གསེར་བུམ་ནང་གི་དུག་ཆུ།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-12-10 09:50:00
ཀློག་གྲངས།:
ལས་འགྲུབ་ཀྱིས།" ཁྱོད་ཀྱིས་གཞང་འཚོང་མ་བཤད་པ་མ་ཡིན་ནམ། ཧ་་་་ཧ། ངའི་དེའི་ཕྱོགས་མི་ཤེས་ཟེར།
སྐྱ་བྷས།"ཧ་ཧ་ཧ། ང་འགྲོགས་དང་ཤེས་ངེས་ཡིན། ཟི་ལིང་དུ་མཛེས་མ་བཙལ་རྒྱུ་ཡིན་ནམ།
ལས་འགྲུབ། ལས་འགྲུབ་ཀྱིས་ལྕེ་སྦྲིད་པའི་རྣམ་འགྱུར་ཁྲོད། "ཁྱོས་བལྟས། གང་ལྟར་ང་ཁྱོད་ཀྱི་རྗེས་སུ་ཡོང་ངེས་ཡིན། ཁྱོད་ལ་མགྲོན་ཞིག་བྱེད་པར་ང་སེར་སྣ་ག་ལ་ཡོང"ཟེར། སྐྱ་བྷས།"དེས་ན་བཟང་གི སང་ཉིན་ཟི་ལིང་དུ་འགྲོར་ཡང་སྐྱིད་པོ་ཞིག་རྩེ་"ཟེར་ཞོར་ཆང་ཁང་གི་སྒོར་བུད།
གཞུང་དྲང་བབ་ཆགས་ཀྱི་ལས་འགྲུབ་ཀྱང་ཞེ་སྡང་ཆང་གི་ཉེས་པའི་དྲ་རྒྱ་ལས་ཐར་མ་ཐུབ་པར། སྤྱོད་པ་མི་གཙང་བའི་གྲོགས་སྐྱ་བྷས་ཤན་ཤུགས་མི་ཐེབས་ཀ་མེད་བྱུང་ལ། ཁོ་གཉིས་ཀྱིས་ཨ་རག་གི་བཟི་ཁ་མ་ཐུབ་པར་གཞང་འཚོང་ཁང་དུ་སྤྱོད་ངན་གྱི་བྱ་བ་སྒྲུབ་ཏུ་སོང་།འདི་ནི་ལས་འགྲུབ་ལ་མཚོན་ན་མི་ཚེ་འདིའི་ཁྲོད་ཁྲེལ་མེད་ཀྱི་བྱ་བ་སྒྲུབ་ཐེངས་གཉིས་པ་བ་ཡིན་ལ། སྐྱ་བྷར་མཚོན་ན་བགྲང་གིས་མི་ལངས་སོ།
ཕྱི་ཉིན་ཉིན་གུང་། ལས་འགྲུབ་དང་སྐྱ་བྷ་གཉིས་ཟི་ལིང་དུ་འབྱོར་བྱུང་། ཁོ་གཉིས་ཟི་ལིང་བོད་མིའི་ཁྲོམ་དུ་ཀུན་དགའ་མགྲོན་ཁང་ཞེས་པ་ཞིག་ཡོད་པར་བསྡད། ཉི་མ་ཟི་ལིང་ལྷོ་རིའི་རྩེ་ནས་གནོང་ཚོར་གྱིས་འགྱ་སྟེ། ཟི་ལིང་བོད་མིའི་ཁྲོམ་གྱི་ཁོ་ར་ཁོ་ཡུག་ཀུན་ཏུ་གློག་འོད་སྐར་ཚོགས་ས་ལ་འཕོས་པ་ལྟར་སྣང་། བོད་མིའི་ཁྲོམ་གྱི་ཚོང་ཁང་ཆེ་ཆུང་ཡོད་ཚད་དུ་མིས་བཀང་འདུག་ལ། བལྟས་ཚོད་དུ་ཡོད་ཚད་ཚོང་རྒྱག་པར་ཁོམ་ལོང་བྲལ་བ་དང་འདྲ་ཞིང་། ཉོ་མཁན་མང་ཆེ་བ་བོད་རིགས་རེད། བོད་ཡིག་གི་སྒོ་བྱང་བཀལ་ཡོད་པའི་མགྲོན་ཁང་ཆུང་ཆུང་དག་གི་སྒོའི་ལོགས་སུ་བུ་མོ་ཁ་རས་ཅན་སྐོར་སྐོར་བྱས་ཏེ་མགྲོན་པོར་བསུ་བ་བྱེད་བཞིན་འདུག བོད་མིའི་ཁྲོམ་གྱི་གཞུང་ལམ་འགྲམ་ན་ཐང་ཆེ་རྒྱུུ་ཆུང་རྒྱུ་མེད་པ་ཞིག་ཡོད་པ་དེར་མི་ཚོགས་ཀྱིས་ཁེབས་འདུག་ལ། མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོད་པར་མ་ཟད། མི་རིགས་གཞན་ཡང་ཡོད་པ་དང་། བོད་ལྭ་དང་བོད་ཡིག་རྩེ་སྤྱད་བྱེད་བཞིན་པའི་མུ་ཏོ་བའམ་ཡུལ་གྱར་གླུ་བ་རེ་འགའི་སྡུག་གླུ་ལངས་ཤིང་། སྙིང་རྗེ་ཅན་ལ་ལས་སྒོར་འཛོམས་ཚོད་ཀྱི་སྦྱིན་པའང་གཏོང་བཞིན་ཡོད། མི་ཚོགས་ཀྱི་གསེབ་ན་ཁ་རས་ཅན་གྱི་གཞང་འཚོང་མ་ཚོས་ཕྱོགས་ཡོང་མགྲོན་པོ་དག་ཚུར་འགུག་ཐབས་བྱེད་བཞིན་འདུག སྐབས་དེར། སྐྱ་བྷ་དང་ལས་འགྲུབ་གཉིས་ཀུན་དགའ་མགྲོན་ཁང་གི་སྒོ་ཁར་བུད་དེ། རིམ་བཞིན་མི་ཚོགས་ཀྱི་གསེབ་ཏུ་འཛུལ། ཆུ་ཚོད་སྐར་མ་བཅུ་ཕྲག་ཙམ་འགོར་རྗེས། ཁོ་གཉིས་བུད་མེད་གཉིས་ཀྱི་རྗེས་འབྲངས་ནས་མགྲོན་ཁང་གཞན་ཞིག་ཏུ་འཛུལ། ཁ་དཔེར་ཡང། མཆོད་རྟེན་ལ་འགྲོག་ན་དཀར་པོ་དང་། སླ་ངར་འགྲོག་ན་དྲི་མག་ཟེར་བའི་དཔེ་ལྟར། ལས་འགྲུབ་ཀྱིས་སྐྱ་བྷའི་མ་རབས་སྤྱོད་ཚུལ་ལ་འདི་ལྟར་གོམས་ལ་མ་གོམས་ཀྱིས་སློབ་སྦྱོང་བྱས། ཁོ་གཉིས་གཞང་འཚོང་ཁང་དུ་སོང་ནས་དུས་ཡུན་ཐུང་ཐུང་གི་དགའ་བདེའི་དམིགས་ཡུལ་བསྒྲུབས་རྗེས། བཟི་མ་སད་ཀྱི་ངང་ནས་ཕྱིར་མགྲོན་ཁང་དུ་ལོག
