རྩྭ་ཐང་གི་ཉིན་ཐོ།

རྩོམ་པ་པོ།:གཡང་མཚོ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-27 09:16:00 ཀློག་གྲངས།:

      “དཔོན་རྒན་ཐུགས་རྗེ་ཅན།  ཁྱེད་ཚང་ལ་མཚོན་ན།  སྲིད་པ་ཆགས་པའི་གངས་རྒན།  མི་རབས་གསུམ་གྱི་ལྷ་རྒན།  དར་དཀར་ཅན་གྱི་བླ་རྒྱུད།  དར་ནག་ཅན་གྱི་ སྔགས་རྒྱུད། ཁལ་ལ་དོ་ཡ་མེད་པ། མཐུ་ལ་ངོ་ཡ་མེད་པ། སྐྱབས་རེ་ས།  སྡུག་ཞུ་ས། སྤྱིར་ཁྱེད་ཚང་ལ་ཚིག་ཅིག་གཏོང་ཆེ་ཉན་མོད། གན།  དོན་མི་འགྲུབ་རྒྱུ་མ། དོན་མ་འགྲུབ་པར།  མགར་བའི་ལག་ནས་ཐོ་ཤོར། སྨན་ངན་ཁ་ནས་ཚིག་ཤོར། སྤྱིར་བུ་མོ་འདི་ཤིང་ཡར་སྐྱེས་ནང་གི་སྲ་སྐྱེས།  མི་ཡར་སྐྱེས་ནང་གི་དྲང་སྐྱེས། ཕ་མའི་ཁ་ལེན་པ།  ཕ་ཁའི་ཚིག་བརྩི་བ།  བོས་ན་ཨ་ལན་ཡག་པ།  དྲིས་ན་དྲིས་ལན་  དྲང་བ། བཟང་རྩི་རྒྱུ་ལས་ངན་བརྗོད་རྒྱུ་མེད་པ་ཞིག་ཡིན་མོད། ངའི་བུ་མོ་འདི་ སྲིང་རྒན་མ་ལ་བུ་སྐལ་དུ་བྱིན་འདུག་པས། གཅེས་ལོ་བྱས་ནས་སློབ་གྲྭར་འགྲོ་རུ་བཅུག མར་ལོ་བྱས་ནས་རྒྱ་ཁ་ཉུལ་དུ་བཅུག ལྟོགས་འདུག་ཅེ་ན་བྲོ་བསྐྱལ་དེ་རྒྱུག  གྲང་འདུག་ཅེ་ན་གོས་བཟོས་ཏེ་རྒྱུག  ར་མ་རྒྱགས་ན(འགྲངས་ཆེ་བའི་དོན།)སྦྲ་ ཐོག  བུ་མོ་རྒྱགས་ན་དོ་ཐོག ལྟོས་དང་། ད་ནི་ཅི་འདྲ་རེད། འཇིག་རྟེན་པའི་ཁ་དཔེར་འཐུ་རྒྱུ་ལོས་འདུག སྐྲ་རིང་མ་དང་བློ་ཐུང་མ། སྤྱིར་བུད་མེད་ལ་སློབ་གྲྭ་ཞིག་དགོས་དོན་མེད། ཡིན་ཡང་། ད་ནི་འཕྱི་སོང་། མནའ་མ་གཡག་ཤོར་མའི(སྔོན་མནའ་མ་ཞིག་གིས་ཕྱེན་ཤོར་སོང་བས་འགྱོད་སེམས་ཀྱིས་ཨ་ཤི་རེ། ང་འདི་ལྟར་བསྡད་ཡོད་རྒྱུ་ན་ཕྱེན་དེ་ཤོར་མི་འདུག་ཅེས་པས་དཔེ་འདི་འགྱོད་པ་ལས་གྱི་ཐ་མ་ལ་ཟེར།)རྗེས་ལ་སོང་ཚར།  བོད་ལ་མི་དཔེ་བ། རྒྱ་ལ་མི་དར་བ།  ཁ་སྐམ་པོ་ནང་ནས་ཚིག་ཚོན་པོ་དག་དག་མིན་པར་མི་བཤད།  སྤྱིར……སྤྱིར……” ཨ་ཁུ་ནོར་འབུམ་གྱིས་མ་ཁར་སོ་འདེབས་ཞོར་གྱ་མ་གྱོལ་གྱིས་ཡར་ལངས།  