འགྱུར་མེད་རབ་བརྟན་གྱིས་བསྒྱུར་བའི་ལུག་ཚེ་ཐར་ཞེས་པའི་བརྩམས་སྒྲུང་།

རྩོམ་པ་པོ།:འགྱུར་མེད་རབ་བརྟན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-08-22 11:16:00 ཀློག་གྲངས།:
  དུས་ཀྱི་འགྲོས་དང་བསྟུན་ནས་རྟ་བདུན་དབང་བོ་ཆུ་ལྷའི་ཕང་བར་ཡིབས།   ང་སྔོན་ལ་སོང་ནས་ཁྱོད་ལ་གཟན་ཆས་ཉོས།   བར་སྐོར་ནས་ཁ་ཆེའི་ལྷ་ཁང་ཡོད་པའི་ལམ་ཕྲན་དུ་ཐད་ཀར་ཕྱིན།   མཚན་མོ་དེ་རུ་སི་ཁྲོན་པ་མང་བོས་སྔོ་ལྡུམ་སྣ་ཚོགས་བཤམས་ཡོད་པས།   ངས་སྔོ་ཚོད་བཙོང་ས་ནས་པད་ཚལ་རྒྱ་མ་བཅུ་ཉོས་ཤིང༌།   ད་དུང་ལྡུམ་བུའི་ལོ་མ་དག་བསླངས་ནས་ནང་དུ་ལོག་རྗེས་གཏུབས་ཏེ་ཁྱོད་ལ་བྱིན་པ་ཡིན།   ཁྱོད་ཀྱིས་མགོ་བོ་སྒུར་ཞིང་ཁམ་གང་ཁམ་གང་གིས་སྔོ་ལྡུམ་བལྡད་དུས་ཅི་འདྲར་སྙིང་རྗེ་བ་ལ་ཨང༌།   ལན་རེར་ཁྱོད་ཀྱི་དྭངས་གསལ་གྱི་མིག་ཟུང་གིས་ང་ལ་ལྟ་བར་བྱེད།   ད་ལྟ་ཁྱོད་ཀྱི་མིག་མདངས་ལ་དལ་ཉམས་ཤིག་ཆགས་ཡོད།   ཡིན་ནའང་སྐབས་རེར་ཐེ་ཚོམ་དང་འཇིགས་སྣང་ཡང་འཚེར་གྱིན་འདུག ང་ཡིད་སེམས་ཞེ་དྲགས་ཚིམས་པས་ཁྱོད་ལ་བལྟས་ནས་གད་མོ་བགད།   ང་ཁྱོད་ཀྱི་བལ་དཀར་དང་སྤྱང་གྲུང་ལྡན་པའི་མིག་ཟུང་ལ་དགའ་ལུག་ཁྱོད་ཡ།   ཁྱོད་ཀྱི་སླད་དུ་ང་དེ་རིང་ཕྱི་དྲོ་ཆང་བཏུང་བར་འགྲོ་རྒྱུའང་བརྗེད་སོང༌།   ཨེ།   ཕྱི་དྲོ་འདི་མིག་འབྱེད་འཛུམ་གྱི་བར་ནས་འདས་སོང༌།   ནམ་རྒྱུན་ཡིན་ན་དུས་ཚོད་ནི་རིང་དྲགས་པས་ངས་ཅི་ཞིག་བྱེད་དགོས་པའང་མི་ཤེས།   མཚན་མོ་དེར།   ངས་གཉིད་སྐྱིད་པོ་ཞིག་ཁུགས་མ་སོང༌།   ངས་སེམས་ལ་ཁྱོད་བཏེགས་པས་གཉིད་ཐེངས་གསུམ་ལ་སད་བྱུང༌།   སད་ཐེངས་རེར་ངས་སྒོ་ཕྱེ་ནས་ཁྱོད་ལ་ཐེངས་རེར་བལྟས།   ལྟ་ཐེངས་རེར་ཁྱོད་ཀྱི་ལུས་པོ་ནང་དུ་བཀུག་ཅིང་མགོ་བོ་བྲང་འོག་ལ་བཞག་ནས་གཉིད་འདུག་པས།   མི་ལ་སྙིང་ཉེ་བའི་ཚོར་བ་ཞིག་དབང་མེད་དུ་སྦྱིན་པར་བྱེད།   བཟང་མོའི་ཉལ་སྟངས་ཀྱང་ཁྱོད་དང་འདྲ་བོ་འདུག ཁྱོད་གཉིས་ཅི་འདྲའི་འདྲ་བ་ལ།   ང་ཁྱོད་ཀྱི་གན་དུ་བསྡད་ནས་ཡུན་རིང་ཁྱོད་ལ་བལྟས་པས་སེམས་ལ་དྲོད་ཁོལ་ཞིག་འཁྱིལ།   གཉིད་ལས་སད་དུས།   བཞི་སྐོར་གྱི་ལྷས་རར་མི་འགའ་རེ་ཕར་འགྲོ་ཚུར་འོང་བྱས་འདུག ད་དུང་སློབ་གྲྭར་འགྲོ་བའི་བྱིས་པ་དག་གི་འུར་སྒྲའང་གོ་ཡོང༌།   
  ང་གཉིད་ལ་ཤོར་སོང་བས་བྲེལ་ཚུབ་ཀྱིས་ཡར་ལངས་པ་ཡིན།  