སྐྱ་བྷ།"ལས་འགྲུབ། ཅི་འདྲ་རེད། ཟི་ལིང་གི་མཛེས་མ་ད་མཛེས་མ་ཟེར་ནོ་རེད་ལ།
ལས་འགྲུབ་ཁོ་རང་ཅུང་བཟི་ཡོད་ནའང་། "ད་དེ་འདྲ་རང་རེད། ད་འདིའི་སྐོར་མི་གླེང་བར་བྱ། སང་ཉིན་ཡུལ་ལ་འགྲོ་དགོས་པས། ད་སྔ་མོ་ཞིག་ནས་གཉིད་རྒྱུ་བྱེད། འུ་གཉིས་ཀྱི་དོན་ངན་འདི་དག་གཞན་ལ་བཤད་སྲོལ་མེད། རྗེས་ཕྱོགས་འདིའི་སྐོར་མི་ལས་རྒྱུ་བྱེད། གསལ་འདེབས་བྱེད་རྒྱུ་ཞིག་ལ། ངས་ཆུང་མས་ཅིག་ཤེས་རྗེས། ད་ང་ཚར་སོང་ནི་རེད།
སྐྱ་བྷ།"ཅི་རེད། ད་འགྱོད་པ་སྐྱེས་སམ། ངས་གཞན་ལ་མི་བཤད་ཁོ་ཐག་ཡིན། འུ་གཉིས་ཀྱི་གསང་བ་གཞན་ལ་བཤད་ནས་སྙིང་བོ་ཅི་འདུག ངས་བལྟས་ན་ཁྱོད་རང་ཐང་ཆད་འདུག ད་གཉིད་ཟེར"ཞོར། མལ་ཁྲི་སྟེང་གན་རྐྱལ་དུ་ལོག་ལ། ལས་འགྲུབ་ཀྱང་གན་རྐྱལ་དུ་ལོག་ནས་ཅི་ཡང་མི་ཟེར་པར་འདུག
ཕྱི་ཉིན། ཕྱི་དྲོའི་ཆུ་ཚོད་བཞི་ཡས་མས་སུ་ལས་འགྲུབ་གླ་གཏོང་རླངས་འཁོར་ཞིག་ཏུ་བསྡད་དེ་ཕ་ཡུལ་དུ་ལོག་བྱུང་། གླ་གཏོང་རླངས་འཁོར་ལས་འགྲུབ་ཚང་གི་སྒོ་ཆེན་མདུན་དུ་སླེབས་ནས་དུང་བརྡ་ཞིག་གྲགས་པར། བཟང་མོ་དང་ཚ་མོ་ཕག་མོ་སྒྲོལ་མ་གཉིས་མྱུར་དུ་སྒོར་ཐོན་བྱུང་།
ཕག་མོ་སྒྲོལ་མ། "ཨོ། ཨ་ཁུ་ཐོན་ཐལ། ཨ་ཁུ་ཐོན་ཐལ།"
བཟང་མོས་རླངས་འཁོར་མཐོང་འཕྲལ་ཅུང་ཧ་ལས་པར་གྱུར་ལ། ཞོར་དུ་དགའ་ཚོར་ཞིག་ཀྱང་སྐྱེས་ཏེ། ཕྱིར་ཐོན་བཏང་ངམ་ཟེར་ཞོར་ལས་འགྲུབ་ལ་ཅ་ལག་ལེན་རོགས་བྱས། ལས་འགྲུབ། "བཟང་མོ། རླངས་འཁོར་གྱི་གཞུག་སྒམ་ནང་དུ་དངོས་པོ་མང་པོ་འདུག དེ་དག་ལེན་རྒྱུ་བརྗེད་མི་ཉན"ཟེར་ཞོར། རླངས་འཁོར་ཁ་ལོ་བར་གླ་རིན་བྱིན། ཁོ་ཚོས་དངོས་པོ་རྣམས་བླངས་ཚར་ཞིང་། ལས་འགྲུབ་དང་བཟང་མོས་རླངས་འཁོར་ཁ་ལོ་བར། "ནང་དུ་འགྲོ ཇ་འཐུང་རྗེས་སོང་ཞིག"
རླངས་འཁོར་ཁ་ལོ་བས། "ད་མི་འགྲོ། བཀའ་དྲིན་ཆེ། ང་མྱུར་དུ་མ་སོང་ཚེ་ས་རུབ་འགྲོ་ཟེར་"ཞོར་རླངས་འཁོར་དུ་བསྡད་དེ་བྱ་འཕུར་བ་བཞིན་ཕྱིར་ལོག་སོང་། བཟང་མོ་དང་ཚ་མོ་ཕག་མོ་སྒྲོལ་མ་གཉིས་ཀྱིས་ལས་འགྲུབ་ཀྱིས་ཉོས་འོང་བའི་དངོས་ཟོག་དག་ནང་དུ་སྐྱེལ་བཞིན་འདུག ལས་འགྲུབ་ཁྱིམ་དུ་འཛུལ་ནས་ཅུང་དོགས་མི་བདེ་བའི་ངང་ནས་བསྡད་ཡོད་པ་དང་། བཟང་མོའི་གདོང་ལ་འཛུམ་ཞིག་ལངས་ནས་ཁོར་ཇ་བླུག
བཟང་མོ།"ཅི་རེད། རླངས་འཁོར་གནོད་ཟིན་པ་ཨེ་རེད། ངོ་མདོག་ཧྲ་རྒྱུ་མེད་ནོ། ཁྱོས་སྔོན་ལ་ཇ་འཐུང་ཞིག ངས་ཁྱོད་ལ་ཤ་ཁུ་ཞིག་བསྐོལ་ཡོད། དེ་འཐུང་ང་ངལ་གསོས་དང་སྐྱོན་མི་འདུག་ཅེས་ཞི་འཇམ་ཤ་ཚའི་སྐད་ཆ་དག་འཕྲོ་རིམ་འཕྲོར་བཤད་པར། ལས་འགྲུབ་ཀྱིས་ཀྱང་། རང་ཉིད་རླངས་འཁོར་ལ་གནོད་དེ་དབང་རྩ་ཉམས་ཤིང་ངོ་མདོག་མི་ལེགས་པ་ཡིན་ཁུལ་བྱེད་པ་ལས། མདང་ནུབ་དོན་ངན་པ་སྒྲུབ་སྟེ་གཉིད་བཅག་ཡོད་པ་བཤད་ག་ལ་ཕོད།
ལས་འགྲུབ་ཀྱིས་ཇ་འཐུང་ཞོར། "སྐྱོན་མི་འདུག ཉིན་འདི་འགར་རླངས་འཁོར་དུ་འདུག་རྒྱུ་མང་དྲགས་པས་ཕལ་ཆེན་ཐང་ཅུང་ཙམ་ཆད་ཡོད་པ་འདྲ། ཉིན་འགའ་འགོར་ཚེ་ཇེ་བདེ་རུ་ཡོང་བ་ཡིན། བཟང་མོ་ཁྱོས་ཁུག་མ་ཆེན་པོ་དེ་འདིར་འཁྱེར་ཤོག ངས་ཚ་མོར་ལྭ་བ་ཞིག་ཉོས་ཡོད་པས། ངས་ཁོ་མོར་སྟེར་རྒྱུ་ཡིན"ཟེར།
