རྩྭ་ཐང་གི་ཉིན་ཐོ།
⑶
“རེ་རེ། ཝེ། རེ་རེ། ས་སྐྱོན་བྱུང་རྒྱུ་བོ། ཨོ། གཡག་རྒན་ལ་རོ་ནག་བུད་བཏང་ཐལ། ”ཀྲད་དྲུད་དུ་རྒྱུག་པའི་གོམ་སྒྲ་ཞིག་དང་ལྕི་བ་འཁང་བོ་ཞིག་གི་སྐོར་འཕེན་གྱིས་གཡག་རྒན་སེར་ཐོ་ཕྱིར་ནོར་ལྷས་ལ་བཅུག ཡིན་ཡང་། རྒན་མོ་འདིའི་དམོད་ཚིག་ད་རུང་འཆད་རྒྱུ་མི་འདུག “ཁ་ནང་དུ་ཐལ་བ་རྒྱོབ། འདྲེ་ཟོག གདོན་ཟོག དུད་འགྲོ་རྩྭ་གཟན་ཁྱོད་ལ་དེ་མ་བྱུང་བར་ཅི་བྱུང་། ངས་ཁྱོད་ཤ་དུམ་བུ་དང་ཀོ་དུམ་བུ་ཞིག་བྱེད། ” ཅེས་ཞེ་སྡང་གིས་གཡག་རྒན་ཚ་སྣར་བླངས་ཏེ་བཏགས་རྗེས་འདབས་ཀ་ལྷབས་སེར་ས་ལ་བཀབ་ནས་ཙ་ཙིར་ཤུགས་མེད་ཀྱི་གཅིན་ཞིག་བཏང་། གློ་བུར་དུ་གཅིན་མཚམས་ཡང་བཅད་པ་ལྟར་ཡར་ལངས་བྱུང་།
“དྲག་དྲག ཁྱོད་ཚོ་སྡོད་གོ སྡོད། གནམ་རྒན་མས་མར་གཟིགས་ནས་ཡོད། ལས་རྒྱུ་འབྲས་ཤིག་ཡོད་ན། ཁྱོད་ཚོའི་ཁོག་དུ་སྐྲན་ཞིག་བཅའ་།”ཞེས་དམོད་པའི་རྟགས་ལ་ལག་པ་ཐོད་པར་འཁྱེར་ཙམ་གྱིས་ཀྲད་དྲུད་ཀྱིས་ཕྱིར་སྦྲ་ནང་དུ་འཛུལ་ཏེ་ཅ་ལག་ལ་བསྡུ་གསོག་བརྒྱབ།
“ ཕྱོགས་ཀྱི་དུས་གསུམ་གྱི་དེ་བཞིན་བཤེགས་པ་ཐམས་ཅད…འགྲོ་རྒྱུ། ངའི་རུ་འགྲོ་རྒྱུ། མུག་སྡེ་བོ་འདི་ནས་འདུག་ཐབས་བྲལ་སོང་བ་ཡིན། ངའི་བུ་མོ་གཅིག་པོ་དགྲ་རུ་བཟུང་། ཨ་ཤི་རེ། ང་སྐྱིད་ནས་གནས་ལ་འགྲོ་བ་མིན། མ་སྐྱིད་འཆི་ཁུང་བསྙེགས་པ་ཡིན། བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ…ག་རེད། འཁོར་ལོ་འདི། ཨོ། གཡག་རྒན་སེར་ཐོའི་སྒ་ཁུང་དུ་གསེབ་ཆོག” ཅེས་མོས་ཁེར་བཤད་རྒྱག་ཞོར་མ་ཎི་ལག་འཁོར་ཞིག་ཐབ་ཀའི་ཡ་སྒྱིད་སྟེང་བཞག