ཁོས་རུམ་ནས་ཁ་བཏགས་རྙིང་བ་ཞིག་དང་བྱུར་བུའི་ཁོ་གོར(སྣ་ཐ་ལྡུག་བྱེད་ལ་ཟེར)ཞིག་བླངས་རྗེས་ལུས་པོ་མར་སྒུར་ཙམ་གྱིས“སྤྱིར་བྱང་ཆུབ་སེམས་དཔའ། སངས་རྒྱས་རློན་པ་ཁྱེད་ཚང་ལྟ་བུས། བསྒུར་ནས་རྩྭ་མ་ཟོས་པའི་གོང་མ། བཙིར་ནས་ལྕི(ལྕི་བ)མ་བཏང་བའི་གོང་མ། བླུན་པོ་ནོར་ཞེས་བོས་ན་ཨ་ཟེར་བ་འདི་ལྟ་བུ་ལ་ཁ་ར་དང་འཁང་ར་བྱེད་མི་སྲིད་མོད། འོན་ཀྱང་། བྱ་ཆེན་ལ་རྡོ་དང་མི་ཆེན་ལ་ ཚིག་བཏང་ན། ཁ་ལས་མི་དགེ རླུང་རྟ་མི་དར། ལུས་ལ་ན་ཚ་དང་ཚེ་ལ་བར་ཆད་འབྱུང་སྲིད་པས། ངས་སྲིང་རྒན་མ་ཡི་ཚབ་བྱས་ནས་སེམས་ཨ་ཆུང་གི་སྣེ་མོས་ཡ་ཆུང་ལ་བརྡུང་སྟེ་བཤགས་པ་འདི་བརྒྱབ་པ་ཡིན་པས། ཁྱེད་ཚང་གི་སེམས་ན་སྡུག་ཅིག་དང་ཞལ་ན་རྡུལ་ཞིག་ཡོད་ན་འདག་ཏུ་འཇུག་ཨེ་དགོས་ཟེར་རྒྱུ་ན། ངོ་མ་ཅན་གྱིས་འདག་ཏུ་འཇུག་དགོས།”ཞེས་བཤགས་འབུལ་རྣམས་ཨ་ཁུ་དཔོན་ལ་ཕུལ།
      ཅ་བརྒྱད་ལོ་ནས་ད་བར་ཕལ་ཆེར་ལོ་བདུན་བརྒྱད་རིང་ལ་ང་གསེར་བཟང་ཐང་འདིར་ཡོང་མ་མྱོང་།  ཡིན་ཡང་ལོ་འགའི་སྔོན་ལ་ང་ཨ་ཁུ་ནོར་ལ་འབུམ་སྐུ་འབུམ་དགོན་ནས་ཐེངས་གཅིག་ཕྲད་མྱོང་བས་ཐེངས་འདིར་ཁོ་རང་མཐོང་བ་དང་ངོ་ཤེས་འདུག  སོ་རྙིང་ཙམ་བརྗེས་པ་ལས་སྔར་གྱི་ཕྱིང་ཞྭ་དང་འདྲ་ལ།  སྔར་གྱི་སློག་པ་དང་འདྲ་བ།  སྔར་གྱི་བོད་ལྷམ་ཡུ་རིང་དང་འདྲ་བ་ཞིག་གྱོན་འདུག་པས་ཁོ་བོ་ཉག་ཙམ་ཡང་མ་རྒས་པ་འདྲ།  ཁ་སང་གི་ཁོ་བོ་ཡིན་པ་དང་འདྲ། 
      ཨ་ཁུ་དཔོན་གྱིས་བྱུར་རུའི་ཁོ་གོར་ལ་ཡུན་ཙམ་བལྟས་རྗེས་ཐབ་ཀའི་ཡ་སྒྱིད་ཀྱི་རྩར་བཞག་པ་དང་ཁ་བཏགས་དེ་ཨོང་ཤིང་གི་སྟེང་དུ་འགེལ་ཙམ་གྱིས་ལག་པ་གཡོན་པའི་མཐེ་བོང་ཁུད་ཀྱི་སྣ་ཐ་དེ་ཤུགས་ཀྱིས་རྔུབ་རྗེས།  ཕཱ། ཞེས་སྐྱ་ཐལ་ལེར་ ཕྱིར་ཁ་ནང་ནས་བཏང་། འདི་ནི་ཁྱད་ཆོས་ཤིག་ཡིན་པ་དང་འདྲ་ལ་སྦྱང་རྩལ་ཞིག་ཡིན་པ་དང་ཡང་འདྲ། ཁོས་སེན་ཐོག་གི་སྣ་ཐ་རང་གི་བརླ་སྟེང་དུ་ཕྱི་ཞོར“སྙིགས་མ་ལྔ་བདོའི་དུས་འདིར་དམ་པའི་ཆོས་ལ་དད་ལོག་བྱེད་པ་མང་བ་ལས། འཇིག་རྟེན་འཁོར་བར་ཞེན་ལོག་བྱེད་པ་ཉུང་། བཀའ་ཐང་དུ་དུས་ནི་མི་འགྱུར་མི་ནི་འགྱུར་ཟེར་བའང་འདི་ལ་ཟེར།”ཟེར་ཞོར་ཕྱིང་བལ་གྱིས་བཙེམ་པའི་སྣབས་ཕྱིའི་ཁུད་དུ་ཤུགས་གང་ཡོད་བཏོན་ནས་ཀླད་གཙིགས་གཟེར་བའི་སྣབས་ཞིག་བུད་རྗེས་མུ་མཐུད་དུ“སྔགས་པ་རལ་བ་ཅན་ལ་ཚིག་ཤོར་བ་ལས། བླ་མ་གསེར་ཞྭ་ཅན་ལ་རྐུ་བྱས་ན་དགའ་ཟེར་བར་ཡང་དོན་མེད་པ་ཞིག་ག་ལ་ཡིན། མིན། ང་འདྲ་བོ་ཅི་ཡང་མིན།  ངའི་མགོ་ཡི་རལ་བ་འདི་མ་གཏོགས་འཇིག་རྟེན་རྒད་པོ་ཞིག་དང་ཁྱད་པར་ཅི་ཡོད། ཡིན་ཡང་། ང་ལ་སྔགས་རབས་བརྒྱད་ཀྱི་སྔགས་རྒྱུད་ཡོད་པས།  ཕ་ཁུ་  དྲིན་ཅན་དག་གི་སྒྲུབ་སྦྱོང་གི་མཐུ་ཡིས་ང་མ་དགའ་ན་ལྷ་མི་དགའ་བ་ཁོ་ཐག་ཡིན།  ཆེ་ཉན།  བཏོན་འགོའི་ཆོས(མནའ་ཚིག)།  མི་ཉན།  ནང་སྒོས་སུ་བུད་མེད་ཅིག་གིས་དེ་གཏད་ནས་རུང་བ་ཞིག་མིན།” ཞེས་ཅུང་མཐོ་མཐོ་བྱས་བསྡད་པར། རྒད་པོ་ཚོ་གཙོ་བྱས་པའི་དེར་འདུས་ཀྱི་མི་རྣམས་ཀྱིས “དངོས་གནས་བདེན་པར་འདུག གན།  བུ་ཁྲིད་སྐྱིད་སྨྱོས་བྱུང་བ་མིན་པར་སུ་ཡིས་འདི་ལྟར་བྱེད་ནུས།”ཟེར།
      “ངས་ཅི་ཡང་བྱེད་མི་སྲིད། ད་ལྟའི་བར་སྒྲུབ་པ་ཉམས་ལེན་བྱས་པ་ཐམས་ཅད་སྐད་ཅིག་མའི་ཁོང་ཁྲོ་ལ་འཛད་མི་སྲིད་མོད། ཡིན་ཡང་། ང་ཡི་ཆོས་སྐྱོང་སྲུང་མར་ཕྲག་དོག་རྒོད་པས།  ”
      “ལགས། ཁྱེད་ཀྱིས་དེ་འདྲ་གསུང་མི་ཉན།  ཡོད་ཚད་ཁྱེད”ཞེས་བཤད་མ་ཚར་བར་ཨ་ཁུ་དཔོན་གྱིས་བསམ་དམིགས་ནས་སྐད་འགའ་བསལ་བ་ན་ཨ་ཁུ་ནོར་འབུམ་གྱིས་ཁ་མྱང་ཙམ་མྱང་ཙམ་བྱས་ཏེ་བསྡད།
      ཨ་ཁུ་དཔོན་གྱི་ལུས་པོ་ཆེ་ཞིང་རྒྱགས་ལ། གདོང་མདོག་ནག་ཅིང་སྣུམ། གོས་ནག་གིས་བཏུམ་པའི་རལ་བ་སྦོམ་པོས་མགོ་ལ་དཀྲིས་འགའ་བརྒྱབ་པ་དང་།  གཟི་ ཁོ་ན་ཡིན་པའི་ཕྲེང་བ་ཆེན་པོ་ཞིག་ལུས་ལ་ཕྲེད་གོན་བྱས་འདུག  དུང་གི་རྣ་རྒྱན་ཞིག་བཏགས་འདུག་ལ། ཐོད་ཕྲེང་ཞིག་ལག་ མགོར་དཀྲིས་འདུག་པར་མ་ཟད། གཅོད་ཌར་དཔེ་མེད་པ་ཞིག་གམ་དུ་བཞག་འདུག གཟན་དཀར་མཐའ་ལ་ལྕགས་རི་དམར་བོ་བརྒྱབ་པའི་འོག་ནས་བལྟས་ན་རྐང་དུང་ཞིག་རྐེད་ལ་གསེབ་པ་མཐོང་ཐུབ།  ཁོས་གདོང་ལ་ཁྲོ་ཉམས་ཤིག་བཟུང་བ་དང་མིག་གཉིས་བཙུམས་སྟེ་ཁ་མུར་མུར་གྱིས་ཅི་ཞིག་ལྐོག་འདོན་བྱས།  “……ཆོས་སྐྱོང་སྲུང་མ……དཔལ་ལྡན་ལྷ་མོ……ཨ་མྱེས་ར་རྫོང…… ”  ཞེས་གསོལ་འབོད་རེ་དང་མཉམ་དུ་མིག་གཉིས་ཀླད་དུ་སྐོར་ཙམ་སྐོར་ཙམ་བྱས་པ་ན།  ངོ་མ། དཔོན་ཟེར་བ་དེ་ཁྱེད་འདྲ་ཞིག་ལོས་ཡིན།  གདོན་ཟེར་བ་དེ་ཁྱེད་འདྲ་ཞིག་གིས་ལོས་ཐུལ་སྙམ་པ་ཞིག་རེད། 