བཟང་མོས་ཁུག་མ་ལས་འགྲུབ་ལ་བྱིན་པ་དང་ལས་འགྲུབ་ཀྱིས་ཁྱིམ་ཚང་གང་བོར་ལྭ་བ་སོགས་ཀྱི་སྐལ་ཉོས་ཡོད་ལ། བོད་བཟོའི་སྟོད་ལྭ་སྙིང་རྗེ་བོ་ཞིག་བླངས་ཏེ་ཚ་མོ་ཕག་མོ་སྒྲོལ་མར་བསྐོན། ཚ་མོ་ཕག་མོ་སྒྲོལ་མ་དགའ་ནས་གནམ་ལྡིང་ས་ལྡིང་བྱས་ཏེ་ཡུལ་ལ་འགྲོ་རྩིས་བྱས་པར།
ལས་འགྲུབ ། "ཁྱོ་ཡུལ་ལ་འགྲོ་རྒྱུ་ཡིན་ན་སྤོ་བོ་དང་ཨ་མ་སོགས་ལ་དེ་དགོང་ཨ་ཁུ་ངེད་ཚང་དུ་དགོང་ཇ་འཐུང་གི་ཤོག་ཅེས་ཤོད།
ཕག་མོ་སྒྲོལ་མ། ཨོ་ཡ། "ཟེར་ཞོར་གནམ་ལྡིང་ས་ལྡིང་བྱས་ཏེ་སྒོ་ལ་རྒྱུགས། ལས་འགྲུབ། ལས་འགྲུབ་ཀྱི་ཇ་འཐུང་ཞོར།"བཟང་མོ། དེ་དགོང་གི་ནུབ་ཇ་ལེགས་པོ་ཞིག་གྲ་སྒྲིག་བྱོས ཡུན་རིང་ཞིག་ལ་ཕ་མ་གཉིས་དང་མཉམ་དུ་ཟ་མ་མ་བཟོས་པས། དེ་དགོང་ང་ཚོ་མཉམ་དུ་འདུག་ལ་ཁ་བརྡ་ཞིག་བྱེད་ཅེས"ཟེར།
བཟང་མོས།"ཨོ་ལེ། དེ་ལྟར་བྱས་ན་བཟང་། ཁྱོད་ཀྱི་ངལ་གསོས་དང་ངས་གྲ་སྒྲིག་བྱེད"ཟེར་ནས་སྒོར་འགྲོ་རྩིས་བྱས་པར། ལས་འགྲུབ་ཀྱིས།"བཟང་མོ། ཁྱོད་རང་ཅུང་ཙམ་སྡོད་དང་། ངས་ཁྱོད་ལ་ཐེངས་འདིའི་ཡོང་སྒོའི་སྐོར་ཅིག་ཁ་བརྡ་བྱེད། ད་ཐེངས་དབྱར་རྩའི་ཐད་ནས་ས་རིན་སྤྲད་རྗེས་བསྡོམས་པས་སྒོར་ཁྲི་ལྔ་རྙེད་བྱུང་། རྗེས་སུ་རླངས་འཁོར་དང་ལམ་བར་གྱི་ཟས་རིན། མགྲོན་ཁང་གི་རིན། ཚོང་རྩག་རྩིག་རྒྱབ་རྗེས། ད་ལྟ་སྒོར་ཁྲི་བཞི་དང་སྟོང་གསུམ་ལྷག་ཡོད། སྟོང་གསུམ་པོ་ངས་འཁྱེར་ཡོང་ཡོད། ཁྲི་བཞི་བོ་འཁྱེར་ཡོང་ན་སྟབས་མི་བདེ་བས། དངུལ་བྱང་སྟེང་དུ་བཞག་ཡོད"ཅེས་ཟེར་ཞོར་སྒོར་སྟོང་གསུམ་དང་དངུལ་བྱང་བཟང་མོར་བྱིན།
བཟང་མོ།" ཁྱོད་ཐེངས་གཉིས་ལ་སྒོ་ཕྱི་ལ་སོང་ནས་སྡུག་མ་བཏག་གི་བསམ་པ་མེད། སྒོར་མོ་ཡོད་ཚད་ཁྱོད་ཀྱིས་བདག་གཉེར་བྱོས། ཡང་གཅིག་བཤད་ན་ཁྱིམ་འདིའི་བདག་པོ་ཁྱོད་ཡིན་ནི་རེད། ང་ལ་སྒོར་མོས་ཅི་བྱེད། ཁྱོད་ཀྱིས་ཡོད་ཚད་བཀོད་སྒྲིག་བྱས་ཏེ་བསྡད་ན་ངའི་བདེ་སྐྱིད་འདི་ཡིན་ནི་རེད"ཟེར་ཞོར་སྒོར་མོ་དང་དངུལ་བྱང་ཕྱིར་ལས་འགྲུབ་ལ་བྱིན་ནས།" བདག་བཟང་པོ་བྱོས། ངའི་བོར་བཏང་ན་ཅི་བྱེད"ཟེར་ཞོར་ལས་འགྲུབ་ཀྱི་ཇ་ཕོར་དུ་ཇ་བླུག་རྗེས། ནུབ་ཇ་གྲ་སྒྲིག་བྱེད་འགོ་བརྩམས།
ཉི་མ་ནུབ་འདུག་ལ། ས་རུབ་ནས་རྒྱང་མིག་མི་ཆོད་པའི་མཚམས་སུ་སླེབས་འདུག རྒྱུན་པར་ཁུ་སུམ་མེར་སྡོད་པའི་བཟང་མོ་ཚང་དུ་སྐད་ཆེན་པོས་ལབ་གླེང་རྒྱུན་མི་ཆད་པར་འདུག རེད་ཡ། དེ་ནི་ཐེངས་འདིར་ལས་འགྲུབ་ཀྱི་དབྱར་རྩ་དགུན་འབུ་ཡི་ལག་ཡོང་བཟང་བས་ཁོའི་ཉེ་རིང་ཁྱིམ་ཚང་གང་བོར་ལེགས་སྐྱེས་ཉོས་ཡོད་པས་ཡིན་ལ། ཕ་མ་དང་ཁྱིམ་ཚང་གི་རེ་བ་སྟོང་ཟད་དུ་མ་བཏང་བར་སྐྱིད་པོའི་མཉམ་འཛོམས་ཀྱི་དགོད་སྒྲ་མ་ཡིན་ནམ།
ལས་འགྲུབ་ཀྱིས་དོར་མ་ཞིག་བླངས་ཏེ་འདི་ཨ་མའི་སྐལ་ཡིན། སྟོད་ལྭ་ནག་པོ་བླངས་ཏེ་འདི་ཨ་ཕའི་སྐལ་ཡིན། དུ་བ་བསྡམ་ལོག་གཅིག་བླངས་ཏེ་འདི་ཕུ་བོའི་སྐལ་ཡིན། མགོ་རས་ཤིག་དང་ཚི་ལེན་དམར་པོ་ཞིག་བླངས་ཏེ་འདི་སྲུ་མོའི་སྐལ་ཡིན་ཟེར།
ཕག་མོ་སྒྲོལ་མ། ཨ་ཀའེ། དེས་ན་ཨ་ནེ་བཟང་མོར་སྐལ་མེད་དམ་ཟེར་སྐབས། བཟང་མོས་དཀར་ཡོལ་ཞིག་འཁྱེར་ནས་ཆབ་སྟེགས་བཞག་ཅིང་། ལས་འགྲུབ་ཀྱིས་བཟང་མོའི་ངོར་ལྟ་ཞོར།
