རྩྭ་ཐང་གི་ཉིན་ཐོ།
ཨ་མ་འཛོམ་སྐྱིད་ཀྱིས་དགུན་སློག་བལ་ཁ་འཇོལ་ལེ་བ་ཞིག་གྱོན་པ་དང་བྱིས་པ་ཆུང་ཆུང་ཞིག་རུམ་དུ་བཅུག་པའི་ཐོད་པར་རང་གི་ཐོད་པ་གླན་ཏེ་ཕར་ཡོ་ཚུར་ཡོ་བྱེད་བཞིན“ལོ་ལོ། གཉིད་པོ་ལོག་དང་རྟ་ཞིག་སྟེར། རྟ་ལ་སྒ་ཆུང་སྟོད་ལ་སྟེར།”མོས་མགོ་བོ་ཡར་དགྱེས་ཏེ་སྐད་འགོ་གྱེར་ཙམ་གྱིས་ཁྱིམ་ལས་ལ་བྲེལ་བའི་མནའ་མ་ལ “མནའ་མ། ལྟོས་དང་། ཨ་རྒྱ(ཨ་ཕའི་དོན)ཡོང་གིན་ཡོད་དམ”ཞེས་དྲིས་རྗེས་སླར་ཡང་ཐོད་པ་བྱིས་པར་གླན་ཏེ་མི་མཐུད་དུ“ལོ་ལོ། གནམ་གྱི་སྐར་མ་འཛིན་ན་སྟེར། ས་ཡི་མེ་ཏོག་འབལ་ནས་སྟེར། ལོ་ལོ། ཙི་གུའི་རྔ་མར་རྡོ་ལི་འདོགས་ལ་ སྟེར། སྲུ་མོ་ཡོང་ན་རྡོ་ལི་སྟེར། མག་པ་ཡོང་ན་རྡོ་ལི་སྟེར།”ཟེར་བ་ན།
“ཧོ་ཧོ་ཡ། ཨ་མ་འདི། ཁྱོད་ལ་ཇི་འདྲའི་ཚར་རྒྱུ་མེད་པའི་རྡོ་ལི་ཞིག སྲུ་མོ་ཡོང་ན་དུང་ཞིག་སྟེར། མག་པ་ཡོང་ན་མདའ་ཞིག་སྟེར་ཟེར་བ་མིན་ནམ། ”ཅེས་མནའ་མས་ཧབ་ཆ་ཞིག་བརྒྱབ།
“ཁྱོད་སྐྱག་པ་དགོད། ཨ་ཧོ། ངའི་བུ་མོས་རྒྱ་ཁོག་སྐམ་པོར་ཉུལ་ནས་མུག་ཁ་ཇི་ལྟར་གསོ། དེ་ཚོར་ཁ་གསོ་ཐབས་མེད་པར་གྱང་བརྡུང་ནས་གླ་བྱེད་པ་མིན་ནམ། མི་ཚེ་འདིར་ངོ་ཐུག་ཐབས་མེད་པས། ད་ནི་ངས་གསོན་སྡུག་འདི་ཇི་ལྟར་འཁུར།”ཞེས་ཨ་མ་འཛོམ་སྐྱིད་ཀྱིས་ངུ་ལྷབ་ཅིག་བྱས། ཡུན་ཙམ་ནས་མོས“ད་རུང་སྟག་ལྷ་ཚང་གིས་ཅི་ཟེར་བ་མི་ཤེས། འཇིག་རྟེན་རྙིང་བ་ཡིན་ན་མི་ཤ་ལག་ཏུ་བགོ་ངེས།”
“དེ་ཚང་ལ་ཟེར་རྒྱུ་ཅི་ཡོད། དེང་སང་གཉེན་སྒྲིག་རང་འཐད་ཡིན། ཕེ། གྱོལ་བོ་དེ་ལ་ང་ཡང་མི་འཐད།”