  ངས་འདོགས་ཐག་གྲོལ་ནས་ཁྱོད་ཁྲིད་དེ་གླིང་སྐོར་ལ་འགྲོ་བསམས་དུས།   ཁྱོད་ཀྱིས་འབའ་སྒྲ་སྒྲོག་ཞོར་རྨིག་བཞི་ས་ལ་གཏད་དེ་ཕྱིར་བཀྱེད་ནས་བསྡད་སོང༌།   སྒོ་རའི་དཀྱིལ་དུ་ཆུ་ལེན་དུ་ཡོང་བའི་ཁྱིམ་མཚེས་དག་གིས་ཚུལ་དེ་མཐོང་བས་ང་ལ་ཁྱོད་འཕུད་རོགས་བྱས།   ཁྱོད་ཀྱི་ཨུ་ཚུགས་ཀྱིས་ང་ཚོས་འཕུད་འདེད་མ་ཐུབ་པས་ངའི་རྗེས་སུ་འགྲོ་དགོས་བྱུང༌།   ངེད་གཉིས་ལམ་ཕྲན་བརྒྱུད་ནས་སྐྱིད་ཆུའི་འགྲམ་དུ་བསླེབས།   དྭངས་གཙང་གི་གཙང་ཆུ་ལམ་གང་བོར་ངེད་གཉིས་ལ་འགྲོགས་ཤིང༌།   བསིལ་རླུང་གིས་ལོ་ཟླའི་རི་མོ་བཀོད་པའི་ངའི་སྐྲ་དཀར་དལ་གྱིས་བསྒུལ།   ལྕགས་པོ་རི་བརྒལ་དུས་ཁྱོད་ཀྱིས་ཡང་བསྐྱར་ཨུ་ཚུགས་བརྒྱབ་ནས་རི་གཟར་ལ་མི་འགོ་བས།   སྐོར་བར་འགྲོ་མཁན་འགས་ཁྱོད་ཀྱི་གཞུག་ནས་འཕུད་འདེད་བྱས་ཤིང་ངས་མདུན་ནས་འཐེན།   དེ་ལྟར་ཕར་ཚུར་ལ་འཐེན་རེས་ཡུད་ཙམ་བྱས་པར།   ངའི་ལུས་ཡོངས་རྔུལ་ཆུས་བརླན་པས་ཁྱོད་ཀྱིས་ངའི་སྟོབས་ཤུགས་ཡོད་དགུ་ཟད་པར་བྱས་སོང༌།   ངལ་དུབ་ཀྱིས་མནར་པའི་ངས་ཁྲོ་ཉམས་ཀྱིས“ཁྱོད་ཀྱིས་མུ་མཐུད་འདི་ལྟར་བྱེད་ན།   ངས་ཁྱོད་ཀན་སུའུ་པ་དེ་ཡོད་སར་བསྐྱལ་ངེས”ཞེས་སྨྲས།  ཁྱོད་ཀྱི་མིག་ནང་དུ་སྔངས་སྐྲག་གི་འོད་མདང་ཞིག་འཁྱུག་པས་མགོ་བོ་སྒུར་ནས་ང་ལ་མི་ལྟ།   “ད་མ་འཚུབ།   ཁྱོད་ཀྱིས་ཐེངས་དང་པོར་ཁོ་ཁྲིད་ནས་སྐོར་བར་ཡོང་བ་ཡིན་པས།   སྐྲག་པ་ཡིན་རྒྱུ་རེད། ”“ ཁོ་ལ་ངལ་ཏོག་ཙམ་གསོ་རུ་ཆུགས་དང༌།   ང་ཚོས་ཁྱོད་ལ་རོགས་བྱེད།   ”“ལྟོས་དང༌།   ཁོ་སྐྲག་གིན་འདུག ལུས་པོ་བར་མེད་དུ་འདར་གྱིན་མཆིས། ” མི་བདུན་བརྒྱད་ཅིག་གིས་བསྐོར་ཡོང་ནས་ཁོད་དོག་པའི་ལམ་བུའི་གཞིར་གཏམ་གླེང་བྱས་སོང༌།   དར་ལྕོག་བསིལ་རླུང་ཁྲོད་དུ་དལ་མོར་གཡོས་པས་ཐག་སྒྲ་གསལ་ལ་མི་གསལ་བ་ཞིག་གྲག་བཞིན་འདུག་ལ།   མ་ཎི་རྐོ་མཁན་དེ་ལམ་འགྲམ་གྱི་ཕ་རོལ་ཏུ་སྐྱིལ་ཀྲུང་ལ་བཞུགས་ཏེ་རྡོ་ལེབ་ཐོག་མ་ཎི་ཡིག་དྲུག་རྐོ་བའི་ཏིང་ཏིང་གི་སྒྲ་བར་མེད་གྲག་རྒད་མོ་ཞིག་གིས་རང་གི་ལྟོ་ཕད་ནས་བརྫིས་ཟིན་པའི་རྩམ་རྡོག་ཅིག་ཁྱོད་ཀྱི་མཆུ་འགྲམ་དུ་གཏད།   ཁྱོད་ཀྱི་སྣ་ཆུས་བརླན་པའི་སྣ་ཁུང་ལྷེམ་ལྷེམ་འགུལ་གྱིན་ལྕེ་བསྲིངས་ནས་རྩམ་པ་བལྡགས་བྱུང༌།   “སྙིང་རྗེ་བའི་ལུག ཁྱོད་ནི་ཚེ་ཐར་ཡིན་པས།   སུས་ཀྱང་ཁྱོད་ལ་གནོད་པ་བྱེད་མི་སྲིད་པས།   སྐྲག་སྣང་ཡོད་དགོས་པ་མ་རེད། ” རྒད་མོས་དེ་ལྟར་འཆད་ཞོར་ཁྱོད་ཀྱི་མགོ་ལ་བྱིལ་བྱིལ་བྱས་ཤིང༌།   ལག་ཡང་མོས་ཁྱོད་ཀྱི་སྒལ་གཞུང་བརྡུངས་ཏེ་སྐུལ་ལྕག་བྱས་པ་ལ།   ཁྱོད་དྲང་མོར་རི་གཟར་ལ་འགོས་བྱུང་བས།   ངས་མྱུར་མོར་འདོགས་ཐག་བཟུང་ནས་ཁྱོད་མདུན་དུ་“ཁྲིད།   མཐུད་ནས་དད་ལྡན་པ་དག་གེས་ཁ་ཏོན་འདོན་པའི་སྒྲ་ངའི་རྒྱབ་ཕྱོགས་ནས་དི་རི་རི་གྲག་བྱུང༌།