ལས་འགྲུབ། ཨོ། ཨ་ནེ་ལ་སྐལ་ལོས་ཡོད་ཟེར་ཞོར་ཁུག་མ་གཞན་པ་དེའི་ནང་དུ་བྱུ་རུ་སྐེ་རྒྱན་ཕྲེང་རྡོག་ཅུང་ཆེ་བ་ཅན་ཕྲེང་ཐག་གཅིག་བླངས་ནས་འདི་ད་ཁྱོའི་ཨ་ནེའི་སྐལ་ཡིན། འདི་སོང་ང་ཨ་ནེར་བྱིན་འདོགས་ཀི་ཞོགས། ཕག་མོ་སྒྲོལ་མས་དགའ་མཚར་ཁྱད་པར་བའི་རྣམ་འགྱུར་ཞིག་གིས་མིག་རིག་རིག་སྒོས་བྱུ་རུ་སྐེ་རྒྱན་ལ་ལྟ་ཞོར་བཟང་མོར། འདི་ཨ་ནེ་ཁྱོས་ཐོགས་ར་ངོ་མའི་ཅིག་ཡག་གི
བཟང་མོས་ཕག་མོ་སྒྲོལ་མའི་ལག་གི་བྱུ་རུ་སྐེ་རྒྱན་བླངས་ཏེ་འདིའི་རིན་གོང་ཧ་ཅང་མཐོ་སྲིད། ང་མ་ཉོས་ན་ཆོག་གི་མོད།
ལས་འགྲུབ། རིན་གོང་མཐོ་རྒྱུ་མི་འདུག འུ་ཚང་གི་བཟའ་མི་གཅིག་ལའང་སྐལ་ཆད་ཀི་བཞག་མེད། ལྷག་པར་དུ་བཟང་མོ་ཁྱོད་སྐལ་ཆད་ན་ག་ལ་ཆོག ཡ་ད་ཚང་མས་རང་རང་གི་གོན་པ་གོན་ན་ཚོད་ལྟ་བྱོས། ལས་འགྲུབ་བཟའ་མི་ཡོངས་ཀྱིས་དགའ་འཛུམ་གྱི་ལབ་གླེང་ཁྲོད་ནས་གོན་པ་གོན་ཞིང་བྱུ་རུ་སྐེ་རྒྱན་སོགས་བཏགས་ནས་དགའ་སྐྱིད་ཀྱི་བྲག་ཅ་རིམ་བཞིན་ལས་འགྲུབ་ཚང་གི་མཁར་སྒོར་ཁྱབ་འདུག
ཟླ་གསུམ་གྱི་རྗེས་སུ། ལས་འགྲུབ་རྣམ་ཀུན་དང་འདྲ་བར་གདོང་ལ་འཛུམ་ཤིག་ཤིག་གིས་ཡིད་ཆེས་དང་རེ་བ་དྲོན་མོ་ཞིག་གིས་ཁྱིམ་ལས་སྣ་ཚོགས་ལ་འབད་བཞིན་འདུག་ཅིང་། བཟང་མོའི་ཕོ་བ་ཡང་ཅུང་འབུར་ཡོད་པར་གཞིགས་ན། བཟང་མོར་མངལ་ཆགས་ནས་ཟླ་ཁ་ཤས་འགོར་ཡོད་པ་འདྲ། ལས་འགྲུབ་ཀྱི་སེམས་པ་དགའ་ཞིང་སྐྱིད་ནའང་། ཁོའི་ལུས་ཕུང་ཉིན་རེ་བཞིན་སྐམ་ཞིང་རིད་པར་སྣང་མོད། འོན་ཀྱང་ཁོས་ཁ་ཡ་མི་བྱེད་ཅིང་། བཟང་མོས་ནངས་དང་དགོང་ལ་ཁྱོད་རང་སྨན་ཁང་ལ་སྟོན་དུ་སོང་ཞེས་ཁ་ལ་ཇི་ལྟར་བྱས་རུང་། ཁོས་ཁ་ཡ་མི་བྱེད་པར་འདུག
ཟླ་བརྒྱད་ཀྱི་རྗེས་སུ། བཟང་མོའི་ལུས་ཁམས་ཀྱང་རྒྱུན་ལྡན་དང་མི་འདྲ་བར། རྒྱུན་དུ་ཚ་བ་རྒྱས་ཤིང་མགོ་ན་བ། དབུགས་ལེན་དཀའ་བ། གློ་ལུ་རྒྱག་པ་སོགས་ཀྱིས་ནད་རྟགས་མངོན་བཞིན་འདུག་པ་དང་། ལས་འགྲུབ་ཀྱི་ལུས་ཕུང་ཡང་ཉིན་རེ་ལས་ཉིན་རེ་བཞིན་ཇེ་སྡུག་དུ་འགྲོ་བཞིན་ཡོད། བཟང་མོར་བྱིས་པ་སྐྱེ་བའི་དུས་ཚོད་ཀྱང་ཐོན་ལ་ཉེ་ཡོད་པ་རེད། ལས་འགྲུབ་བཟའ་ཟླ་གཉིས་ཀྱི་ནད་རྟགས་འདི་ཁོའི་ཕ་མ་གཉིས་ཀྱིས་ཤེས་པར། ཁོ་གཉིས་མྱུར་དུ་སྨན་ཁང་དུ་ནད་གཞི་བརྟག་དཔྱད་བྱེད་དུ་འགྲོ་བར་ཁ་ལ་བྱེད་བཞིན་ཡོད།
ཨ་ཕ།"སྔོན་ཆད་ཡིན་ན། ཁྱེད་གཉིས་བུ་བཙའ་ལྟེ་གནས་སུ་བརྟག་དཔྱད་བྱེད་དུ་འགྲོ་རྒྱུ་དགའ་བོ་ཡོད། ད་སྐབས་སྒོར་མོའང་ཅུང་ཡོད་དུས། བཟང་མོར་མངལ་ཆགས་ནས་ཟླ་འདི་འདྲ་ཞིག་འགོར་རུང་ད་དུང་བརྟག་དཔྱད་བྱེད་དུ་མི་འགྲོ་བ་འདི་ཅི་ཡིན་ནམ། ཞེས་གཤེ་གཤེ་དང་སློབ་གསོ་འདྲེས་མའི་ཁ་ཏ་བྱས་པར།
ལས་འགྲུབ། ངེད་གཉིས་སང་ཉིན་འགྲོ་རྩིས་ཡོད། ཉིན་ཁ་ཤས་ཀྱི་སྔོན་ལ་བཟང་མོའི་ལུས་ཁམས་ཧ་ཅང་བདེ་བས། བརྟག་དཔྱད་བྱེད་དུ་མ་སོང་བ་ཡིན། མ་བསམ་ས་ནས་གློ་བུར་དུ་འདི་འདྲ་ཞིག་བྱས་སོང་ནི་རེད། ང་སྒོར་མོར་སེར་སྣ་ཡོང་བ་མིན་ཞེས་བཤད། ཨ་ཕ། དེས་ན་སང་ཉིན་སེམས་ཆུང་བྱོས་ཏེ་སོང་ཟེར་ཞོར་འཁང་རའི་རྣམ་འགྱུར་ཞིག་སྟོན་གྱིན་མགོ་བོ་གཡུག་གཡུག་བྱེད་བཞིན་ཕྱིར་ལོག་གོ