“ ཨ་ཙི། ཁྱོད་མི་འཐད་པར་ཁྱོད་འགྲོ་བ་ཡིན་ནམ། དེང་སང་གི་བུད་མེད་འདི་ཚོ་ལ་སྐྲག་འདུག”
“ཨ་མ། ཁྱོད་ཀྱིས་སེམས་ཁུར་མ་བྱེད། གངས་དཀར་སྒྲོལ་མ་གནས་ལ་བྲོས་པ་མིན།”
“འདི་ཡིས་ཅི་ཟེར” ཨ་མ་འཛོམ་སྐྱིད་ཡར་ལངས་བྱུང་།
“ཁོ་མོའི་སྐད་ངག་བདེ་ལ་སྐྱེས་གཟུགས་ལེགས་པས་བུ་འཁྲིད་སྐྱིད་ཀྱིས་མོ་ རང་གླུ་ལེན་ས་ཞིག་ཏུ་འགྲོ་རུ་བཅུག”
“དེ་ཅི་ཡིན། འདི་ཅི་ཡིན། ཨོ་ན། རྒྱ་ཕྲུག་དེ།”
“ དེ་ངས་ཤེས་སམ།” མནའ་མ་དགོད་བཞིན་སྒོར་བུད། དགའ་སྐྱོ་གང་ཡིན་མི་ཤེས་ལ་མནའ་མ་ལ་ཅི་ཞིག་བཤད་དགོས་པ་ཡང་མི་ཤེས་པར་གྱུར་བའི་ཨ་མ་འཛོམ་སྐྱིད་ཀྱིས་རུམ་གྱི་བྱིས་པར་ཐོད་པ་གླན་ཏེ་ཡུན་ཙམ་ལ་ལངས་བསྡད། ཨ་ཁུ་ཚེ་དབང་ཁྱིམ་དུ་འཛུལ་བྱུང་།
“རྒད་པོ། སྟག་ལྷ་ཚང་གིས་ཅི་ཟེར་འདུག ཅི་བྱས་བྱུང།”ཨ་མ་འཛོམ་སྐྱིད་ཀྱིས་ཨ་ཁུ་ཚེ་དབང་གི་གདོང་ལ་བལྟས་ཏེ་འཚུབ་ཆ་ལངས།
“ཨ་མ་དེའི་བུ་མོ། ར་མ་དེའི་རེའུ། སྤྱིར་བུ་མོ་འདི་རིག་མི་དགོས་པ་ཁྱོད་ལ་རིག་སོང་། དེང་ཐོག་ཁྱོད་ཀྱང་ལུག་རྫི་ལྕེ་ལོ་ཡི་རྗེས་སུ་འབྲོ་རྩིས་བྱས། ཨེན་ཙམ་གྱིས་མི་ཤ་བཀལ། ལྟོས་དང་། ད་ནི་བུ་མོས་མི་ཤ་མ་བཀལ་ཐབས་མེད་བྱུང”ཟེར་ཞོར་ཞེ་སྡང་གིས་ས་ལ་ཙོག
“བཙན་སྐོར་སྡེ་བས་ཅི་ཟེར། སྟག་ལྷ་ཚང་གིས་ཅི་ཟེར།”
“བཙན་སྐོར་སྡེ་བ་ར་མདར་འགྲོ་རྒྱུ་ཟེར། བུ་མོའི་སྐྲ་འབྲེག་རྒྱུ་ཟེར། མག་པའི་རྐང་རྡུང་རྒྱུ་ཟེར། ཡ། དེ་མིན། ད། ཁྱོད་ལ་ཅི་དགོས།”ཞེས་ཨ་མ་འཛོམ་སྐྱིད་ཀྱི་སྟེང་ལ་སྡང་སྡང་ཞིག་བྱས་རྗེས་མེ་ལང་ཞིག་ར་ཙེའི་སྟེང་དུ་བཞག་སྟེ་ཤུགས་ཀྱིས་མར་གནོན་ཙམ་བྱས།