      ཨ་ཁུ་དཔོན་གྱི་ཞོལ་དུ། མིག་ལྡོག་གཉིས་སྐྱ་ལྷང་ངེར་འདུག་པའི་རྒད་པོ་དེས་ཁ་སྤུ་འབལ་མཚམས་བཞག་རྗེས་ཨ་ཁུ་དཔོན་སར་ཨོང་ནུར་ཞིག་བྱས་ཏེ“དཔོན་རྒན་ཐུགས་རྗེ་ཅན།  ཁྱེད་ཚང་ལ་སྐུ་ཚེགས་འོ་བརྒྱལ་མྱངས་དུ་བཅུག་ནས་འདིར་ཞུ་དོན་ནི།  ཆར་ཆུ་དཀོན་ཙམ་དང་།  ཕྱྭ་གཡང་ཉམས་ཙམ་མ་ཡིན་ཏེ། སྤྱིར་ན་ནིང་ནས་བཟུང་།  ནད་ཁ་རྒོད་གི གདོན་ཁ་བཙན་གི  ནང་སྒོས་སུ་ལོ་ཆུང་དང་བུད་མེད་ལ་རྩུབ་གི  ཨ།  ཡང་། མེད་པ་ཁྱེར་ཤོག་དང་ཤི་བ་ལངས་ཤོག་གི་སྐད་ཆ་མ་ཡིན་མོད།  ངོ་མ་ཅན་གྱིས་བཤད་ན། དལ་བའི་དུས་ཀྱི་མཆོད་པ།  བྲེལ་བའི་དུས་ཀྱི་མཆོད་འབྲས།།  ནུས་མཐུ་ཞིག་ཡོད་ན་གཏོང་རན་ཡིན།  གྲུབ་རྟགས་ཤིག་ཡོད་ན་སྟོན་རན་ཡིན།   ཁྱེད་ཚང་གི་རྒྱ་སྟག་གི་རི་མོ་ཨོམ་འདྲ་བ་དེ་རྒྱ་སྒང་གི་རྩེ་མོ་གྲི་ འདྲ་བ་ལ་མ་ཕུལ་ན”ཞེས་བཤད་མ་ཚར་བར་ཨ་ཁུ་ནོར་འབུམ་གྱིས་ཁོ་ལ་སྡང་མིག་གིས་ལྟ་ཙམ་བྱས། “དེར་བཤད་མི་ཉན་རྒྱུ་ཅི་ཡོད། རང་སེམས་རློན་པ་ཡིན། རང་ཁྲག་ཁོལ་མ་ཡིན། ངོ་མ་བོ་དེ་མ་བཤད་ན།  རླངས་པ་ཡང་མོ་སྐྲན་དུ་འགྱུར།  ཙོག་པོ་ལྟག་ཏུ་སྦས་དོན་མེད། ཡག་པ་སྔོན་དུ་བཤམས་དོན་མེད། ད་བར་དུ། ཨ་མ་འདྲེ་མོའི་གདོང་ལ་སྒྲོལ་མ་དཀར་མོའི་ཞལ་བྲིས། འདྲེ་མིན་ཁུལ་བྱས། ལྷ་ཡིན་ཁུལ་བྱས།   ཨ་རོག གོས་ཡག་པོས་ཁུད་ཀྱི་མེ་མི་ཐུབ་ཟེར་བ་ཨེ་ཤེས། དེ་བས། ཁ་ངོ་གསང་མེད་པར་བཤད་ན་དགའ།  ཆུ་རྐ་ཐང་མེད་པར་བཞུར་ན་དགའ།  ང་ཆོས་སྐྱོང་དགྲ་ཁ་ཟེར་དོན་ཡང་།   ཁ་བཙོག་ནས་དགྲ་ཁ་བཏགས་པ་མིན། ཚིག་བཙོག་ནས་དགྲ་ཁ་ཐོགས་པ་ཡིན། ”ཞེས་ལོབས་ཕྱོགས་ཀྱིས་ཁ་སྤུ་ལ་རེག་ཙམ་བྱས་རྗེས་མུ་མཐུད་དུ“སྤྱིར་ན་ནིང་ལོ་མཇུག་ནས་བཟུང་།  ལགས། ཁྱེད་ཚང་ཞུས་ཡོད་རྒྱུ་ན་འདི་འདྲའི་ཆག་སྒོ་ཞིག་འབྱུང་མི་སྲིད་མོད།  ཨ།  ཡང་།  མི་མང་ལ་ཁ་མང་། མི་མཐུན་པའི་སེམས་མང་།  ལ་ལས་ཇོ་བོ་ཡིད་བཞིན་བྱིན་ཅན་ཡིན་ཟེར། ལ་ལས་སྐུ་འབུམ་གསེར་སྡོང་མིང་ཅན་ཡིན་ཟེར།  དད་པ་རེ་ལ་བྱིན་རླབས་རེ་ཡིན་པས་གཅིག་ཐོག་གཅིག་ཏུ་འཇོག་མ་ཐུབ།  སྟོད་ནས་བླ་མ།  སྨད་ནས་གྲུབ་ཐོབ། ཐ་ན་རྒྱ་ལྡོམ་རྩིས་པར་བརྫུས་པ་སོགས་མ་ཞུས་པ་ནི་མེད།   ཕན་མ་ཐོགས་ཟེར་ཆེ་ ཉན་མོད།  ཡིན་ཡང་། ཞེ་བསམ་པས་བཤད་ན།  ཨིན།  ཨིན།  ངོ་མ་ཅན་གྱིས་བཤད་ན།  ཨིན།  གང་ལྟར་ཡང་གནོད་བྱེད་དེ་གནོད་བྱེད་རང་ག་བ་ཞིག་མིན་པ་ཁོ་ཐག་ཡིན། ”ཟེར་བ་ན། 