འབྲས་བུ་ཅི་སྨིོན་རང་གི་ལས་ལྟར་འགྲོ་ཞེས་པ་ལྟར། ཡར་སྔོན་ལས་འགྲུབ་སྒོ་ཕྱི་ལ་ཞོར་ལས་སུ་སོང་ནས་ཁྱིམ་ཚང་གསར་བ་འདིའི་ཆེད་དུ་སྒོར་མོ་མི་ཉུང་བ་ཞིག་བཙལ་ཏེ་ཀུན་གྱིས་ཡི་རངས་བྱ་སའི་ཁྱིམ་བདག་བཟང་བོ་ཞིག་ཏུ་གྱུར་ཡོད་ནའང་། དེ་ལས་ཡིད་སྐྱོ་ཞིང་ཞེད་སྣང་སྐྱེ་དགོས་པ་ཞིག་ནི། དེ་སྔོན་གྲོགས་ངན་སྐྱ་བྷ་དང་ལས་འགྲུབ་གཉིས་ཀྱིས་གཞང་འཚོང་ཁང་དུ་བག་མེད་ཀྱི་འཚོ་བ་ལོངས་སུ་སྤྱད་པ་དེས་ཁོའི་མི་ཚེ་ལ་རྫོགས་ཚིག་བཀོད་པ་དང་གཉིས་སུ་མེད་པ་སྟེ།གོང་གི་ནད་རྟགས་འདི་དག་ནི་མ་གཞི་ལས་འགྲུབ་ལན་པ་མ་ཡིན་ནམ། ལས་འགྲུབ་ལ་མཚན་མའི་འགོས་ནད་སྟེ་ཨེ་ཙི་འགོས་ནད་བྱུང་འདུག་ལ། སེམས་ལའང་མ་དྲན་པའི་ནད་གདོན་འདིས་རང་གི་སྙིང་ལྟར་གཅེས་པའི་ཆུང་མ་དང་བྱིས་པ་ལའང་འདི་ལྟར་གནོད་སྐྱེལ་འགོ་བརྩམས།
ཕྱི་ཉིན་ཞོགས་པར། ལས་འགྲུབ་ཀྱིས་དེ་སྔོན་གྱི་གླ་གཏོང་རླངས་འཁོར་དེ་གླས་ཏེ་བཟང་མོ་རེབ་གོང་བུ་བཙའ་ལྟེ་གནས་སུ་བརྟག་དཔྱད་བྱེད་དུ་སོང་། ཉིན་གོང་མ་སླེབས་པའི་ཡར་སྔོན་དུ་བུ་བཙའ་ལྟེ་གནས་སུ་འབྱོར་བྱུང་། ལས་འགྲུབ་ཀྱིས་བཟང་མོ་སྐྱོར་ཏེ་སྨན་པ་ཚེ་རིང་ཀྱི་ལས་ཤག་ཏུ་འཛུལ་པ་ན། སྨན་པ་ཚེ་རིང་སྐྱིད་ཀྱིས་བཟང་མོར་མངལ་ཆགས་ཡོད་པ་མཐོང་ནས་གདོང་ལ་འཛུམ་ཞིག་མངོན་བྱུང་ལ། ལས་འགྲུབ་ཀྱི་ལུས་ཕུང་སྐམ་ཞིང་རིད་པ་དེ་མཐོང་བས་སེམས་པ་ཅུང་འཁྱགས་པོར་གྱུར།
སྨན་པ་ཚེ་རིང་འཚོ། རླངས་འཁོར་ཞིག་ཀྱང་ཉོས་ཟིན་ནམ། ཆ་རྐྱེན་ཇེ་ལེགས་རེད་ལ། སྦྲུམ་མ་འདི་ལྟར་རླངས་འཁོར་དུ་འཁྱེར་ན་བཟང་། འཕྲུལ་རྟ་དང་ལག་སྐྱོར་འཁོར་ལོའི་ཐོག་འཁྱེར་ན་ཉེན་ཁ་ཧ་ཅང་ཆེ་ཟེར།
ལས་འགྲུབ། རང་གི་ལུས་ཕུང་མི་བདེ་ནའང་འཛུམ་ཞིག་བསྟན་ནས། "ཨ་ཅེ་ལགས། རླངས་འཁོར་ངས་ཉོས་པ་མིན་གྲོགས་པོ་འདིའི་རེད། ངས་གླས་ནི་ཡིན་ཟེར། བཟང་མོ་གློ་ལུ་བྱེད་བཞིན་ཡོད།
སྨན་པ་ཚེ་རིང་འཚོ། ཁྱོད་གཉིས་ཡུན་རིང་ཞིག་ལ་བརྟག་དཔྱད་བྱེད་དུ་མ་ཡོང་ཐལ། བྱིས་པ་ཟླ་དུ་རེད། སྐྱེ་རན་དུ་ཐོན་འདུག་པ་འདྲ་ཞེས་དྲིས་པར།
ལས་འགྲུབ། མངལ་ཆགས་པ་ནས་ཟླ་སྔོན་མའི་བར་ཧ་ཅང་བདེ་ཐང་ཡིན། བཟང་མོས་ཀྱང་བདེ་མོ་འདུག་ཟེར་ནས་སྟོན་དུ་མ་ཡོང་བ་ཡིན། བྱིས་པ་ཉིན་འགའི་རྗེས་སུ་ཟླ་བརྒྱད་ལ་སླེབས་ཡོད་ཟེར།"
སྨན་པ་ཚེ་རིང་འཚོས་བཟང་མོའི་ཐོད་པར་རེག་རྗེས།" ཚ་བ་ཅུང་རྒྱས་དྲགས་འདུག་ཟེར་ཞོར་ལས་འགྲུབ་ལ་བལྟས་ནས། སྨན་པ་ཚེ་རིང་འཚོ། ལས་འགྲུབ་ཁྱེད་ཀྱི་ལུས་ཕུང་བདེ་གི་མེད་པ་འདྲ། ཨེ་རེད། ཁྱོད་ཀྱི་ལུས་ཕུང་ཅུང་ཉམས་ཐག་ཏུ་གྱུར་ཡོད་པ་འདྲ་ཟེར།
ལས་འགྲུབ། རེད་ལགས། ཨ་ཅེ། ང་ཅིག་མ་བདེ་བར་ཟླ་དྲུག་ལྷག་འགོར་ཟིན། གང་ཞིག་ན་བ་གསལ་བོ་བཤད་རྒྱུ་མེད་མོད། འོན་ཀྱང་། ལུས་པའི་ཟུངས་ཟད་ནས་མགོ་ཡུ་འཁོར་བ་དང་། དབུགས་ལེན་དཀའ་བ། ཟ་མའི་ཡི་ག་མེད་པ་སོགས་ཅི་ཡིན་འདི་ཡིན་མིན་པའི་ནད་རྟགས་ཤིག་བྱུང་ཐལ། ཟླ་སྔོན་མ་ནས་བཟུང་བཟང་མོའང་དེ་འདྲ་རང་རེད་ཟེར།" ལས་འགྲུབ་ཀྱི་སྐད་ཆ་འདིར་ཉན་རྗེས། སྨན་པ་ཚེ་རིང་སྐྱིད་ཀྱི་ངོ་མདོག་ཅུང་མི་ལེགས་པར་སྣང་ལ། བཟང་མོ་སྐྱོར་ལ་མྱུར་དུ་བརྟག་དཔྱད་བྱེད་དུ་འགྲོ་ཟེར། ནད་གཡོག་མ་སྒྲོན་དཀར་དང་ཁོ་གཉིས་ཀྱིས་བཟང་མོ་སྐྱོར་ཏེ་བརྟག་དཔྱད་ཁང་དུ་སོང་། སྨན་པ་ཚེ་རིང་སྐྱིད་ཀྱིས་ལྭ་བ་བརྗེས་ཏེ་གོམ་ཁ་བརྟག་དཔྱད་ཁང་གི་ཕྱོགས་སུ་ཤུགས་ཀྱིས་སྤོས་ནས་འོང་། དུས་ཚོད་ཇ་ཡུན་ཙམ་འགོར་རྗེས། སྨན་པ་ཚེ་རིང་སྐྱིད་སྒོར་ཐོན་བྱུང་ལ། ལས་འགྲུབ་ཀྱང་རྗེས་སུ་འོང་གིན་ཡོད། སྨན་པ་ཚེ་རིང་སྐྱིད་ཀྱིས་ལས་འགྲུབ་ལ་ཅི་ཡང་མི་བཤད་པར་རང་གི་ལས་ཤག་ཕྱོགས་སུ་བསྐྱོད།
ལས་འགྲུབ་ཀྱིས"ཨ་ཅེ་མཇུག་འབྲས་ཅི་འདྲ་རེད་"ཟེར་བཞིན་ཁོ་མོའི་རྗེས་སུ་སྙེག་ཡོང་ནའང་ཁོ་མོས་ཁ་ཡ་ཅི་ཡང་མི་བྱེད་པར་རང་གི་ལས་ཤག་ཏུ་འཛུལ། ལས་འགྲུབ་ཀྱང་ཁོ་མོའི་རྗེས་སུ་རྒྱུག་ནས་འཛུལ། བཟང་མོ་ནད་གཡོག་མ་སྒྲོན་དཀར་སོགས་ཀྱི་སྐྱོར་ཏེ་ཞག་སྡོད་འདུག་ཁང་ཕྱོགས་སུ་འོང་།
སྨན་པ་ཚེ་རིང་འཚོ་འབོལ་ཁྲིའི་སྟེང་བསྡད་དེ་དབུགས་རིང་ཞིག་འཐེན་བཞིན་ཁྲོ་བའི་ཉམས་ཀྱིས། "ལས་འགྲུབ་ལ། འདི་ཡོད་ཚད་ཁྱེད་ཀྱིས་ལས་ངན་པ་ལས་པའི་མཇུག་འབྲས་རེད། ངོ་མ་ཁྱོད་ཚོ་སྐྱེ་པ་ཚོ་རྒྱུ་འབྲས་ཟེར་བ་ཞིག་མི་འདུག་ཟེར་ཞོར།" མདུན་ཅོག་སྟེང་གི་ཇ་ཧུབ་འཐུང་ཞིག་བྱས། ལས་འགྲུབ་ཀྱིས་དོན་དངོས་ཅི་ཡིན་པ་ཧ་གསལ་བོ་མ་གོ་བས། སེམས་ལ་དངངས་སྐྲག་ཞིག་དབང་མེད་དུ་སྐྱེས་ཏེ། ཞིབ་འདང་རྒྱག་བཞིན་ཡོད། སྐབས་དེར་བཟང་མོ་སོགས་ཞག་སྡོད་ཁང་གི་སྒོ་མདུན་དུ་ཐོན།
སྨན་པ་ཚེ་རིང་འཚོ། " ཁྱོད་སོང་ནས་བཟང་མོ་འབིགས་བྱེད་ཤག་ཏུ་འདུག་ཏུ་བཞག་རྗེས་ཕྱིར་ཤོག་དང་། ངས་ཁྱོད་ལ་གསལ་བོ་བཤད་ཟེར།"
ལས་འགྲུབ་ཀྱིས།" ཨོ། ཡ་ཡ་ཟེར"ཞོར་བཟང་མོ་ཁྲིད་དེ་འབིགས་བྱེད་ཤག་ཏུ་འཛུལ། སྨན་པ་ཚེ་རིང་འཚོས་ནད་གཡོག་མ་སྒྲོན་དཀར་བོས་བྱུང་།
སྨན་པ་ཚེ་རིང་འཚོ། ནད་གཡོག་མ་སྒྲོན་དཀར་གྱི་རྣ་འགྲམ་དུ་སྐད་དམའ་མོས"དེ་རིང་གི་གནས་ཚུལ་འདི་བཟང་མོ་ལ་སྤུ་ཉག་ཙམ་ཡང་བཤད་མི་ཉན། ཁྱོད་རང་སོང་ནས་བཟང་མོར་ལྟ་སྐྱོང་བྱོས། ལས་འགྲུབ་ང་ཡོད་སར་ཤོག་ཅེས་ཤོད།"
ནད་གཡོག་མ་སྒྲོན་དཀར། ཨོ་ཡ་ཡ། ལས་འགྲུབ་འཚུབ་ཆའི་ངང་སྨན་པ་ཚེ་རིང་སྐྱིད་ཀྱི་བཞུགས་ཤག་ཏུ་འོང་།
སྨན་པ་ཚེ་རིང་འཚོ།"ཡ་དེ་རུ་སྡོད་ཅིག ད་ཅི་བྱེད་ལས་འགྲུབ།ནད་མི་ལེགས་ཀི་ཡ། ཁྱོད་སྒོར་ཞོར་ལས་སུ་སོང་ནས་གཞང་འཚོང་ཁང་དུ་བུད་སོང་བ་ཨེ་རེད།
དྲང་མོར་ཤོད་དང་། ཚད་འདི་འདྲ་ཞིག་ཏུ་ལྷུང་ཡོད། དྲང་མོར་བཤད་དེ་ནད་ཇི་ལྟར་མཆེད་པ་ངོས་ཟིན་ཚེ། དེར་སྔོན་འགོག་བྱས་ན་ཆོག་"ཅེས་བརྗོད་པར། ལས་འགྲུབ་ཀྱི་ལུས་ཡོངས་རྔུལ་ཆུས་སྦངས་ཤིང་། རང་ཉིད་གང་དུ་ཡོད་པའང་མི་ཤེས་པར་ཚོར་སྣང་དང་།སྐྲག་སྣང་། ངོ་ཚའི་འཇིག་སྣང་སོགས་ཆབས་ཅིག་ཏུ་སྐྱེས་འོང་བར།ཅུང་ཙམ་མིན་ཚེ་དྲན་མེད་དུ་བརྒྱལ་རྒྱུ་བྱས། ཁོས་རྣམ་རིག་ཤུགས་ཀྱིས་སྒྲིམ་ཏེ་མགོ་བོ་ནང་དུ་བཀུག་བཀུག་བྱེད་པ་ལས་ཅི་ཡང་མི་ཟེར་པར་འདུག
སྨན་པ་ཚེ་རིང་འཚོ། "རེད། དེ་རང་རེད། ཁྱོད་ལ་ན་བའི་ནད་རྟགས་དེའང་ནད་གཞི་འདི་རེད། ཁྱོའི་ནད་བཟང་མོར་འགོས་ཟིན། སྟབས་མ་ལེགས་ཚེ་ཁོག་གི་བྱིས་པར་ཡང་འགོས་པའི་ཉེན་ཁ་ཡོད། ཁྱོད་ཀྱི་ནད་རྟགས་འདི་ཡོད་ཚད་ཨེ་ཙི་འགོས་ནད་ཀྱི་ནད་རྟགས་རེད། ཨེ་ཙི་འགོས་ནད་འདི་གཙོ་བོ་ཕྱོགས་གསུམ་ནས་མཆེད་དེ་འགོས་ཀྱིན་ཡོད་ནི་རེད། གཅིག་ཡིན་ན་མཚན་མའི་འཁྲིག་སྤྱོད་ལས་མཆེད་པ་རེད། གཉིས་པ་ཡིན་ན་ཁྲག་རྒྱུན་ལས་མཆེད་པ་རེད།(ཁྲག་རྒྱུན་ལས་མཆེད་པ་ནི་གཙོ་བོ་ཨེ་ཙི་ནད་ཡོད་པའི་ནད་པར་སྨན་ཁབ་རྒྱག་བྱེད་ཀྱི་ཅ་ལག་དང་སྐྲ་བཞར་ཁང་སོགས་སུ་མཉམ་སྤྱོད་ཁ་སྤུ་བཞར་ཆས་དང་སོ་མང་བཀོལ་ནས་ཕན་ཚུན་མཆེད་པ་རེད།) གསུམ་པ་ཡིན་ན་མ་བུ་ལས་མཆེད་པ་རེད།(མ་བུ་ལས་མཆེད་པ་ནི་གཙོ་བོ་ཨེ་ཙི་ནད་ཡོད་པའི་ཨ་མས་རང་གི་བྱིས་པར་ནུ་མ་ལྡུད་སྐབས་ཕན་ཚུན་མཆེད་པ་རེད)། ཁྱེད་བཟའ་ཟླ་གཉིས་ལ་ཕོག་ཡོད་པ་འདི་ཡིན་ན་མཚན་མའི་འཁྲུག་སྤྱོད་ལས་མཆེད་པའི་ཨེ་ཙི་འགོས་ནད་ཀྱི་ནད་རྟགས་རེད། འདི་གཙོ་བོ་ཁྱོད་ལས་བཟང་མོར་མཆེད་པ་རེད། ནད་འདི་ཁྱོད་བྱུང་བ་ཅུང་སྔ་གི ད་ལོར་བྱུང་བ་ཞིག་མ་རེད། ཉུང་མཐར་ཡང་ལོ་སྔོན་མ་ནང་གི་དོན་དག་ཅིག་རེད། དེར་ཁྱོས་ཞིབ་འདང་ཞིག་རྒྱོབས་དང་ཡིད་ལ་ཡོང་ངེས་ཡིན། འདི་མཆེད་སའི་ཁོར་ཡུག་གཙོ་བོ་ནི་གཞང་འཚོང་ཁང་ཡིན་ནི་རེད། ནད་འདི་དལ་བའི་རང་བཞིན་ཅན་ཡིན་པས། ནད་རྟགས་ཕྱིར་མངོན་ན་དུས་ཚོད་ཅུང་རིང་བ་རེད། ད་དོན་དག་བྱུང་ཚར་ཟིན། ཁྱོས་རྗེས་ཕྱོགས་ངེས་པར་དུ་སྒྲུབ་དགོས་པའི་དོན་དག་ཅིག་ནི་གནས་ཚུལ་འདི་བཟང་མོར་གཏན་ནས་ཤེས་སུ་འཇོག་མི་ཉན། གལ་ཏེ་མོས་ཤེས་ཚེ། མ་བུ་གཉིས་ཀྱི་སྲོག་ལ་ཉེན་ཁ་ཡོད། གཞན་ཞིག་ནི་ཁྱོད་རང་ཉིད་ཀྱིས་རང་ཉིད་ལ་བདག་སྐྱོང་བྱེད་རྒྱུ་དེ་རེད། རང་གི་སེམས་ཁམས་སྙོམས་སྒྲིག་བྱེད་རྒྱུ་ནི་འགག་རྩ་ཡིན། འདི་ལྟར་བྱས་ཚེ། ནད་རིགས་འདི་རྒྱུན་བསྲིང་ནས་ཇེ་བཟང་དུ་འགྲོ་ངེས་ཡིན"ཞེས་སྨན་པ་ཚེ་རིང་སྐྱིད་ཀྱི་དོན་དག་དོན་དངོས་སུ་ར་སྤྲོད་བྱས་ཏེ་མཛུབ་སྟོན་དང་སློབ་གསོ་གནང་བྱུང་ལ། ལས་འགྲུབ་ཀྱིས་ཀྱང་སྨན་པས་བཤད་པ་ལྟར་མི་སྒྲུབ་ཀ་མེད་བྱུང་།
ཉིན་དེའི་ཕྱི་དྲོ། ལས་འགྲུབ་དང་བཟང་མོ་གཉིས་ཕྱིར་ཕ་ཡུལ་དུ་འབྱོར་བྱུང་། ཁྱིམ་དུ་ལོག་རྗེས། བཟང་མོ། "ལས་འགྲུབ། དེ་རིང་ཨ་ཅེ་སྨན་པས་ཅི་ཟེར"།
ལས་འགྲུབ །" བྱིས་པ་ཧ་ཅང་བདེ་ཐང་དུ་འདུག ཁྱོད་ལ་ཆམ་པ་ཞིག་ཕོག་ཡོད་པས། མྱུར་དུ་བདག་སྐྱོང་བྱས་ཏེ་དྲག་གི་ཞོགས་ཟེར།" ད་དུང་རྗེས་ཕྱོགས་བྱིས་པ་སྐྱེ་དཀའ་བའི་རྟགས་འདྲ་ཡོད་ན་མྱུར་དུ་མོ་ཡོད་སར་ཤོག"ཅེས་སྔོན་ཆད་ལྟར་ཤ་ཚའི་གཏམ་མང་པོ་བཤད་པ་དེ་རེད་ཅེས་བཤད།
བཟང་མོ །" ཨོ། དེས་ན་བཟང་གི འོ་ན་ཁྱོད་ཀྱི་ནད་རྟགས་སྐོར་ནས་མ་དྲིས་སམ།
ལས་འགྲུབ་། "དྲིས་ཟིན། མོས་བཤད་རྒྱུར། ང་ལའང་ཆམ་པ་ཕོག་ནས་ཡུན་རིང་འགོར་དྲགས་པས། གློ་ཡུའི་གཉན་ཚད་ཀྱི་ཆམ་པ་ཕོག་ཡོད་ཟེར། དེར་སྨན་ཐུན་འགའ་བཏུང་ཚེ་སྐྱོན་མེད་ཟེར། དེ་བས། ཁྱོད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རང་ལ་བདག་སྐྱོང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་ནི་རེད། ང་ཚོ་སྐྱེས་པ་ཚོས་སྦྲུམ་མ་ཚོའི་གནས་ཚུལ་མི་ཤེས་པས། རྗེས་ཕྱོགས་མཉམ་འཇོག་བཟང་བོ་བྱེད་དགོས་ཟེར།"འདི་ལྟར་ལས་འགྲུབ་ཀྱིས་རྒྱུན་དུ་བཟང་མོར་སེམས་གསོ་ཁོ་ན་ཙམ་བྱེད་པ་ལས་ཐབས་གཞན་མེད་པར་གྱུར།