  ཅང་མ་འགོར་པར་ང་ཚོ་མཚམས་གཅོད་ཇ་ཁང་ལ་བསླེབས།   ངས་ཁྱོད་སྒོ་འགྲམ་དུ་བཏགས་རྗེས་ཞབས་ཞུ་མར་ཁྱོད་ལ་ཚལ་ལོ་འགའ་སྟེར་དུ་བཅུག་པ་ཡིན།   མོ་ཚོས་གཡོས་ཁང་ལས་ཚལ་ལོ་དག་ཁྱེར་ནས་ཁྱོད་ལ་བཟའ་རུ་བཅུག   ཞབས་ཞུ་མ་ཞིག་ནང་དུ་བརྒྱུགས་ཡོང་ནས་ང་ལ“ལུག་འདི་ཚེ་ཐར་ལ་གཏང་རྒྱུ་ཡིན་ནམ”ཞེས་དྲིས་བྱུང༌།   དེར་ངས“ལུག་ཚེ་ཐར་ཡིན”ཅེས་ལན་བཏབ།   “དེས་ན་ཁྱོད་ཀྱིས་དེའི་རྣ་དབུག་པའམ་ཡང་ན་རྒྱབ་ལ་ཚོན་བྱུགས་དགོས་རྒྱུ་རེད།  ཞབས་ཞུ་མས་ཡང་བསྐྱར་བཤད་བྱུང༌།   ངས“དེ་དག་ཁོ་བོས་ཤེས་ཡོད།   ཡིན་ཀྱང་ལུག་འདི་ཉོས་ནས་ཅང་འགོར་མེད་ལ།   ཡང་གཅིག་བཤད་ན་ངས་རྣ་འབིགས་ཤེས་ཀྱི་མེད”ཅེས་བཤད། “ སང་ཉིན་ཁྱོད་ཀྱིས་ཁྲིད་ཤོག་དང༌།   ངས་རྣ་དབུག་ཆོག”བགྲེས་པོ་ཞིག་གིས་སྐད་ཆ་དེ་བར་དུ་འཚངས་ནས་བཤད་བྱུང༌།   ཁོའི་དུང་མདོག་ཀི་སྨ་ར་བྲང་ཁར་བསླེབས་ཡོད་ཅིང་ལུས་སུ་སྣམ་བུའི་ཕྱུ་པ་ཞིག་གྱོན་འདུག“དེས་ན་ཡག་པོ་བྱུང་སོང༌།   ཐུགས་རྗེ་ཆེ། ” ངས་ཁོ་ལ་བཀའ་དྲིན་ཞུ་ བའི་རྣམ་འགྱུར་བསྟན་པ་ཡིན།   ཁོས་གསུངས་པ་ལྟར་ན་ལུག་གི་རྣ་འབིགས་པའི་ཐད་ཁོ་ལ་ལག་རྩལ་ཆེན་པོ་ཡོད་པར་བརྟེན།   ལུག་དེར་ཚ་བའི་ཚོར་བ་ཡེ་ནས་འབྱུང་མི་སྲིད་པར་བཤད་ལ།   རང་ཉིད་རང་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པས་ངས་སེམས་ལྡབ་འགྱུར་གྱིས་ཇེ་བདེར་བུད་སོང༌།   “ཁྱེད་ཀྱི་ལྟོ་ཕད་ང་ལ་སྤྲོད་དང༌།   ངས་ཁྱོད་ལ་ཚལ་ལོ་ཅུང་ཙམ་བསྡུས་ཆོག”ཞབས་ཞུ་མས་དེ་ལྟར་སྨྲ་བཞིན་ངའི་ལྟོ་ཕད་ཁུར་ནས་བུད་སོང༌།
  ངས་གང་ནས་རིལ་བོར་ཆགས་པའི་རས་ཀྱི་ལྟོ་ཕད་ཁུར་ཅིང་ཁྱོད་ཁྲིད་ནས་རྒྱ་སྟག་ར་མོ་ཆེའི་སྒོ་ཁ་བརྒྱུད་ནས་སོང༌།   སྲང་ལམ་གཡས་གཡོན་གྱི་ཚོང་ཁང་དག་གི་སྒོ་ཕྱེ་ནས་ཚོང་གཉེར་གྱིན་འདུག་གླུ་སྒྲ་འདྲེས་མ་སྣ་ཚོགས་མཁའ་ལ་མཆེད་ཅིང་སྐབས་རེར་རིན་གོང་གཅོག་པའི་འབོད་སྒྲའང་ཐོས་འོང༌།   ངས་གློ་བུར་ཁྱོད་ར་མོ་ཆེའི་ནང་དུ་ཁྲིད་དེ་ཇོ་བོ་མི་བསྐྱོད་རྡོ་རྗེར་མཇལ་དུ་བཅུག་ཐོག