“ཨ་ཚ་ཚ། ཚ་ཚ་ཚ།” ཨ་ཁུ་ཚེ་དབང་གིས་གུང་མཛུབ་ཐབ་ཀའི་སྟེང་དུ་ཕུར་ ཕུར་ནས་ཕུར་ཕུར་བྱས།
“ཁྱོད་ལ་དེ་མིན་པར་ཅི་དགོས་ཟེར་སྲོལ་ལ་བལྟས་ན། རྒྱ་ཕྲུག་གི་རྗེས་སུ་བྲོས་སོང་བ་དེ་ང་ཡིན་པ་འདྲ།”
“རྒས་སོང་བ་ལས། ཁྱོད་ནི་རྒྱ་ཕྲུག་ཕར་ཞོག་ཀླ་ཀློ་ཧོན་ལོག་གི་རྗེས་སུ་ཡང་འབྲོ་ངེས། ང་ནི་ར་མདར་མ་སོང་བ་ཞིག་མ་རེད། དེང་ཐོག”
“ཨ་རོག རྒད་པོ། ཁྱོད་ཀྱིས་དེང་ཐོག་སྟེང་དུ་ད་ཐོག་བརྩེགས་ནས་ལོ་ལོན་སོང་བ་ཨེ་ཤེས། བཟའ་སྡུག་འུ་གཉིས་འདྲ་བོ་འཐོར་རྒྱུ་མེད་པར་འཐབ་རྒྱུ་དག་དག ལག་འཐབ་ལས་ཀྱང་ཁ་འཐབ་སྡུག མི་ཚེ་ཞིག་ལ་ཙག་བརྡུང་ན་ཁྱོད་ཀྱི་ཁ་ཡིས་བཟོད་ཀྱང་ང་ཡི་རྣ་ཡིས་མི་བཟོད། དེ་འདྲ་ཞིག་ཡིན་ན་དེང་ཐོག་ཁྱོད་ཀྱིས་ང་མ་བླངས་ན་མི་ཆོག་གམ། ད་རུང་ར་མདར་ཟེར། ཕེ། ཁྱོད་ལ་དཔའ་ཇི་འདྲ་ཞིག་ཡོད་པ་ང་ལ་མི་གསལ་ལམ། ལུག་རྫི་ཁེར་ཉལ་ཞིག་ལ་དཔུང་རྡུང་བྱས་པ་ལ་ར་མདའ་ཟེར་རམ། ཁྱོད་ལ་ཅི་ཞིག་ཡོད། ཤིག་མ་ཟོས་པའི་གོང་མ་ཡིན་པ་སུས་མི་ཤེས། ཨ་རོ། ལུག་རྫི་ལྕེ་ལོ་ཡིན་ཡང་། རང་གི་སྣང་བར་སྐུ་གེ་སེར་ཡིན། གསུང་མགུར་མ་ཡིན། ཁྱོད་འདྲ་ཞིག་གི་ཁ་རྩར་ཉི་མ་ནམ་མཚན་གཏོང་བ་ལས། ལྕེ་ལོ་ཞིག་གི་རྩུབ་ནས་རྣ་བ་ཁོམ་ན་མི་བཟང་ངམ། ཨ་ཤི་རེ། འུ་གཉིས་ཀྱི་ཐོད་པའི་ཁ་ཡིག་འདི་ནི་ཞར་བ་ཞིག་གིས་ཞར་འབྲི་བྱས་པ་འདྲ།”
མ་བཟང་། མ་བཟང་། ཨ་མ་འཛོམ་སྐྱིད་ཀྱི་ཁ་འཐབ་ཀྱིས་རང་གི་ཅོ་ཏོ་ཕྱེད་ཀ་བཏོགས་ནས་ཐང་དུ་འཕེན་པ་ཉོས་ཚར་བྱུང་། ད་ནི་ཅི་བྱེད། མནའ་མ་ཡང་ཁྱིམ་དུ་མི་འདུག ཡིན་ཡང་། ང་བསམ་ཡུལ་ལས་འདས། ཨ་ཁུ་ཚེ་དབང་གིས་རང་ལ་འདི་དགོས་ཟེར་བ་ལྟར་ཁ་མྱང་ཙམ་གྱིས་དུད་ཁུག་ནང་གི་དུ་བ་ཕུར་གྱིན་ཕུར་གྱིན་བསྡད། ཨ་ཙི། ཨ་ཙི། དངོས་གནས་ཨ་མ་འཛོམ་སྐྱིད་ཀྱིས་བཤད་པ་ལྟར་བཟའ་ཟླ་འདི་གཉིས་འཐོར་རྒྱུ་མེད་པའི་འཐབ་ལོབ་དུ་སོང་འདུག