ཨ་ཙི། ཨ་ཙི། ངས་ཨེན་ཙམ་གྱི་མ་ཤེས་ཐལ། འདི་ནི་ཨ་མ་དཔའ་མོ་མ་ཡིན་ནམ། སྙིང་རྗེ། ཁོ་མོ་དངོས་གནས་རྒས་འདུག སྔར་གྱི་མག་མོག་གི་སྐྲ་ལོ་གཞི་ནས་དཀར་བོར་གྱུར་འདུག་ལ། མིག་ལྡོག་གཡོན་པའི་ནང་དུ་ཚ་རྡོག་ཞིག་ལྷུང་ཡོད་པ་དེས་ཞར་ལྟ་ཡང་མི་ཉུང་བ་ཞིག་བྱེད་ཀྱིན་འདུག ཕྲག་པ་གཡོན་པ་དང་མཆན་ཁུང་གཡོན་པར་རས་སྔོན་གྱིས་ལྷན་པ་བརྒྱབ་པའི་སློག་ཧྲུལ་དེའི་འདབ་ཀ་དང་རྒྱ་ལྷམ་མགོ་ལོ་གཉིས་ཀྱི་བར་མཚམས་ནས་རྐང་པའི་སེར་ག་མི་ཉུང་བ་ཞིག་མཐོང་འདུག་ལ། རྒས་གཉེར་གྱིས་བཏུམས་པའི་གདོང་ཡོངས་འཁོབ་པར་གྱུར་བར་མ་ཟད། སྣབ་ཆུ་ཕྱིས་ཤུལ་དམར་བོར་གྱུར་འདུག
“མར་མགོ་རིང་ཚང་དང་གཡག་རྔ་རིང་ཚང་གི་པ་པ་སྔོ་རིང་ནས་བཟུང་། གོ་རྒས(རང་ས་རང་ཡུལ་ནས་རྒས་སོང་བའི་བུད་མེད)བུ་མོར་གོ་ཁྲེག་ཡོད། བླ་མ་འཁྲུངས་ཏེ་འགྲོ་བའི་དོན་མཛད་མྱོང་། དཔོན་པོ་སྐྱེས་ཏེ་ས་ཆུར་དབང་བསྒྱུར་མྱོང་། འདི་ཡང་ཕ་ཁུ་རྒྱ་སྟག་འདྲ་བ་དག་གི་སྐྱོང་ཤེས་དང་མིང་བོ་གཟིག་ཕྲུག་འདྲ་བ་དག་གི་ འགེབས་ཤེས་ཡིན། ཨ་ཤི་རེ། དུས་དེང་སང་། ལས་ངན་པ་གོ་རྒས་ང་འདྲ་བ་དང་བུ་ངན་པ་སྐྱི་མོ་མགོ(ཨ་ཁུ་ནོར་འབུམ་ལ་ཟེར།)འདྲ་སྐྱེས་ནི་རེད། བླ་མ་ཟེར་བའི་ངོམ་རྒྱུ་དང་དཔོན་པོ་ཟེར་བའི་སྟོན་རྒྱུ་ཕར་ཞོག ཐ་ན་བུ་ཞེས་ན་ཨ་ཟེར་བ་ཞིག་ཀྱང་མི་འདུག དཀོན་མཆོག་གསུམ། མགོ་ནག་སྐྱིད་སྡུག་གནམ་གྱི་ལག དེ་ལ་ཐབས་ཅི་ཡོད། ཡིན་ཡང་། ངའི་བུ་མོ་འདི་ནི…” ཨ་མ་དཔའ་མོས་མགོ་བསྒུར་ནས་སྒོ་ཁར་ལྟ་ཙམ་གྱིས“རེ་རེ། ཝེ། རེ་རེ། གཡག་རྒན་ལ་རོ་ནག་བུད་བྱུང་། སྣ་ཐག་བཅད་དེ་ཤོར།”ཞེས་རྒྱུགས་གྲབས་ཤིག་བྱས་རྗེས“གཡག་ཀོ་བཤུ་རྒྱུ་བོ། ད་ནི་དེའི་རྗེས་སུ་ཆོད་དཀའ། ཅི་ཁག ལྟོགས་བྱུང་བ་ལོས་ཡིན། ཕྱོགས་ཀྱི་དུས་གསུམ …ངའི་བུ་མོ་ལ་ས་སྐལ་ཅིའི་ཕྱིར་མི་སྟེར། བྲག་དཀར་སྡེ་བའི་ཨ་སྐྱོང་སྐྱབས་ཀྱི་བུ་མོ་བྲོས་སོང་བ་དེ་ད་ལྟ་ཤི་གསོན་མི་ཤེས་ཀྱང་རྩྭ་སྐལ་བྱིན་འདུག འདི་གཉིས་ཅི་ལ་མི་འདྲ། ཆོས་སྐྱོང་དགྲ་ཁ་གཙོ་བྱས་པ། ཁ་ཡག་ཁོག་རྩུབ་དུག་གི་མེ་ཏོག ཕྱི་འཇམ་ནང་རྩུབ་ཤ་ཡི་གྲོད་པུ། ཁྱོད་ཚོའི་ཡིད་ལ་ཅི་དྲན་བཞིན་པ་ངས་མི་ཤེས་སམ། ང་ ཤི་སོང་དུས་ཡོད་ཚད་ཁྱོད་ཚོར་དབང་སོང་བ་ཞིག་བྱེད་འདོད་པ་རེད།