སྐྱེ་བ་ཕྱི་མར་ངན་སོང་ལ་མི་སྐྱེ་བར་བདེ་འགྲོར་སྐྱེ་བའི་སྨོན་ལམ་རྒྱག་འདོད་བྱུང༌།   ང་ཚོ་བསང་དུད་འཁྲུག་པོ་བརྒྱུད་ནས་ར་མོ་ཆེའི་སྒོ་ཆེན་ནང་བསླེབས་དུས།   ཁྱོད་ཀྱིས་ཡ་མཚན་གྱི་མིག་ཟུང་ཅེར་ནས་ཕྱོགས་སུ་ལྟ་བར་བྱེད།   གྲྭ་བཙུན་ཞིག་གིས་ངེད་གཉིས་བཀག་སྟེ་ཁྱོད་ལྷ་ཁང་ནང་དུ་འགྲོ་རུ་མ་བཅུག་སྟེ།   རྒྱུ་མཚན་ནི་ཁྱོད་ཀྱིས་ལྷ་ཁང་བཙོག་པར་བཟོ་བར་གསུངས།   ངས་ཁྱོད་ནི་ཁ་སང་སོ་མ་ཉོས་པ་དང་ཚེ་ཐར་དུ་གཏང་རྒྱུ་ཡིན་ཅེས་རེ་བ་ནན་ཞུ་བགྱིས་པས་ད་བཟོད་འགྲོ་ཐུབ་པ་བྱུང༌།   ངས་ཁྱོད་ལ་བློ་རྩེ་གཅིག་གིས་ལྷ་ལ་མཇལ་ཞིང་གསོལ་འདེབས་བགྱི་དགོས་ཚུལ་གསལ་འདེབས་བྱས།   ཁྱོད་ནི་ཤིན་ཏུ་མོས་པའི་ངང་ངའི་རྗེས་སུ་འབྲངས།   ཁྱོད་ཀྱི་མིག་ཟུང་གིས་བྱམས་སེམས་ཀྱིས་ཕྱུག་པའི་ལྷ་སྐུ་དང་འཇིགས་ཉམས་ཀྱིས་ཁེངས་པའི་ཆོས་སྐྱོང་སྲུང་མ་དག་ལ་ལྟ་བཞིན་མཆིས།   ལུས་པོ་ཅུང་ཙམ་སྒུར་བ་དང་གོམ་སྟབས་ཡང་མོར་བྱེད་པ་སོགས་སྤ་བཀོང་བའི་དད་ཉམས་ཤིག་ཀྱང་ཕྱིར་མངོན་བྱུང༌།   ངས་ཁྱོད་ཀྱི་མིག་མདངས་ལས་ཁྱོད་ནི་ཤེས་པ་གསལ་བའི་ལུག་ཅིག་ཡིན་པ་ཚོར་བྱུང༌།   ཁྱོད་ང་དང་འགྲོགས་ནས་དང་པོར་དགེ་བ་ཆུང་གསོག་བྱས་ཏེ།   མཐར་དགེ་རྩ་ཆེན་པོར་གྱུར་ཏེ་ཁྱོད་ལ་འབྲས་བུ་བཟང་བོ་འབྱུང་བར་ངེས།
  འུ་གཉིས་ར་མོ་ཆེའི་ལྷས་སྐོར་ནང་བསྡད་དེ་ཉི་འོད་ལ་འདེ་ནས་ངལ་གསོས།   མཁའ་དབུགས་ནང་བསང་དུད་དང་མར་དྲི་ཁྱབ་ཅིང༌།   ལན་རེར་ལྷ་རྔ་དལ་མོ་རེ་གྲག་ཡོང་བ་དག་གིས།   ངེད་གཉིས་ཀྱི་སེམས་ཟང་ཟིང་དང་བྲལ་ནས་ལྷོད་འཇགས་སུ་བཟོས།   ངས་ཁྱོད་ལ“ཁྱོད་ཚོ་ལུག་ཚང་མ་ཡག་པོ་ཤ་སྟག་རེད།   ཤེས་སམ།   རྒྱལ་པོ་སྲོང་བཙན་སྒམ་པོས་གཙུག་ལག་ཁང་གསར་བཞེང་གནང་སྐབས།   ར་མས་ས་ཁུར་ནས་མཚོ་བསུབས་ཏེ་མཛད་རྗེས་རླབས་ཆེན་བཞག་པ་ཡིན།   དེང་སང་བར་གཙུག་ལག་ཁང་དུ་ར་མའི་གཟུགས་བརྙན་བསླངས་ནས་བསྟོད་ཡུལ་དུ་བཀུར་ཡོད”ཅེས་ལབ།   ཁྱོད་ཀྱིས་ངའི་སྐད་ཆར་ཉན་རྗེས་མ་ནེ་ངའི་པུས་ཐོག་ལ་བཞག་བྱུང༌།   ངས་མཛུབ་གུས་ཁྱོད་ཀྱི་མ་ནེ་ལ་ཕུར་ཕུར་བྱེད་དུས།   ཁྱོད་ནི་སྤྲོ་སྣང་གིས་ཁེངས་ཏེ་མིག་ཟུང་བཙུམས་པར་བྱས་སོང༌།   ཁྱོད་ཀྱི་ལུས་པོ་བཙོག་པས་བལ་མདོག་ནག་པོར་གྱུར་འདུག་ཚུལ་ངས་ཤེས་ཡོད།   ངེད་གཉིས་ནང་དུ་ལོག་རྗེས་ངས་ཁྱོད་ལ་ཁྲུས་བགྱི་ངེས།