      “ད་ཤོད་ཡ། དགྲ་ཁ་བཏགས་པ་དོན་མེད་དུ་མ་གཏོང་།”ཞེས་ཨ་ཁུ་ནོར་འབུམ་གྱིས་སྐེ་དཀྱུ་ཙམ་གྱིས་བསྡད།  ཨ་ཁུ་ཆོས་སྐྱོང་ཀྱིས་ཇ་ལ་ཧུབ་ཅིག་བཏབས་ རྗེས་དཀར་ཡོལ་ས་ལ་བཞག
      “དཔོན་རྒན་ཐུགས་རྗེ་ཅན།  ཆང་མ་བཟི་སྔོན་ལ་ཞུ་རྒྱུའི་ཚིག་གསུམ་ཡོད། སྤྱིར་ཆང་ཙམ་གྱིས་ཁྱེད་ཚང་གི་ལྷ་ལ་འཁྲུལ་བ་དང་ཐུགས་ལ་ནོར་བ་འཆོར་མི་སྲིད་མོད། འོན་ཀྱང་།  གང་ཟག་ང་ལྟ་བུ་ལ་མཚོན་ན། བླང་དོར་གྱི་ཡོན་ཏན་དཀོན་པས་སེམས་པ་ལག་མཐིལ་ལ་བཞག་སྟེ། འདི་ལ་སེམས་པུ་ཟེར་ཞེས་མ་བཤད་ན་མི་ ཤེས།  རི་མོ་མིག་སྔུན་དུ་བཤམས་སྟེ་འདི་ལ་རྒྱལ་ཁམས་ཟེར་ཞེས་མ་བསྟན་ན་མི་  ཤེས།  གང་ལྟར་ཡང་ཁྱེད་ཚང་ལ་ཞུ་རྒྱུ་ཞིག་ཡོད་པ་ནི། ནད་ཁ་གདོན་ཁ་འདིའི་འབྱུང་ཁུངས་ལ་རྐྱེན་ཞིག་ཡོད། ལན་པ་ལ་མི་ཞིག་ཡོད། ལྕགས་སྣེ་ཡི་འབིགས་འབིགས་པོ།  ཐག་སྣེ་ཡི་ཙར་ཙར་བོ། སུ་ཡིན་ཟེར་རྒྱུ་ན། གན། བུ་ཁྲིད་སྐྱིད་ཡིན། དེ་ནི་མགར་བའི་ལག་ནས་ཐོ་ཤོར་བ་ཙམ་མིན།   སྨན་ངན་ཁ་ནས་ཚིག་ཙམ་ཤོར་བ་མིན།  ནོར་འབུམ་གྱིས་བཤད་པ་ལ་བདེན་ཞིག་ཡོད་པ་ཉག་ཅིག་ནི།  སྔོན་ཆད་ཀྱི་སྔོན་ཆད། ད་དེ་བཤད་ན་རིང་འདུག བུ་མོ་འདིའི་ལག་ཆུང་ངོས་སུ་ཟས་འགོས་ནས་ཅང་མ་འགོར་གོང་། རྐང་ཆུང་ངོས་སུ་ས་འགོས་ནས་ཅང་མ་འགོར་གོང་། ངོ་མ།  བུ་མོ་དེ་བུ་མོ་ཡིན།  རྟོལ་མོ་དེ་མཛོ་མོ་ཡིན། མགོ་སྒུར་ནས་འདུག་ཤེས།  རྭ་བསྙལ་ནས་འགྲོ་ཤེས།  ཡིན་ཡང་། ཁོ་མོས་སློབ་གྲྭར་རྒྱུགས་མ་འཕྲོད་པ་ནས་བཟུང་།  འདི་འདྲའི་ཤི་གཤེད་ཁྲིགས་ཀྱིས་མི་ཞོག་པ་ཞིག་གིས་བཟུང་བྱུང་།  མོ་ཐོ(འཕྲུལ་རྟ)ཉོ་ཟེར་ནས་གསར་བུ་འགའི་བློ་ཁ་གཡོན་ལ་གཅུས་པས།  པ་ཐོ་ཚང་གི་མག་པའི་ངོ་ས་ལ་གླན(བསད་སོང་བའི་དོན།)།  མོ་རང་གིས་ཀྱང་མོ་ཐོ་ཞོན་པར་བལྟས་ཙ་ན།  ཚ་ཚ།  