བུ་མོ་གཅིག་པོའི་ཤ(མནའ་ཚིག)། ངས་སྤྱི་རྩྭ་མི་ཟ། སྤྱི་ཆུ་མི་འཐུང་། ང་ལ་དམིགས་བསལ་འདི་དགོས་དོན་མེད། བྱ་རྒོད་པོ་ཞིག་ལ་ཅི་ཚང་། བྱེའུ་ཞར་མ་ཞིག་ལ་དེ་ཚང་། སྦྲ་ཞེས་ན་ང་ལ་སྟོན་རྒྱུ་ཡོད། ཟོག་ཅེས་ན་ང་ལ་འདེད་རྒྱུ་ཡོད། ངའི་སྔོན་དུ་ལག་པ་དང་རྒྱབ་ཏུ་སོག་པ། འདུག་གྲོགས་ཐབ་ཀ་ནག་རིལ་དང་ཉལ་རོགས་པུས་མོ་སྐྱ་རིལ་མ་གཏོགས་མེད་པས་ད་གཟོད། ཧོ་ཧོ་ཡ། ང་ལ་དགོད་རྒྱུ་འདུག” ཅེས་ཧབ་ཆ་ཞིག་བྱས་རྗེས་མོ་ཁྱིམ་དུ་སོང་སྟེ “བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ། ག་རེད། འཆག་སླ་བ་རྣམས་ཟེའུའི་ནང་དུ་བཞག་ན་དགའ།” ཅེས་དཀར་ཡོལ་དག་ཟེའུའི་ནང་དུ་འཇོག་ཞོར་སླར་ཡང་ཁེར་བཤད་ཀྱི་འགོ་བསླང་།
“དྲངས་མོར་བཤད་ན་བུ་འཁྲིད་སྐྱིད་མོ་རང་གི་སྤྱོད་པ་ཡང་མི་དང་མཐུན་པ་ཞིག་མ་རེད། མི་རིང་དང་མི་རྒྱུད། ཕ་རིང་དང་བུ་རྒྱུད། ངེད་དཔོན་སྐོར་པ་པ་ཚང་གི་རྒྱུད་ལ་འདི་འདྲ་ཞིག་སྐྱེས་མ་མྱོང་། ནང་སྒོས་སུ་བུ་མོ་ལྷ་མོ་འདྲ་བ་དག་དག་སྐྱེས་པས། གཡག་མགོ་རིལ་ཉོ་ན་སྣ་ལ་ལྟོས། སྨན་བུ་མོ་ཉོ་ན་མ་ལ་ལྟོས་ཞེས་བུ་མོ་རྣམས་མོ་ལོ་བཅོ་ལྔར་འབུད་དུ་མི་འཇུག་པར་འཕྲོག་རེས་བྱས་འགྲོ ཅི་མ་ཉན་ནམ། ཡོད་ཚད་ང་དཔའ་མོའི་མགོ་ལ་ཐོན་དགོས་པ་འདི་ཅི། ཡོད་ཚད་ང་དཔའ་མོའི་སྟེང་ནས་འདག་དགོས་པ་འདི་ཅི། སྐྱེ་བ་སྔོན་མར་ངས་བུ་མོ་འདི་ལ་ཅི་ཞིག་ཆད་བྱུང་བ་འདྲ། ཕན་མ་ཐོག་ཀྱང་ཆོག ཨ་ཤི་རེ། ང་ལ་འདུག་གྲོགས་ཙམ་ཐུབ་ན་ཅིར་མ་ཆོག ངའི་ལས་དབང་འདི། སྐྱེ་བ་འདི་ཁེར་འདུག་གིས་འཛད་དགོས་བྱུང་།”ཨ་མ་དཔའ་མོ་སར་ཙོག་སྟེ་མཆི་མ་བཏོན་བསྡད།