  ཁྱོད་ནི་རང་འབབ་ཆུའི་སྦུ་གུའི་འོག་ཏུ་སྙིང་རྗེ་བོའི་ངང་ལངས་འདུག   དྭངས་གཙང་གི་ཆུ་རྒྱུན་ཁྱོད་ཀྱི་རྒལ་གཞུང་ནས་ཐོར་ཏེ།   མུ་ཏིག་གི་དོ་ཤལ་འགྲིལ་བ་ལྟར་ཆུ་སྙིགས་སྦུ་གུའི་ནང་དུ་བཞུར་འགྲོ།   ངས་རྐང་རྗེན་དུ་ཁྱོད་ཀྱི་རྒྱབ་ལ་འདག་རྫས་བྱུགས་ཤིང༌།   སོར་མོ་བཅུས་ཁྱོད་ཀྱི་སྐེ་ནས་ལྟོ་བའི་བར་བྱིལ་བྱིལ་བཏང་བ་ལ།   ཁྱོད་ཀྱི་བདེ་སྐྱིད་ཀྱི་ཚོར་བ་དེ་ངའི་མཛུབ་གུས་མྱོང་ཐུབ།   ཆུ་སྒོ་ཡང་བསྐྱར་ཕྱེ་རྗེས་དངུལ་དཀར་གྱི་ཆུ་རྒྱུན་བལ་སྤུ་བརྒྱུད་དེ་འབབ་དུས་ཤིན་ཏུ་རྙོག་པོར་གྱུར་ཡོད།   ངས་ཡང་བསྐྱར་འདག་རྫས་བྱུགས་ཤིང་ཡང་བསྐྱར་ཆུ་བཤལ་བགྱིས་པས།   ཁྱོད་ནི་དཀར་པོ་མཁའ་ནས་བབས་པའི་ཁ་བ་དང་གཉིས་སུ་མེད་པས་ངའི་མིག་ལ་གཟན་པ་བྱུང༌།   ཨེ།   ལོ་བཅུ་ལྷག་གི་སྔོན་དུ་བཟང་མོ་བདེ་ཐང་ཡིན་དུས།   ངས་འདི་ལྟར་བཟང་མོའི་དབུ་སྐྲ་བཀྲུས་པ་ཡིན།   བཟང་མོའི་དུང་མདོག་གི་མགྲིན་པ་ཡང་ཉི་འོད་འོག་ཏུ་འདི་ལྟར་མིག་ལ་འཚེར།   སྤྲོ་སྣང་ལྡན་པའི་ལོ་ཟླ་དེ་དག་ངའི་དྲན་འཛིན་གྱི་མཁའ་རུ་སྤྲིན་པ་རླུང་གིས་དེད་པ་ལྟར་ཡལ་ནས་ཡུན་རིང་འདས།   བར་དེར།   ངས་སླར་ཡང་སྤྲོ་སྣང་གི་འཚོ་བ་དེ་རྙེད་སོང་བ་འདྲ།   འུ་གཉིས་རང་ཁྱིམ་གྱི་ཁྱམས་རའི་འོག་ཏུ་བསྡད་དེ་ངས་སོ་མང་གིས་ཁྱོད་ཀྱི་བལ་ལེགས་པར་ཤད།   ཁྱོད་ཀྱི་ལུས་པོ་བདག་ལ་གླན་ཞིང་མགོ་བོས་ངའི་བྲང་ཁ་ཕུར་ཕུར་བྱེད།   ཁྱོད་ཀྱི་རྭ་ཅོ་གུག་པོས་ངའི་སྐམ་རིད་ཀྱི་བྲང་ཁ་ན་བར་བྱས་པས་མྱུར་དུ་འགོག་དགོས་བྱུང༌།   ང་ཁྱིམ་དུ་ལོག་ནས་འབྲི་མར་བླངས་ཏེ་ཁྱོད་ཀྱི་རྭ་ཅོའི་སྟེང་བསྐུས་པས།   རྭ་ཐོག་གི་གཉེར་རིས་ཇེ་གསལ་ནས་ཇེ་གསལ་དུ་གྱུར་འགྲོ།   ཁྱོད་ཡོད་པས་ངའི་འཚོ་བར་རེ་བ་དང་ཞེན་ཆགས་ཡོད་པར་གྱུར་ལ་མི་ཁོམ་པའི་སྣང་བའང་བྱིན་པ་དང༌།   བཟང་མོའི་བྱ་སྤྱོད་མང་བོ་ཞིག་ཀྱང་གསལ་ལྷང་ངེར་ངའི་དྲན་འཛིན་གྱི་མེ་ལོང་དུ་ཤར་པར་བགྱིས།   ད་ལྟ་ངས་སྔོན་ཆད་དང་འདྲ་བར་ཉིན་རྒྱུན་ཕྱི་དྲོ་ཆང་ཁང་ནས་ར་བཟི་སྟེ་རྣམ་ཤེས་ཤོར་པ་ལྟ་བུ་བྱེད་མི་རུང༌།   ངས་ཁྱོད་བསམ་དགོས་ཤིང་ཁྱོད་ལ་གཟན་རྩྭ་སྟེ་དགོས་པ་དྲན་གྱིན་ཡོད།  
  ངས་ཆང་དྲན་དྲགས་པས་འགྱིག་ཟེའུ་ཁྱེར་ཏེ་ནས་ཆང་ཉོ་བར་ཕྱིན།   ཁྱིམ་དུ་ལོག་རྗེས་དགོང་ཁའི་ཉི་ཟེར་ལུས་སུ་གྱོན་ཞིང་འདུག་སྟེགས་དམའ་མོ་ཞིག་གི་སྟེང་བསྡད་དེ་ཆང་འཐུང་ཞོར་དུ་ཁྱོད་ལ་བལྟས།   ཁྱོད་ཀྱིས་ངའི་སྔུན་ནས་བཟང་མོའི་གོམས་གཤིས་སུ་གྲུབ་པའི་བག་ཡོད་དང་བརྩེ་ཞེན་གྱི་མིག་གིས་ང་ལ་བལྟས་འདུག   མིག་ཞགས་དེས་ངའི་སེམས་སུ་ལོ་ཟླས་བརྩིགས་པའི་སྡུག་བསྔལ་གྱི་རྡོ་འཁྱག་གཏོར་ཏེ་བདེ་དགའི་ཉི་འོད་ཀྱིས་ཁྱབ་པར་བྱས།   ད་དུང་ཆང་དེ། ཕོ་བའི་ནང་བབས་མ་ཐག་བདུད་རྩི་བཞིན་མངར་བར་འདུག   སྔོན་ཆད་ཆང་འཐུང་དུས་དེ་འདྲའི་མངར་བའི་རོ་ཞིག་མྱོང་མི་ཐུབ།   དེ་ནི་སེམས་པའི་འགྱུར་ལྡོག་ཅིག་ཡིན་མིན་ངས་ཧ་གོ་མ་སོང་། ངས་ཆང་ཁམ་རེ་ཁམ་རེ་འཐུང་བའི་ཞིམ་མངར་གྱི་དྲོ་བ་ལྕེ་ངོས་ལས་ཀླད་པར་ཁྱབ་ཅིང་། ལུས་ཧྲིལ་བོ་ཞིམ་མངར་དེའི་ཀློང་དུ་བྱིང་བ་ལྟར་སྣང་།
མཚན་མོ་དེར་ང་གཉིད་པ་ཤིན་ཏུ་བདེ་བས་རྨི་ལམ་ཅི་ཡང་རྨིས་མ་བྱུང་།
  ཁྱོད་ཀྱི་རྣ་བ་ཟུང་ལ་རྣོ་སྐུད་ལ་སྣུམ་བསྐུས་ནས་ཕུག་སྟེ་རས་དར་དམར་པོ་བཏགས་ཡོད་པས།   དེས་མི་རྣམས་ཀྱིས་ཁྱོད་ལ་མཉམ་འཇོག་བྱེད་ངེས་པ་ཡིན།  
  བཟང་མོ་ལགས།   ཁྱོད་ཀྱིས་མི་ལུས་ལེན་སླད་ངས་ཉིན་རྒྱུན་ལུག་ཚེ་ཐར་ཁྲིད་ནས་སྐོར་བར་འགྲོ་བཞིན་ཡོད།   ལུག་དེ་ད་ལྟ་ངས་ཁྱོད་ཡིན་པར་བསྐོམས་ཡོད།  
  བཟང་མོ་ལགས།   ཁྱོད་ད་སྐབས་ངའི་རྨི་ལམ་དུ་འཁོར་མི་འོང་བས།   ངས་ཁྱོད་ཀྱི་གནས་ཚུལ་ཅི་ཡང་རྟོགས་མ་སོང༌།   འོ་ན་ཁྱོད་ཀྱིས་ཡང་བསྐྱར་ང་ལ་རྨི་ལམ་བཅོལ་མ་ཞིག་བཞག་ན་མི་ཆོག་གམ།   ད་ལྟ།   མི་ཀུན་གྱིས་ང་དང་གཡང་དཀར་ལུག་གཉིས་ཀྱིས་ཉིན་རྒྱུན་གླིང་སྐོར་ལམ་བརྒྱུད་དེ་སྐོར་བར་འགྲོ་བ་མཐོང་གི་ཡོད།   ཁྱོད་ཀྱི་རྣ་ཏོག་དམར་པོ་དང་སྒལ་གཞུང་གི་ཚོས་གཞི་དམར་པོ་དེས།   མི་ཀུན་ལ་ཁྱོད་ཀྱིས་ཚེ་འདི་བདེ་འཇགས་ཀྱིས་བསྐྱལ་ཐུབ་པ་ར་སྤྲོད་བྱེད་ཀྱིན་འདུག་སྟེ།   འཆི་བ་འབྱུང་རག་བར་རོ། །  
  ངས་ཁྱོད་ཁྲིད་ནས་གླིང་སྐོར་ལ་ཟླ་གཅིག་ལྷག་ཕྱིན་པས།   ཁྱོད་ཀྱིས་ཀྱང་གླིང་སྐོར་ལམ་གྱི་ཡོད་ཚད་ལ་རྒྱུས་ལོན་ཟབ་མོ་བྱས་ཡོད།   དེ་རིང་ནས་བཟུང་ངས་ཁྱོད་ཐ་གུས་མི་འཁྲིད་དེ།   འུ་གཉིས་སྔ་གཞུག་བྱས་ནས་གླིང་སྐོར་ལ་འགྲོ་བར་བྱ།   ངའི་རྒྱབ་ལ་འཁུར་བའི་རས་ཀྱི་ལྟོ་ཕད་ནང་དུ་ཇ་དཀར་དང་སྣུམ་འཁུར་བག་ལེབ་བསྡུས་ཡོད་ཅིང༌།   ལག་པས་ཕྲེང་བ་འདྲེན་ཅི་ཐུབ་བྱས།   ང་འགྲོ་ཞོར་དང་འདུག་ཞོར་བྱེད་ཀྱིན་ཁྱོད་ཡོད་མེད་ལ་བལྟས་པ་ཡིན།   གཞུང་ལམ་འཕྲེད་གཅོད་བྱེད་དུས་རླངས་འཁོར་སོགས་འཕྲུལ་ཆས་རིགས་ཀྱིས་ཐོད་མི་རྒྱག་པའི་སླད་དུ་ངས་ཁྱོད་ཁྲིད་ནས་སོང༌།   