འདྲེ་སྲིན་དམར་མོ་ཁྲོས་པའི་ས་གཤགས་པ་དང་འདྲ།  ཨིན་ཨིན། ལྟ་མི་བཟོད།  མི་ལ་ཡལ་བ་འཐོར་བར་བྱེད(ཧ་ལས་པར་བྱེད་པའི་དོན)།  དེའི་རྗེས་ཚོང་རྒྱག་ཅེས་ལོ་ཆུང་འགའ་ཡི་བློ་ཁ་གཡས་སུ་གཅུས་པས། སྒོར་མོ་ཁྲི་ཚོ་མང་བོའི་དོམ་འོག་ཏུ་ཕང་བ་ཕར་ཞོག་རླངས་འཁོར་ལོག་ནས་བདེ་པེ་དང་དར་སྐྱབས། ཤེས་སམ།  ཨོམཎིཔདམེཧོ།  འབའ་ཐོ་དག་ཞིང་བོ་ཡི་བུ་ཆུང་བ།  འདི་གཉིས་ནད་པར་བཏང་།  ད་རུང་དེ་ཡིས་ག་ལ་ཚད།  ངེད་གསེར་བཟང་ཐང་གི་ཕ་རིང་བུ་རྒྱུད་ལ་མི་དཔེ་བ་ཞིག་བྱུང་བ་ནི། གངས་དཀར་སྒྲོལ་མ། རྒྱ་ཕྲུག་གྱང་རྡུང་ཞིག་གི་རྗེས་དེད་ནས་བྲོས་སོང་བ་དེའི་བར་ན་ཡང་བུ་ཁྲིད་སྐྱིད་སྨྱོན་མ་གདོན་ཡོད་པར་བཤད། ལྟོས་དང་།  ད་ནི་ལ་ལས་བུ་འཁྲིད་སྐྱིད་ལ་རྡུང་རྒྱུ་ཟེར།  ལ་ལས་རྒྱ་ནང་དུ་ར་མདར་འགྲོ་རྒྱུ་ཟེར། གང་ལྟར་ཡང་། ཕུ་ནུ་ནང་དམེ་བྱེད་རྒྱུ་དེ་གཅིག  ཕྱི་སྡེར་མི་ཤ་བགོ་རྒྱུ་དེ་གཉིས།  གྱོད་ཅིག་གི་སྣ་ནས་མ་བསྡད་ན་ངས་ཅི་བཤད་ཅི་ཡང་མ་ཤེས་རྟགས།  ཁ་ལས་མི་དགེ་དཀོན་མཆོག་སྐྱབས། མགོ་གང་དུ་བཞག་རུང་སྐོ་དོང་ཞིག  ང་ནི་དེ་འདྲའི་མི་ཁ་ལས་ཅན་པོ་མིན་མོད། ངས་བལྟས་ན། སྔོན་བཀྲ་དོན་གྱིས་བསད་སོང་བའི་རྒྱ་རྒན་འབུ་རྐོ་དེས་བཀྲ་དོན་རང་དགར་མི་གཏོང་ཞེས་སོ་འཁྲུག་སྟེ་ཤི་སོང་བ་སྡེ་བ་ཡོངས་ལ་གསལ་བ་འདི་རེད། ལོས་ཡིན། གྲིབ་ཤི(རང་བྱུང་ཤི་བ་མ་ཡིན་པའི་ཤི་བ་ལ་ཟེར།)ཡིན་པས་འདྲེ་རུ་སྐྱེ་བ་ཐག་གིས་ཆོད།  ཤི་གཤེད་ཀྱི་རིགས་འདིའི་བླ་གཉོམ་པས་རྒྱལ་ཁབ་ཀྱི་བཙོན་ཁང་དུ་འགྲོ་མི་ཐུབ། ཁོས་བཀྲ་དོན་ལ་སྙིང་ནད་རྩོད་མ་ཐུབ་པས། ད་གཟོད་གསེར་བཟང་ཐང་འདི་ཕུ་དཀྲུགས་མདོ་དཀྲུགས་བྱེད་པ་འདྲ།  བུ་ཁྲིད་སྐྱིད་ཀྱི་བཅའ་སྲོལ་དང་ལས་སྲོལ་ལ་བལྟས་ན་རྒྱ་རྒན་འབུ་རྐོ་དེ་མིན་པར་འགྲོ་ས་མི་འདུག  རྨི་ལམ་དུ་རྨིས་པ་ཕར་ཞོག་རྒྱ་རྒན་དེ་མིག་གིས་དངོས་སུ་མཐོང་བྱུང་ཟེར་བ་ཡང་མང་།  ཚ་ཚ། ཇི་འདྲའི་འདྲེ་ངར་ཞིག་ལ། ཨ་ལགས་རིག་བཟང་ཚང་གིས་རྒྱ་འདྲེ་གེག་ལངས། ནང་བའི་བསྟན་དགྲ་ཞིག་གནོད་བྱེད་དུ་འདུག་གསུང་བ་ཡང་། ངས་བལྟས་ན་འདི་ལ་ཟེར་བ་འདྲ། སྤྱིར་བུད་མེད་ཚང་གི་ལུས་ལྷ་གཉོམ་པས་འདྲེ་ཡིས་འཛིན་སླ།  