ང་ཡི་མིག་མཐར་ཡང་མཆི་མ་འཁོར། སྙིང་རེ་རྗེ། ཚེ་སྟོད་ཤི་ཆད་ཀྱི་སྡུག་བསྔལ། ཚེ་སྨད་ཁེར་རྐྱང་གི་སྡུག་བསྔལ། དེའི་སྟེང་དུ་བུ་མོ་བུ་ཁྲིད་སྐྱིད་ཀྱིས་བསྐྱལ་བའི་སེམས་ཁྲེལ་གྱི་སྡུག་བསྔལ། ཡོད་ཚད་ཀྱི་ཡོད་ཚད་ཀྱིས་ཨ་མ་དཔའ་མོ་ འདི་འདྲའི་མཐོ་དམན་སྐོར་རྒྱག་གི་ཁ་མཚམས་སུ་བསྐྱལ་འདུག ཡིན་ཡང་། ཁོ་མོ་སྨྱོ་མི་སྲིད། སྨྱོས་པ་མིན།
“ཁྱོད་ཚོས་གཏོ་འཕེན་ན་ཨ་ཆེ་རྒན་མོར་འཕེན་ནམ། ”ཟེར་ཞོར་མོས་སྣབས་ཆུ་དྭངསས་མོ་ཞིག་ལྭ་བའི་ཐུ་བར་ཕྱིས།
“ཧོ་ཧོ་ཡ། ང་འགྲོ་མི་ཐུབ་འདོད་པ་རེད། ཕེ། ཕུར་བ་ཨེ་ཡིན། ཕུར་བ་མ་འབལ་ཟེར་བ་བཙན་གཏམ་ཡིན། ཕུར་བ་མ་དགོས་སྦྲ་ངན་འདི་བལྟབ་འདོད་ཀྱང་ང་རང་གི་ལག་མིན་ནམ། ”ཟེར་ཞོར་ཨ་མ་དཔའ་མོ་སྒོར་བརྒྱུགས་ཏེ་གཡས་ཀྱི་གྲུ་ཆོན་དང་སྒོ་ཆོན་གཉིས་བསྒྱེལ་བ་ན། སྦྲ་ཚེའུ་དེ་རྩུབ་འགྱེལ་དུ་བསྡད།
“ས་ལག་མཐིལ་ཙམ་མ་གཏོགས་མེད་ཀྱང། རང་སྐལ་དེ་དགོས། ངའི་བུ་མོ་སྡེ་གྲལ་ནས་ཕུད་མི་ཆོག ཨ་རོག སྐྱི་མོ་མགོ ང་དངོས་གནས་འགྲོ་རྒྱུ་ཡིན་ཨང་། བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ་སྐྱབས་སུ་མཆིའོ”ཟེར་ཞོར་སྒམ་ཆུང་ཞིག་སྒོར་བཞག སླ་ང་ཞིག་སྒོར་བཞག རྩམ་ཁུག་ཅིག་སྒོར་བཞག མ་ཎི་འཁོར་ལོ་དེ་སྒོར་བཞག ཡིན་ཡང་། ཨ་ཁུ་ནོར་འབུམ་ཚང་གི་ཕྱོགས་ནས་མི་ནག་རིལ་ཞིག་མ་དགོས་བྱ་ནག་རིལ་ཙམ་ཡང་མཐོང་མ་བྱུང་བས། ཨ་མ་དཔའ་མོས་སླར་ཡང་སྣབས་ཞིག་བུས་རྗེས་ལག་པ་ས་ལ་ཕུར་ཙམ་བྱས། ཁོ་མོས་གློ་ལུ་རྒྱག་ཞོར་མིན་ཁུལ་གྱིས་ཨ་ཁུ་ནོར་འབུམ་ཚང་གི་ཕྱོགས་སུ་ལྟ་བཞིན་སྐད་དམའ་མོས“སྐྱི་མོ་མགོ་འདི་དངོས་གནས་ཡོང་རྒྱུ་མིན་པ་ཡིན་ནམ། མུག་སྡེ་བོ་འདིས་དངོས་གནས་མ་མཐོང་བ་ཡིན་ནམ”ཟེར།