ལམ་དུ་ང་གྲོགས་པོ་ངོ་ཤེས་དག་དང་ཕྲད་དེ་ཁ་བརྡ་གློད་དུས།   ཁྱོད་ངའི་འགྲམ་དུ་ལངས་སྡོད་པ་ལས་ཕྱོགས་སུ་འཁྱམས་མི་འགྲོ།   ངོ་ཤེས་ཚོས“སྙན་གྲགས་ལགས།   ཁྱོད་ཀྱིས་དགེ་བ་བསམ་གྱིས་མི་ཁྱབ་པ་གསོག་བཞིན་འདུག་པས།   ཁྱོད་ལ་ལས་ཡག་པོ་འཁོར་སྲིད།”“ ལུག་འདིས་མིའི་སེམས་ཤེས་ཀྱིན་འདུག ”“སྙན་གྲགས་ལགས།   དེའི་སྐེ་ལ་དྲིལ་ཆུང་ཞིག་བཏགས་ཚེ།   ཁྱོད་ཀྱིས་ཕྱིར་ལྟ་གནང་དགོས་པ་མ་རེད ”“ ཁྱོད་དང་འཕྲད་པ་ལུག་འདིའི་བསོད་ནམས་རེད་ཡ ” ཞེས་སྨྲ་བར་བྱེད།   སྐད་ཆ་དེ་དག་གིས་ངའི་སེམས་པ་དགའ་སྤྲོས་ཁེངས་པར་བྱས།   ནམ་རྒྱུན་ངས་ཁྱོད་བསླེབས་པ་ནི་སྐྱེ་བ་སྔོན་མའི་ཚོགས་བསགས་ཤིག་ཡིན་པར་ཁས་ལེན་གྱིན་ཡོད།   དེ་མིན་ན་བཟང་མོས་རྨི་ལམ་བཅོལ་མ་བཞག་མ་ཐག་ངེད་གཉིས་དུས་བཅད་མེད་པར་འཕྲད་ངེས་སམ།   གང་ན་འདི་འདྲའི་སྟེས་དབང་ཞིག་ཡོད་དམ།   ང་མཚམས་གཅོད་ཇ་ཁང་དུ་ཕྱིན་པ་ལ།   ཁྱོད་ནི་རས་ཀྱི་སྒོ་ཡོལ་བར་ནས་འཚངས་ཏེ་མདུན་ཅོག་གི་འོག་དུ་འཛུལ་འགྲོ།  “ ཁྱོད་ཕྱི་ནས་སྡོད་དང༌།   ནང་དུ་ཡོང་མི་ཆོག ” ངས་སྐད་མཐོན་པོས་བཤད།   ཁྱོད་གུམ་ནས་མདུན་ཅོག་འོག་ཏུ་སྡོད་པ་ལས་ངའི་སྐད་ཆར་རྩ་བ་ནས་སྣང་དོགས་མི་བྱེད།   ཇ་མགྲོན་དག་གིས་ང་ལ་ལྟ་བཞིན་ངའི་སེམས་ཤེས་པའི་ཚུལ་གྱིས་འཛུམ་ཞལ་རེ་བསྟན་འགྲོ།  “ ཁོ་དེར་སྡོད་པར་གྱིས།   ཁོས་ས་བཅད་མི་འདུག ” ཞབས་ཞུ་མས་དེ་ལྟར་བཤད་པས།   ངས་ཁྱོད་ཕྱི་རུ་མ་བདའ།   ངས་རས་ཀྱི་ལྟོ་ཕད་ལས་ཇ་དཀར་བླངས་ཏེ་མདུན་ཅོག་སྟེང་དུ་བཞག་ལ།   དེ་ནས་ལག་པ་བསྲིངས་ཏེ་སྣུམ་ཁུར་བག་ལེབ་བཏོན་འཕྲལ་བཅག་ནས་ཁྱོད་ལ་བྱིན།   ཁྱོད་ཀྱི་ལྕེ་ཡིས་སྣུམ་ཁུར་བག་ལེབ་ཁ་ནང་དུ་བླངས་ནས་སོ་ཡིས་ཚག་ཚག་བལྡད།   ངས་ཇ་མངར་མོ་འགྲངས་ཐག་ཆོད་པ་ཞིག་འཐུང་བའི་བར།   ཁྱོད་ནི་འཇམ་ཅག་གེར་སྔར་གནས་སུ་ཉལ་ཞིང་ཕར་འགྲོ་ཚུར་འོང་གི་མི་དག་གི་རྗེས་སུ་མགོ་བོ་འཁོར་འཁོར་བྱེད།    “ གོ་ཐོས་སུ་ལྷོ་ཕྱོགས་ཀྱི་རིགས་གསུམ་མགོན་པོའི་ལྷ་ཁང་ཞིག་གསོ་བྱེད་བཞིན་ཡོད་སར་མི་མཁོ་བར་འདུག   སུ་སོང་ནས་རོགས་བགྱིས་ན་དགེ་བ་བསམ་གྱིས་མི་ཁྱབ་པ་རེད།  ”  མི་དར་མ་ཞིག་གིས་རང་གི་འཁྲིས་སུ་ཡོད་པའི་ཇ་མགྲོན་ལ་དེ་ལྟར་བཤད་སོང༌།   སྐད་ཆ་དེས་ངའི་རྣམ་རིག་རྒྱས་པར་བྱས།   སེམས་སུ་དེ་ནི་ཆེས་ལེགས་པའི་གོ་སྐབས་ཤིག་ཡིན་པས།   