ངེད་ཚང་གི་མནའ་མས་ཀྱང་ཨ་ནེ་སྙིད་མོས་མནར་ཚུལ་དང་གཉེན་སྒྲིག་རང་དབང་མིན་ཚུལ་བཤད་ནས་ཀི་ངུ་འདྲེས་སྐོར་གྱིས་སྤྱང་ལུང་གི་ཕུ་ལ་བྲོས། ད་བར་དུ་གཉེན་སྒྲིག་རང་དབང་ཟེར་བ་ཞིག་གང་དུ་ཡོད། སྤྱང་ལུང་ཕུ་རུ་བྲོས་སོང་ཟེར་བ་ཐོས་མ་མྱོང་། ད་བར་དུ་ཨ་ནེ་མནའ་མ་མི་འགྲིག་པ་གང་མང་བྱུང་། སྤྱང་ལུང་ཕུ་རུ་བྲོས་སོང་ཟེར་བ་ཐོས་མྱོང་། ཨ་ཤི་རེ།  འབྲོ་ས་དེ་གཙང་ས་ཞིག་མིན་ཡ། ཨ་རོགས། འདྲེ་ཚོགས་ཀྱིས་མདུད་པ་རྒྱག་ས་ཞིག་ཡིན།  གནས་དེ་རུ་འགྲོ་ཕོད་པ་ཕར་ཞོག བསམ་ཕོད་པ་ཡང་མི་འདུག  ནང་སྒོས་སུ་བུད་མེད་ཅིག ཨོ་ལེ། དེར་བལྟས་པས་ཀྱང་བུད་མེད་འདི་ཚོ་དག་མ་དང་དྭངས་མ་ཞིག་མིན་པ་ཤེས་ཐུབ།  ཤི་གཤེད་འདི་རང་ག་བ་ཞིག་མིན་པ་ཤེས་ཐུབ།”ཟེར་བ་ན།  “ཨ་ཤི་རེ།  བླ་མ་ཁྱེད་ཚང་མ་ཞུས་པ་ནོར་སོང་བ་འདྲ། ”ཞེས་ཨ་ཁུ་ནོར་འབུམ་གྱིས་ཁོངས་དགོད་ཅིག་བྱེད་ཞོར་ཞེ་སྡང་གིས་རང་གི་ཇ་འཁྱག་གོ་ཁའི་ནང་དུ་ཕོད་མ་ཐག ཐལ་འཕྱུར་འདོམ་གང་བསླང་བྱུང་། ཁོས་སྐྲག་འགེབས་ཞིག་བྱས། དཀྱིལ་དཀྲུང་ཞིག་ནས་གན་རྐྱལ་དུ་ལོག   ཀི་ཀི་ཀི(དགོད་སྒྲ)མོ་ཁྱིམ་གྱི་བུ་མོ་འགའ་ལ་དགོད་ཁ་ཤོར། “ཐོད་མདའ་སྤྲོད་རྒྱུ་མ་ཚོ། ཁ་རོགས།” ཨ་ཁུ་ནོར་འབུམ་གྱི་རྒན་མོས་སྐད་དམའ་མོས་བུ་མོ་ཚོའི་ངོ་ལ་སྤར་མོ་རེ་གདངས་པ་ན། བུ་མོ་ཚོས་ཨ་ཁུ་དཔོན་ལ་ལྐོག་ལྟ་དང་ལྕེ་ནར་ཡང་ཡང་བྱེད་བཞིན་ཕན་ཚུན་གྱི་ཕག་ཏུ་ཡིབ་རེས་བྱས་བསྡད། 
      “བླ་མ་ཞེས་ན་མི་ཤེས་མོད།  གཉན་པོ་ཞིག་ཡིན་པ་ཁོ་ཐག་རེད།”ཨ་ཁུ་ཆོས་སྐྱོང་གིས་ཨ་ནོ་ལ་རྩེད་མཚར་ཞིག་བྱས་པ་ན། མི་མང་ལ་དགོད་ཁ་ཤོར།  
      “ལྟོས་དང་། ཇི་འདྲ་རེད། གཞན་ཐོག་ཆུ། རང་ཐོག་མེ། མེ་ཐིག་རེ་ལ་ཨ་ཚ་རེ། དཀོན་ཡ། ད་དཀོན་ཡ། རང་ཤ་རློན་པ་སྲེག་ན་ཨ་ཚ་མི་ཟེར་བ་དཀོན་ཡ”ཨ་ཁུ་ཆོས་སྐྱོང་གིས་ཁ་སྤུ་འབལ་བཞིན་བསྡད།