ང་ལ་དགོད་ཁ་ཤོར།
“ ཨ་ཤུ མགོ་ཡོམ་འཁོར་བྱུང་། ཁྲ་རྩ་ཞན་པ་འདྲ། ག་རེད། བུ་མོས་ཉོས་པའི་ཀ་ར་ནག་པོ་དེ་གང་དུ་འདུག ཨོ། སྐྱི་ཁུག་དེའི་ཞབས་སུ་འདུག་པ་འདྲ། བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ་སྐྱབས་སུ་མཆིའོ།”ཞེས་ཨ་མ་དཔའ་མོས་སྒམ་ཆག་ཅིག་སློག་འགོ་བརྩམས།
“ ཨ་ཧོ། ཀ་ར་དེ་གང་དུ་བཞག་པ་ཡང་ཤེས་མི་འདུག ཤི་སོང་བས་དགའ་།”ཟེར་ཞོར་མོས་ལག་པ་ཐོད་པར་འགའ་བཞག་རྗེས་ཨོང་ཁའི་རིལ་མ་ཕར་སློག་ཚུར་སློག་བྱས།
“གན། སྐྱི་མོ་མགོ མུག་སྡེ་བོ། མ་ཡོང་བ་རེད། མིན། ཁོ་ཚོ་ཐོན་བྱུང་ཡང་ང་ལ་གཏམ་རྒྱུ་མེད། འགྲོ་རྒྱུ་ཡིན་པ་ཁོ་ཐག་ཡིན། ཡ། ཅི་ན། ཀུ་རེ་ཡིན་ཟེར་བ་ལྟར། སྦྲ་ངན་འདི་ཕྱིར་ཇི་ལྟར་ཕུབ”ཅེས་ཁེར་བཤད་རྒྱག་ཞོར་མུ་མཐུད་དུ་ཀ་ར་བཙལ།
ཉི་མ་སྤྲིན་འོག་ནས་བཙན་ཤེད་ཀྱིས་ཕྱིར་བུད་བྱུང་། གཅེར་གོར་རེར་འདུག ཨ་མ་དཔའ་མོ་སྒོར་ཡོང་ཏེ་མིག་གཉིས་སིམ་སིམ་གྱིས་ཉི་མར་ལྟ་ཙམ་གྱིས་སྐ་རགས་བསྐྱར་བཅིངས་ཤིག་བྱས་ཏེ་ས་ལ་ཙོག རྐང་པ་གཉིས་དལ་མོར་བསྐྱངས། མོས་མགོ་ལ་འཕྲུག་འཕྲུག་བྱེད་ཞོར“ མི་ཚེ་འདིར་འགྲོ་ས་མེད་པ་ཞིག ཤི་ཐལ། ང་གང་དུ་འགྲོ་རྒྱུ་ཡིན་ནམ”ཟེར།
ང་ལ་སླར་ཡང་དགོད་ཁ་ཤོར།
གྲང་རླུང་གིས་ཁ་སང་གི་ཁ་བ་ཆེན་པོ་དེ་ཁུར་ནས་རྩྭ་ཐང་གི་གཤང་གཤོང་ཐམས་ཅད་དཀར་སྙོམས་མེར་ཁེངས་པར་བྱས་འདུག་ལ། འབའ་འབུར་ཐམས་ཅད་ནག་གོར་རེར་ཕུད་འདུག་པས་རྩྭ་ཐང་ནི་ཨ་མ་དཔའ་མོའི་སློག་ཧྲུལ་ལྷན་པ་བརྒྱབ་པ་དེ་དང་འདྲ།
ཨ་མ་དཔའ་མོས་གཞན་གྱིས་ཐོས་དཀའ་བའི་ཁེར་བཤད་ཅིག་ལབ་རྗེས་མིག་ གཉིས་སིམ་སིམ་གྱིས་སླར་ཡང་གཅེར་གོར་རེའི་ཉི་མ་ལ་ལྟ་ཙམ་བྱས
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com