ང་འོས་འགན་ངལ་རྩོལ་ལ་ཞུགས་དགོས་བསམས།   ངས་ཇ་དཀར་ནང་གི་ཇ་ལྷག་ཕོ་རྗེས་ལག་རས་ཀྱིས་གཙང་མར་ཕྱིས་ཏེ་རས་ཀྱི་ལྟོ་ཕད་དུ་བཅུག ང་ལངས་མ་ཐག་ཏུ་ཁྱོད་ཚོར་བ་སྐྱེན་པོའི་ངང་ཡར་ལ་ལངས་ཏེ་མཉམ་པོར་ཕྱི་ལ་ཡོང་སྟེ།   འུར་ཟིང་གི་སྲང་ལམ་དུ་ཞུགས།   ཁྱོད་ཀྱིས་ད་ནི་མཐའ་འཁོར་གྱི་ཟང་ཟིང་ལ་མཉམ་འཇོག་མི་བྱེད་པར་བློ་གཅིག་སེམས་གཅིག་གིས་ངའི་རྗེས་འབྲངས་ཡོང༌།   ངེད་གཉིས་འུར་ཟིང་གི་སྲང་ལམ་ཕྲ་མོ་བརྒྱུད་ནས་ཕྱིར་བཞི་སྐོར་གྱི་ལྷས་རར་བསླེབས།   ངས་ཁྱོད་སྒེའུ་ཁུང་གི་འོག་ཏུ་བཏགས་རྗེས།   ལྟོ་ཕད་ལས་རྩྭ་ཉུང་ཙམ་ཀ་ཏོ་ར་རྩི་ལྷུང་བ་ཞིག་གི་ནང་དུ་བླུགས་པ་དང༌།   དེ་ནས་ཀ་ཏོ་ར་གཞན་ཞིག་གི་ནང་དུ་རང་འབབ་ཆུ་ལས་ཆུ་གང་བླངས་ནས་ཁྱོད་ཀྱི་མདུན་དུ་བཞག   ཁྱོད་ཀྱིས་ཀ་ཏོ་ར་དེ་གཉིས་ལ་ལྟ་བ་ལས་ལྟོགས་པའི་རྣམ་འགྱུར་ཅི་ཡང་མ་བསྟན།   ཡིན་ནའང་དྭངས་གཙང་གི་མིག་ནང་དུ་ངལ་དུབ་ཀྱི་རྣམ་འགྱུར་ཞིག་མངོན་འདུག   ཁྱོད་ཀྱི་རྣ་བ་དལ་མོར་འགུལ་གྱིན་སུག་བཞི་ཀུམ་ནས་ས་ལ་ཉལ།   ངས་ཁྱོད་ཤིན་ཏུ་ཐང་ཆད་ཡོད་པ་ཚོར་བྱུང༌།   ཁྱོད་ཀྱིས་ངོ་མ་ངལ་གསོ་བྱ་རན་འདུག   ང་ཁྱིམ་དུ་ལོག་ནས་ལྷམ་ཕུད་དེ་ལྷམ་སྟན་རློན་པ་དེ་སྒེའུ་སྟེགས་སུ་སྐམ་རྗེས།   རང་ཉིད་མལ་ཁྲིའི་སྟེང་སྐྱིལ་ཀྲུང་དུ་བསྡད།   ངས་བཟང་མོའི་ཆེད་དུ་རིགས་གསུམ་མགོན་པོའི་ལྷ་ཁང་གི་ཞལ་འདེབས་ལ་དངུལ་ག་ཚོད་དབུལ་དགོས་པ་དང༌།   ཇི་ལྟར་བགྱིས་ན་ད་གཟོད་ཁོ་ཚོས་ངེད་གཉིས་ལས་ཀ་བྱ་ཡུལ་དུ་མུ་མཐུད་སྡོད་ཆོག་པར་བསམ་བློ་བཏང་བ་ཡིན།   བོད་མི་ཚོས་ཤེས་གསལ་ལྟར།   རྗེ་བཙུན་མི་ལ་རས་པས་རང་ཉིད་ཀྱིས་མཐུ་གཏད་དེ་མི་བསད་པའི་སྡིག་པ་འདག་ཆེད།   མར་པ་སློབ་དཔོན་དུ་བསྟེན་ཏེ་རྒྱབ་གཞུང་སྣག་ཁྲག་གིས་འབྱར་རུང་སྡུག་རུས་ཆེན་པོས་ངལ་རྩོལ་མཛད་པས།   ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད།   བཟང་མོའི་སྐྱེ་བ་ལེགས་པོ་ཞིག་དང་ལས་ངན་པའི་སྡིག་སྒྲིབ་འདག་ཆེད།   ངས་སྒོར་ལྔ་བརྒྱའི་ཞལ་འདེབས་ཕུལ་ཐོག་ཟླ་གཅིག་ལ་ངལ་རྩོལ་བྱ་རྒྱུའི་སེམས་ཐག་བཅད།   དེ་ལྟར་བསམ་བློ་བཏང་བས་ཤེས་མེད་ཚོར་མེད་ངང་གནམ་ངོ་མུན་པས་གཡོགས་ཏེ་བཞི་སྐོར་ལྷས་ར་ཡོངས་སུ་བསྒྲིབས་འདུག སང་ཉིན་ཡང་སྔ་ལང་བྱ་དགོས་པས་ད་ནི་ཉལ་རན་ལ་བསླེབས་སོང༌།  

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།