“སོང་དང་། ལུག་རྫི་ལྕེ་ལོ་ད་རུང་ཤི་མེད་པ་གན་རེད།” ཅེས་ཨ་ཁུ་ཚེ་དབང་གིས་དལ་མོར་མཆུ་སྟོན་ཙམ་བྱས།
“ ཧོ་ཧོ་ཡ། ང་ལ་ཡང་མིག་ཡོད། ཨ་རོ། ཁྱོད་ཀྱིས…མནའ་མ་ཐོན་ཐལ ”ཞེས་འཛོམ་སྐྱིད་ཀྱིས་རང་གི་ཐོད་པ་མྱུར་དུ་རུམ་གྱི་བྱིས་པའི་ཐོད་པར་གླན།
“ ཨ་རྒྱ། ཇ་འཐུང་། ཨ་ཁུ་སྟག་ལྷ་ཚང་གིས་ཅི་ཟེར།” མནའ་མ་ཕྱུག་མཚོ་ཡིས་ཨ་ཁུ་ཚེ་དབང་གི་ངོ་མདངས་ལ་ལྟ་བཞིན་ཇ་ཞིག་བླུད། གངས་དཀར་སྒྲོལ་མ་འབྲོ་རུ་བཅུག་པའི་གྲས་སུ་མོ་རང་ཡང་འདུག་པས་གཉེན་རྟགས་བརྒྱབ་པའི་མི་ཚད་གཉེན་སྟོན་ཡང་ཉིན་ཐོག་སྐར་ཐོག་ཏུ་བཞག་ཚར་འདུག་པའི་སྟག་ལྷ་ཚང་གིས་གྱོད་སློང་བར་སུ་མི་སྐྲག
“ལོ་ལོ། བཙན་སྐོར་སྡེ་བར་བཤད་ཚུལ་མང་འདུག ལ་ལས་རྒྱ་ཕྲུག་ལན་པ་ ཡིན་ཟེར། ལ་ལས་བུ་མོ་ལན་པ་ཡིན་ཟེར། ཡང་ལ་ལས་བཤད་ན་འུ་ཚང་ལན་པ་ཡིན་ཟེར། བཙན་སྐོར་ཐོག་པ་ཡང་དོན་མེད་པ་ཞིག་མ་རེད། ལ་ལ། འབྲུག་སྐད་ལ་ཐོག་སྐད་གྲགས། ཐོག་སྐད་ལ་གཞོབ་དྲི་བྲོ། ཁྱི་མོར་རྣ་ཙར་བཏགས་ནས་ཟུག་ཏུ་བཅུག ཙི་གུར་ཁྲོལ་རིལ་བཏགས་ནས་རྒྱུག་ཏུ་བཅུག ཁོ་བཙན་སྐོར་སྟག་ལྷ་ཚང་ལ་དེ་མི་འགྲོ ཁྱི་གསོད་ན་ཐང་ཟེར། མི་རྨས་ན་ཐང་ཟེར”
“ཧིན། ཁྱི་ལབ། སྟག་ལྷ་ཁ་སྐྲང་། ཁྱོད་ཀྱིས་ཁྱི་དུ་གསོད་པར་ངས་ལྟ།”ཨ་མ་འཛོམ་སྐྱིད་ཀྱི་སྐེ་ཕར་དཀྱུས་ནས་བསྡད།