      “ཨ་རོག འུག་མིག གན།  བུ་ཁྲིད་སྐྱིད། བུ་སྨྱོན་མས། མགོ་སྒུར་མ་ཤེས་པ་དང་རྭ་བསྙལ་མ་ཤེས་པ་གངས་ཅན་བོད་པའི་སྲོལ་དང་མི་མཐུན། འུ་བོ་ཚང་གི་ལུགས་དང་མི་མཐུན་ཞེས་ངས་ཁས་བླངས་བས་མི་ཚད་བཤགས་པ་ཡང་བརྒྱབ་ཚར། ཡིན་ཡང་། ཁྱོད་ཀྱིས་ད་རུང་རྒྱ་གདོན་སྟེང་དུ་རྒྱ་འདྲེ་བཏགས་ན། ངེད་དཔོན་སྐོར་འབུམ་མེ་ཚང་ལ་ཙར་ལོ་བཏགས་ཏེ་ཙོག་ཏུ་བཅུག་པ་མིན་ནམ། ཨ་ཤི་རེ། ངའི་ལས་ཙོག་ན། བོད་འདྲེ་ལའང་མི་དགོས་སམ།”ཞེས་པ་ན། ཐམས་ཅད་ལ་དགོད་ཁ་ཤོར།
      “ངེད་ཚང་གི་མནའ་མ། ཨ་རོག དེ་འདྲེ་མིན་ནམ།”
      “རེད་མོད། སྤྱང་ལུང་གི་ཕུ་རུ་འབྲོ་སྲོལ་ལ་བལྟས་ན། ཨེ།(དོགས་པ་ཟ་བའི་དོན།)དེ་ནི་བོད་འདྲེ་ཞིག་ཡིན་པ་ཐག་གིས་ཆོད།”ཅེས་ཨ་ཁུ་ནོར་འབུམ་གྱི་ཟུར་ཟའི་ཚིག་རྔ་ཅུང་རིང་བར་བྱས་པ་ན། ཨ་ཁུ་དཔོན་གྱིས་འཇིགས་འཇིགས་ཀྱིས་སྐད་ཅིག་བསལ། ཨ་ཁུ་ནོར་འབུམ་གྱིས་མྱུར་དུ“ཡ། ལགས།  ཁྱོད་ཚང་གི་ཐུགས་མི་དཀྲུག ”ཟེར།
      ཨ་ཁུ་དཔོན་གྱིས་མིག་གཉིས་བཙུམ་སྟེ་གསོལ་བ་ཡུན་རིང་བཏབས་རྗེས་ཕྲེང་བ་གཡུག་སྟེ་ཕྲེང་མོ་བཏབ། “ཡ། ངས་ཀྱང་འདི་འདྲ་ཞིག་ཡིན་འདོད་ཡོད། གསེར་བཟང་ཐང་ལ་ཐེག་དཀའ་བའི་བཅའ་བ་འདུག སྔོན་ལ་ཕུར་བའི་ལྕགས་འདུལ་ཞིག་རྒྱག་དགོས། ཇི་ལྟར་མྱུར་ན་དེ་ལྟར་བཟང་། བུ་ཁྲིད་སྐྱིད་གང་དུ་འདུག  མོ་ངེས་པར་དུ་ཁྲིད་ཡོང་དགོས།”ཟེར་བ་ན། ཨ་ཁུ་ནོར་འབུམ་དང་ཨ་ཁུ་ཆོས་སྐྱོང་གཉིས་ཀྱིས་ཕན་ཚུན་གྱི་གདོང་ལ་བལྟས་བསྡད།  
      “ ཁབ་ལེན་རྡོ་ཡིས་བཙལ་ཡང་རྙེད་དཀའ། ལགས། ཚབ་བྱེད་ཙམ་གྱིས་ཆོག་གམ།” ཨ་ཁུ་ཆོས་སྐྱོང་གིས་རང་གི་མ་ནེ་ལ་རེག་ཙམ་གྱིས་ཨ་ཁུ་དཔོན་སར་སླར་ཡང་ཨོང་ནུར་ཞིག་བྱས།
“དེ་ག་ལ་ཆོག”

     སྙིང་རྗེ།  ཡོད་ཚད་ཀྱི་ལན་པ་བུ་འཁྲིད་སྐྱིད་ཀྱི་སྟེང་དུ་བཀལ། ཐབས་ཅི་ཡོད། དེ་བས་དགེ་ཆོས་ཚང་གིས་ཀྱང‘རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་སྒྲོགས། གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།’ཞེས་པའི་ཚད་མའི་ཚིག་རྐང་འདི་བཞག  འགྲོ།  དེ་བས་རང་ཉིད་ཨ་ཁུ་ཚེ་དབང་ཚང་དུ་འགྲོ  གངས་དཀར་སྒྲོལ་མ་བྲོས་སོང་བས། ཨ་མ་འཛོམ་སྐྱིད་མིག་ཆུའི་ནང་དུ་བསྙལ་འདུག་པ་འདོན་མི་ཟ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།