུག་ལ་འཇའ་ཚོན་གྱི་གུར་ཁང་ཕུབ་དགོས། དུས་རབས་ཀྱི་འཕར་རྩར་འཐམ་དགོས། རླབས་ཆེན་གྱི་གྲུབ་འབྲས་གཏོད་དགོས་ཡ།
       ཡང་གཅིག་བཤད་ན། ཕུགས་བསམ་ནི་མིའི་རིགས་ཀྱི་ཚེ་སྲོག་གི་བདེ་ཐང་ལ་རེ་འདུན་གྱི་འོད་སྣང་འདྲེན་པའི་གོས་དཀར་སྨན་པ་ཞིག་གམ། བྱིས་པ་ཚོའི་རྣམ་ཤེས་ཀྱི་གཤོག་ཟུང་ལ་ཤེས་རིག་གི་རྒྱགས་ཕྱེ་སྩོལ་བའི་བཤེས་བསྙེན་དམ་པ་ཞིག ཡང་ན་ཕུགས་བསམ་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚན་རིག་མཁས་ཅན་ཞིག་གམ། ཕ་ཡུལ་གྱི་རི་ཆུ་དང་སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་ཞིང་འབྲོག་མང་ཚོགས་གང་རུང་ཞིག་སྟེ། ཕུགས་བསམ་ལ་ཆེ་ཆུང་གི་ཁྱད་པར་མེད་ལ། བཟང་ངན་གྱི་དབྱེ་འབྱེད་ནི་དེ་བས་ཀྱང་བྱེད་ག་ལ་རུང་སྟེ། དུས་རབས་འདིའི་གྲུ་ཟུར་རེ་ན་རང་ཅག་མི་བུ་རེ་རེའི་ཕུགས་བསམ་གྱི་འདབ་མ་རེ་རེ་ནི་འཛུམ་གྱི་ལེར་བཞད་ཅིང་སྣུམ་ཤིག་གེར་མཛེས་པས། དེ་དག་རེ་རེ་ལ་རེ་རེའི་རིན་ཐང་དང་དགེ་མཚན་ལྡན་ལ། རྒྱལ་ཁབ་ཅིག་གི་འཕེལ་རྒྱས་དང་མི་རིགས་ཤིག་གི་དར་རྒུད་ལ་གསོན་ཤུགས་སྩོལ་པའི་གྲུབ་ཆ་རེ་རེའང་ག་ལ་མིན།
       ཞོགས་དུས་སུ་རྒྱང་ལྟ་བྱེད་སྐབས། ཕུགས་བསམ་ནི་དུད་སྤྲིན་གྱ་མ་གྱུ་ཞིག་གི་སེང་རས་ཀྱིས་གཡོགས་པའི་མུ་མེད་ཀྱི་རྩྭ་ཐང་དེ་ཡིན་ལ། ནེམ་ལྗང་གི་སྤང་ཐང་ལ་གཡང་དཀར་དང་ནོར་ནག་གི་རྡེའུ་བཀྲམ་སྟེ། ཉིན་གཅིག་གི་འཚོ་བའི་དབུ་ཁྱུད་དེ་སྦྲ་ནག་དང་གཙང་འགྲམ་གྱི་ཟ་ཟུར་དུ་བྲི་བའི་བསམ་གཞིག་གི་སྒོ་མོ་ཞིག་གོ ། སྲོད་དུས་སུ་ཕྱི་མིག་བལྟས་ཚེ། ཕུགས་བསམ་ནི་གཡའ་དག་པའི་ནམ་འཁར་གཤོག་ཟུང་བཞིན་བརྐྱངས་པའི་མཚམས་སྤྲིན་དེ་ཡིན་ལ། སྙན་ངག་བཞིན་མཛེས་པའི་སྲ་སྲོད་ཀྱི་མཚར་སྡུག་གི་རྒྱབ་རོལ་ན། ང་ཚོའི་ཉིན་གཅིག་གི་དགའ་སྤྲོ་དང་མིག་ཆུ་གྲངས་མེད་འདུས་ཤིང་། ཕུགས་བསམ་དང་དངོས་ཡོད་ཀྱི་བར་ནས་རི་གླུ་བཞིན་དབྱངས་སུ་གྱེར་པའི་ཚེ་སྲོག་གི་དབྱངས་རྟ་ཚོར་ལ། རྒྱལ་ཕམ་གྱི་རྔམ་ཁའི་ཁྲོད་ཀྱི་འུ་ཐུག་པའི་འཁུན་སྒྲ་དེའང་ཐོས་འོང་བ་ལ་ཨང་།
       ཕུགས་བསམ་ནི་རྩོལ་མེད་ལྷུན་གྱིས་གྲུབ་ཡོང་བའི་འདོད་འཇོའི་བུམ་བཟང་ཞིག་གཏན་ནས་མ་ཡིན་ཏེ། དེ་ཉིད་འཚོལ་སྙེག་གི་བརྒྱུད་རིམ་ནི་དཀའ་ཁག་དང་བར་ཆད་ཀྱིས་ཁེངས་པའི་གྲོག་རོང་གི་ལམ་ཕྲན་དང་འདྲ་སྲིད་ཀྱང་། ང་ཚོས་ཀྱག་ཀྱོག་གི་དཀའ་སྡུག་རེ་རེ་ནི་ཕུགས་བསམ་ལ་གཤོག་པ་སྩོལ་པའི་སྒུལ་ཤུགས་ཡིན་པ་རྟོགས་དགོས་ལ། བཞུད་ལམ་གྱི་རྔུལ་ཆུ་རེ་རེ་ནི་འཚར་ལོངས་དང་རྒྱལ་ཁའི་འོད་སྣང་ཡིན་པའང་ངེས་དགོས། ཕུགས་བསམ་ནི་ལེ་ལོ་དང་རྣམ་གཡེང་གི་རྩེད་མཚར་ཁྲོད་རང་བཞིན་གྱིས་གསལ་ཡོང་བའི་བཅོ་ལྔའི་དུང་ཟླ་དེ་ཡེ་ནས་མ་ཡིན་ཏེ། དེ་ཉིད་དོན་གཉེར་གྱི་གོ་རིམ་ནི་གཉིད་ཆག་ཟས་བརྗེད་ཀྱི་ལོ་ཟླ་གྲངས་མེད་ཅིག་ཡིན་སྲིད་དེ། ཞོགས་པའི་ཉི་ཟེར་དང་པོ་ནི་རང་གི་གཏན་གྲོགས་ཡིན་པའི་ཆོད་སེམས་ཡོད་དགོས་ལ། མཚན་མོའི་སྐར་ཚོགས་རེ་རེ་ནི་རང་གི་དཔུང་གྲོགས་ཡིན་པའི་བརྩོན་སེམས་ཀྱང་ཡོད་དགོས་ཨང་།
       ང་ཚོས་ཤེས་གསལ་ལྟར། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཕུགས་བསམ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་གྱི་མི་སྣ་རླབས་ཆེན་ནི་མང་པོ་བྱུང་མྱོང་ལ། དེ་དག་ལས་ལ་ལ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་དར་རྒུད་ལ་མི་ཚེ་ཡི་འདུན་མ་བཅོལ་མཁན་དེ་ཡིན་ཞིང་། ལ་ལ་ནི་དྲང་བདེན་དང་སྤྱི་ཕན་གྱི་བྱ་གཞག་བླ་རུ་བཀུར་པའི་དེད་དཔོན་འབའ་ཞིག་གོ །ལ་ལ་ནི་ལས་འབྲས་ཀྱི་རྣམ་གཞག་སྲོག་ལྟར་བརྩི་བའི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་དེ་ཡིན་ཞིང་། ལ་ལ་ནི་མི་འགྱུར་དམ་ཚིག་གི་རང་བཞིན་བྲག་ལྟར་སྲ་བའི་སྲིད་པ་རྒད་པོ་དེ་ཡིན་ལགས། དེར་བརྟེན། རི་རབ་ལས་བརྟན་པའི་ཕུགས་བསམ་གྱིས་གང་དེའི་ཞུམ་པ་མེད་པའི་སྙིང་སྟོབས་དང་དཔའ་ངར་དེ་སྔོག་ཐུབ་ཅིང་། བདེན་ལུགས་ལ་བཅོལ་བའི་རང་གཤིས་ཀྱིས་གང་དེའི་རྒྱུ་འབྲས་དང་ཡིད་ཆེས་ལ་གསོན་ཤུགས་བསྩལ་ཡོང་ཨང་།
༡༠
       མདོར་ན། བྱིས་པའི་དུས་སུ་ཕུགས་བསམ་ནི་ཕ་གིའི་རི་རྩེ་རུ་ཁ་དོག་སྣ་ལྔའི་སྒོར་ཁྱིམ་དུ་ཕུབ་པའི་འཇའ་ཚོན་དེ་ཡིན་ལ། འཇའ་གུར་དེའི་མཛེས་སྡུག་དང་ཁ་དོག་ཕང་བར་ཉར་ཆེད། རྨི་ལམ་ལྟ་བའི་འཆར་ཡན་ལ་གཤོག་པ་བསྩལ་མྱོང་ལ། སྨུག་རྒྱུ་ལྟ་བའི་མཐོང་སྣང་ལ་རེ་བཞག་ཀྱང་བཅོལ་མྱོང་། གཞོན་པའི་དུས་སུ་ཕུགས་བསམ་ནི་རྒྱ་མཚོ་ཡི་རྦ་རླབས་གཤགས་པའི་གཡོར་གྲུ་དེ་ཡིན་ལ། ཀྱག་ཀྱོག་དང་དཀའ་ཁག་ཇི་འདྲ་ཆེ་ཡང་གཡོར་མོ་དེ་ཐང་དུ་འགྱེལ་མ་མྱོང་ལ། མཚོ་ཆེན་གྱི་ཕ་མཐར་མཚར་སྡུག་གི་རྨི་ལམ་ཡོད་པར་ཡང་ཡིད་ཆེས་བརྟན། དར་མའི་དུས་སུ་ཕུགས་བསམ་ནི་མི་ཚེའི་དགའ་སྐྱོ་ཆགས་སྡང་གི་ཕ་མཐར་བཙུགས་པའི་དམིགས་འབེན་དེ་ཡིན་ལ། དམིགས་འབེན་རབ་རིབ་དེའི་བསླུ་བྲིད་འོག་ཏུ། ཉིན་མཚན་དུས་དྲུག་ལ་གྲོག་མ་མིག་མེད་བཞིན་འདུར་རྒྱུག་བྱས་མྱོང་ལ། ས་འབུ་ནག་རིང་ལྟར་གོག་བགྲོད་བྱས་པའང་ཐེངས་གཅིག་ག་ལ་ཡིན། རྒན་པའི་དུས་སུ་ཕུགས་བསམ་ནི་ཉི་འོད་དྲོད་འཇམ་ཞིག་གི་ཐུ་འོག་གི་ཕྱིར་དྲན་ཐན་ཐུན་དེ་ཡིན་ལ། འདས་སོང་གི་ལོ་ཟླ་རེ་རེ་ཕྲེང་རྡོག་ཏུ་འདྲེན་ཞོར། ཐོབ་ཤོར་གྱི་འཚོ་བའི་མངར་སྐྱུར་ལ་བསྐྱར་ཞིབ་བྱེད་པའི་གོ་རིམ་ཞིག་གོ །

རྩོམ་ཁུངས། ༢༠༢༥ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།