“སྤྱིར་ཨ་ཡེ་འཛོམ་སྐྱིད་འདིའི་ཁ་སྣང་ཆེ། སྣ་སྣང་མཐོ། ཁ་སྐྲང་སྟེང་དུ་སྣ་ སྐྲང་བཏགས། རྐང་ཞའི་སྟེང་དུ་ལག་ཞ་བཏགས་པས་བུ་མོའི་བློ་ཁ་འགྱུར་བ་ཡིན། བཙན་སྐོར་སྟག་ལྷ་ཚང་ཞེས་ན། ཨ་རོག བྱུར་རུ་དམར་བོ་འཐོར་ཤུལ་ཞིག་ཡིན། ཙན་དན་ སྡོང་བོ་སྐྱེས་ཤུལ་ཞིག་ཡིན། མི་རྒྱུད་གཙོ་བོ་ཡིན་པ་ལས། རྐང་བ་གྱོལ་ཙམ་ལ་ཅི་སྐྱོན། དེས་རྐང་རྒྱུགས་འགྲན་རྒྱུ་མིན་ནམ། རུ་ཁ་ཉུལ་ཏེ། ཁྱི་ཁ་འུར་ཏེ། ཤིག་དང་རྩམ་པ་མང་ཉུང་མེད་པར་ཟ་བའི་ལུག་རྫི་ཞིག་ལས་མི་བཟང་ངམ།”
“ ཨ་ཙི། ཨ་རྒྱ། དེང་སང་དེ་འདྲའི་ལུག་རྫི་ཞིག་ཡོད་དམ།”མནའ་མས་ཧ་མ་གོ་བར་བཤད་།
“ལོ་ལོ། ལོས་ཡོད། ཡོད་ནི་རེད། དེ་མིན་ད་རུང་ཉིན་དཀར་ལྷ་མོའི་ལྷ་བཞེངས་རོགས་དང་ནུབ་མོ་འདྲེ་མོའི་ཐག་འཐག་རོགས་ཡང་ཡོད་ངེས” ཞེས་པ་ན། མནའ་མའི་སེམས་སུ་ཨ་ཕས་མོ་ལ་བཤད་པར་དོགས་ཏེ་མྱུར་དུ་ཨ་མའི་གདོང་ལ་ལྟ་ཙམ་བྱས། ཨ་མ་འཛོམ་སྐྱིད་ཀྱིས་མནའ་མའི་མནོང་སེམས་ཚོར་དེ་མྱུར་དུ“ཕ་བོང་ལ་བསྐོར་ནས་རི་བོང་ལ་འགྲམ་ལྕག གནའ་མ། ང་ལ་བཤད་པ་ཡིན། མི་ཚེ་ཞིག་ལ་ངེད་གཉིས་ཀྱིས་ཕན་ཚུན་ལ་ཡར་སེམས་ཤིག་མ་དྲན་པ་འདྲ། ཇི་ལྟར་ངན་རུང་། རང་གི་བུ་མོ་ལྡོམ་པོ་ཞིག་གི་རྗེས་སུ་མི་མངགས་པ་ངས་ཀྱང་ཤེས་འདུག”ཨ་མ་འཛོམ་སྐྱིད་ཀྱིས་མནའ་མ་ལ་བལྟས་ཏེ་བཤད།
“སུས་ཤེས། ལྕེ་མེད་པ་མི་ཤེས་པ་ཞིག་གིས་ཅི་ཤེས། ཉིན་དཀར་སྤྱང་ཀིའི་རྣ་ལམ་མ་བརྒྱུད། དགོང་མོ་འུག་པའི་མིག་ལམ་མ་བརྒྱུད། ཁ་ཡི་རླངས་པ་ཞིག་གིས་བུ་མོ་བྲོས་སོང་ཞེས་ན། དེ་ནི་བྱ་བགད་དེ་གཤོག་སྣེ་འཆག་པ། སྦྲུལ་བགད་དེ་སྒལ་བ་འཆད་པ་ཞིག་མིན་ནམ། ཁྱོད་ཨ་ཡེ་འཛོམ་སྐྱིད་མི་འཐད་པ་ཞིག་ཡིན་ན། བུ་མོའི་ཅོ་སྤུ་འགའ་བོ་སྔར་ནས་བཏོགས་པས་མི་ཚད། ཅོ་སྤུས་ཐ་གུ་བསྒྲིལ་ནས་བཏགས་ཀྱང་ཚར་འདུག” ཨ་ཁུ་ཚེ་དབང་གིས་ཀྱང་མནའ་མ་ལ་བཤད་ཁུལ་ཀྱིས་བཤད།
“ཨ་རྒྱ། ཨ་མས་དངོས་གནས་ཤེས་མི་འདུག”
“ལོ་ལོ། སྙིང་རྗེ། ཁྱོད་ཀྱིས་ཅི་ཤེས། ཨ་ཡེ་འཛོམ་སྐྱིད་ཅེ་ན། མི་ཤེས་དགུ་ཤེས། ཤིག་གི་རྒྱུ་མ་ལྡུག་ཤེས། ལྟོས་དང་། ཁ་སྣང་སྣ་སྣང་ལག་ཏུ་བཟུང་ཏེ་བརྒྱུགས་ན། མཐུ་ཆེན་གཏོར་མར་གདོང་ཐུག་རྒྱག་དུས་ཀྱང་ཡོད། ད་རྒྱུགས་ཡ། དཔའ་ཡོད་ན་དཔུང་རྩལ་ངོམ་རན་རེད།”ཟེར་ཞོར་ཨ་ཁུ་ཚེ་དབང་གིས་ཡ་ཁྱིམ་གྱི་གཉེནརྟགས་ཀྱི་ཆང་དང་གོས་སོགས་ཕྱིར་བླངས།
“ཧོ་ཧོ་ཡ། དེ་ལྟར་བཤད་ན། ངས་གྲི་ལྟིག་ཅིག་གཡུགས་ནས་འཛིན་ཐབས་བྲལ་བ་དང་འདྲ། དོན་གལ་དུ་བཞག་བྱུང་ན། ང་སྐྲག་ནས་སྒྱིད་པ་འདར་བ་ཞིག་མ་རེད། སྙིང་རྗེ། རིལ་མ་དང་འདྲ་བ་ཁྱོད། རྟ་ཞིག་གི་རྨིག་སྣེར་འབྱར་ལོས་འགྲོ་མིན་པར་མི་འདོད”ཅེས་ཨ་མ་འཛོམ་སྐྱིད་ཀྱིས་སྣ་སྙེར་ཞིག་བྱས་ཏེ་སྐེ་ཕར་དཀྱུ་ཙམ་བྱས་པ་ན། མནའ་མ་ཐབ་ཀའི་ཕག་ཏུ་ཡིབ་ནས་ལྐོག་དགོད་བྱས།
“ཕྱིར་སྟེར་དགོས་པའི་གཉེན་རྟགས་རྣམས་ལོས་སྟེར། ཉིས་སྐལ་མ་དགོས་ སུམ་སྐལ་འཇལ་ནས་བྱིན་ཀྱང་ཆོག དེའི་ཕན་ཆད་ནས། ཧོ་ཧོ་ཡ། རྐང་རྡུང་རྒྱུ། སྐྲ་འབྲེག་རྒྱུ་ཞེ་ན། ང་ལ་དགོད་རྒྱུ་སྒལ་ཚུགས་དཀྱིལ་ནས་འདུག ཕེ། རྩམ་པའི་མགོ་ཐུ་འགའ་ཡོད་པ་ལ་བུ(དཔའ་མེད་པའི་བུ་ལ་ཟེར།)ཟེར་རམ། ད་ཤོག ངས་མཛོ་འཕོང་འགག་ནས་སྒུག་འདུག”ཅེས་རུམ་གྱི་བྱིས་པ་ཨ་ཁུ་ཚེ་དབང་གི་ཕང་དུ་ཞེ་སྡང་གིས་བཞག
“ ཨོ་ལེ། འགྲོ་དགོས་ན། ང་ཡང་འགྲོ ”མནའ་མ་ཡར་ལངས་ནས་ཐབ་ལ་ རིལ་མ་ཞིག་དེད། “བྲིས་པ་བཏོན་པ། (མནའ་ཚིག་ཅིག ཆོས་ཡུམ་ཆེན་ཐེངས་གཅིག་བྲིས་པ་དང་བཏོན་པའི་དོན)འདི་གཉིས་ལ་སྐྲག་འདུག བྲིས་པ་བཏོན་པ། བུ་ཁྲིད་སྐྱིད་ཀྱི་འདྲེ་དེ་འདིར་ཐོན་ བྱུང་། ” ཨ་ཁུ་ཚེ་དབང་གིས་ཡིད་མི་ཆེས་པའི་མིག་ཟུང་གིས་རྒན་མོ་དང་མནའ་མ་གཉིས་ལ་རེས་མོས་ཀྱིས་ལྟ་ཞོར་དྲག་ཏུ་ངུ་བཞིན་པའི་བྱིས་པ་ལ་གཅེས་བྱས།
ཨ་མ་འཛོམ་སྐྱིད་ནི་གཟུགས་ཆེ་ཞིང་གདོང་མཛེས་པ། ཁ་ཕོ་ཆེ་ཞིང་ཚིག་སྒོ་བཙན་པ་ཞིག་ཡིན་པས། བལྟས་པ་ཙམ་གྱིས་བསོད་ནམས་ཅན་གྱི་བུད་མེད་འཛོམ་པོ་དག་གི་མཚོན་བྱེད་དུ་འདུག ཡིན་ཡང་། ཧ་ཧ་ཧ། གཟུགས་ཐུང་ལ་ངོ་ནག་པ། རྣ་གཉིས་ཅོར་རེ་བ། རལ་བ་ཙིག་རྔ་ཙམ་སྐེ་ཁུག་ཏུ་འཕྱིང་བའི་ཨ་ཁུ་ཚེ་དབང་མཐོང་བ་ཙམ་གྱིས་ཁྱོད་ཚོ་ལའང་དགོད་ཁ་འཆོར་ངེས། ‘གནའ་མི་བཙའ་རོ་མ’ཟེར་བ་དེ་ཚོའི་བཟའ་ཟླ་ཞེས་པའི་མཚན་ཉིད་ནི་ག་འདྲ་ཞིག་ཡིན་ནམ། ཧ་ཧ་ཧ། ངོ་མ། ཞར་བ་ཞིག་གིས་ལག་རྙོབ་ཀྱིས་ཁྲིད་ཡོང་བ་དང་འདྲ། ཐོད་པའི་ཁ་ཡིག་དེ་གདོང་ཁུག་ལ་བྲིས་ཤུད་དུ་སོང་བ་དང་འདྲ། སྐྱེས་རྒྱུད་དང་རུས་རྒྱུད་གཙོ་བ། ཕ་མ་དང་ཕ་ཁུ་གཙོ་བའི་གཉེན་དོན་ཀྱི་མཚོན་བྱེད་ལ་ཁྱོད་གཉིས་ལས་འོས་འཚམ་ཞིག་མི་འདུག་པ་འདྲ། ངས་རྩྭ་ཐང་ལ་ཉུལ་ལྟ་བྱས། ད་ནི་ཉིན་གུང་ལ་སླེབས་འདུག ལྟོས་དང་། སྦྲ་ཚེའུ་སྒོ་ཆོན་སྟེང་དུ་ལྭ་དམར་འཕྱིང་བ་དེ་ཚང་གིས་ད་རུང་ལུག་ལྷས་བསྐྱིལ་དང་ནོར་རྡང་འདོགས་བྱས་ནས་ཅི་བྱེད་པ་ཡིན་ནམ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com