ཟླ་གཅིག་གི་རྗེས་སུ། ལས་འགྲུབ་རང་གི་ནད་གཞི་དང་། བཟོད་ཐབས་བྲལ་བའི་སེམས་ཀྱི་སྡུག་བསྔལ་ཡོད་ཚད་ཀྱིས་གནོན་ཤུགས་དྲག་པོའི་འོག སྐྱེ་བ་འདིར་རང་གི་ཆུང་གྲོགས་བཟང་མོར་འགྲོགས་པའི་དུས་ཚོད་ཉིན་རེ་ལས་ཉིན་རེ་བཞིན་ཐུང་ངུར་འགྱུར་བཞིན་ཡོད་ལ། རང་གི་ཤ་ལས་ཆད་པའི་བཟང་མོའི་ཁོག་གི་སྙིང་གསོན་པོ་དེ་དང་གཏན་བྲལ་གནམ་གྱིས་མི་ཐེགས་ཤིང་ས་ལ་མི་ཤོངས་པའི་སྡུག་བསྔལ་གྱི་གཡང་ལ་ལྷུང་ཡོད་ཀྱང་། རང་ལ་ཕོགས་པའི་ནད་ངོ་མ་དེ་ཅིས་ཀྱང་བཟང་མོར་གཏན་དུ་སྦ་གསང་བྱ་རྒྱུ་ནི་ལས་འགྲུབ་ཀྱི་ཚེ་མཇུག་གི་དོན་དག་གལ་ཆེན་ཞིག་ཡིན་པའང་ཁོ་རང་བཟང་མོར་སེམས་གཏིང་ནས་དགའ་བ་མཚོན་པ་མ་ཡིན་ནམ། འདི་ལྟར་ཆེས་ཐོག་མ་ནས་ལས་དབང་གིས་བཀོད་སྒྲིག་བྱས་པའི་འཆམ་མཐུན་བདེ་སྐྱིད་ཀྱི་ཁྱིམ་གཞིས་དྲོན་མོ་ཞིག་མཐའ་མར་མི་འདོད་རྐྱེན་ངན་ནག་པོའི་རླུང་འཚུབ་གྱི་ཁྲོད་ནས་སིལ་བུར་འཐོར་སོང་།
ལས་འགྲུབ་ཉིན་རྒྱུན་དུ་རང་ཉིད་རང་ལ་སྡང་ཞིང་། རང་ལ་ཡིད་ཆད་པའི་གོ་རིམ་ཁྲོད་ནས་སེམས་སྡུག་གི་རྨ་ཁ་སེལ་ཐབས་ཙམ་བྱེད་པའི་བྱ་ཐབས་ཉག་གཅིག་པུ་ནི་རང་ཁོ་ན་དགོན་པའི་གླིང་བར་དུ་མྱུལ་ནས་འགྱོད་པའི་ཕྱག་འཚལ་ནས། ངེས་མེད་དུ་བསྐོར་བ་རྒྱག་པའམ། ཁེར་རྐྱང་དུ་འདུག་པ། མཆོད་རྟེན་དང་ཚོགས་ཆེན་འདུ་ཁང་ཉེ་འཁོར་དུ་ཧོན་ཐོར་ནས་འདུག་པ་དེ་ཡིན་ལ། སྡེ་བའི་ཕོ་མོ་རྒན་གཞོན་ཚོས་གླེང་གཞིར་གྱུར་ཡོད་པའང་ལས་འགྲུབ་ལ་ནད་གཞི་ངན་པ་ཅི་ཞིག་བྱུང་ཡོད་པ་དེ་རེད། ཁྱིམ་མཚེས་ཨ་ཅེ་ཚེ་སྐྱིད་འཁོར་དང་བཅས་པས་ལས་འགྲུབ་དང་བཟང་མོའི་ནད་གཞི་སྐོར་ནས་ཁ་བརྡ་བྱེད་འགོ་བརྩམས།
ཚེ་སྐྱིད་འཁོར་དང་བཅས་པ། ལས་འགྲུབ་དང་བཟང་མོ་གཉིས་ཆུང་འགྲོགས་ཡིན་པས་མི་ཚད། ཁྱིམ་ཚང་ཡང་ཧ་ཅང་སྐྱིད་པོ་ཡིན། འོན་ཀྱང་ད་ལྟ་ཁོ་གཉིས་ལ་ཅི་མ་ཉན་ནས་ནམ། བྱིས་པ་སྔོན་མའམ་མེད་ཐལ། གོ་ཐོས་ལྟར་ན་ལས་འགྲུབ་ཀྱི་ནད་ལ་དྲག་རྒྱུ་ཡོད་ནི་མ་རེད་ཟེར། དེིའི་མི་ཚད་བཟང་མོའང་བདེ་གི་མེད་ཀི་ཟེར་གི འོ་ལེ། ངས་ཀྱང་དེ་འདྲ་ཞིག་གོ་མྱོང་། རེད་ཡ། དེང་སང་སྒོར་ཞོར་ལས་སུ་འགྲོ་རྒྱུ་མང་ན་ནད་རིགས་ཀྱང་སྣ་ཚོགས་ཤིག་འཁྱེར་ཡོང་གིན་འདུག་ཟེར་གི ངོ་མ་དེ་འདྲ་ཞིག་ཡིན་ན་ཅིག་ལ་སྐྲག་ནི་ཞིག་རེད་ཡ། འོ་ལེ། འོ་ལེ། ངོ་མ་་སྐྲག་ནི་ཞིག་རེད། ཨ་ལ། ལས་འགྲུབ་ལ་ནད་གདོན་དེིའི་སྐོར་ནས་ནད་བྱུང་ཡོད་ནི་མིན་ནམ། ཨ་ལ། དེ་འདྲ་ཞིག་དཔེ་ག་ལ་སྲིད། ལས་འགྲུབ་བྱིས་པ་གན་མོ་ཡ་རབས་ཤིག དེ་འདྲ་ཞིག་དཔེ་མི་སྲིད། རེད་ཡ། རང་དགར་དེ་ལྟར་བཤད་རྐྱང་མིན་ཡ། མྱི་ཁ་རླུང་གིོ་མི་ཆོད་ཟེར་ནི་རེད། རེད་རེད། ད་མི་གླེང་བར་བྱ།
ཉིན་ཉི་ཤུའི་རྗེས་སུ། བཟང་མོར་བྱིས་པ་སྙིང་རྗེ་བོ་ཞིག་བདེ་ལེགས་ངང་སྐྱེས་མོད། འོན་ཀྱང་། ཁོ་མོས་ཅུང་མ་འགོར་བར་རང་དང་གཏན་དུ་བྲལ་བའི་ལས་འགྲུབ་ཀྱི་གཟུགས་ཞལ་སྨྲ་བརྗོད་སོགས་གངས་དཀར་སེམས་ཀྱི་ངོས་ལ་སྣང་བརྙན་དོད་པོས་ཡང་དང་བསྐྱར་དུ་མངོན་གྱིན་པ་དེས། འདུ་འབྲལ་མྱ་ངན་གྱི་སྡུག་བསྔལ་དང་བཅོས་མེད་སེམས་ཚེགས་ཀྱི་དཀའ་སྡུག་ཡོད་ཚད་ཀྱིས་མནར་བཞིན་ཡོད་པའི་ཁར། ད་དུང་མ་བུ་གཉིས་ཀྱི་བདེ་ཐང་ལ་ཡང་སུས་ཀྱང་ཁག་ཐེག་བྱེད་མི་ཐུབ་ཕྱིར། སྙིང་ཉེ་བའི་མ་བུ་གཉིས་ཀྱི་མ་འོངས་པའི་འཚོ་བ་དེ་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ་པའི་གབ་ཚིག་ལྟ་བུ་ཞིག་ཏུ་གྱུར་ཡོད།
(གྲྭ་བཙུན་འགའི་འདོན་སྒྲ)བཟང་མོས་བྱིས་པ་པང་དུ་བཟུང་ནས་མྱ་ངན་གྱི་སྣང་བརྙན་ཡོངས་སུ་མངོན། སྲུ་མོ་ལྷ་སྒྲོན་དང་ཨ་མ་སོགས་ཀྱི་བཟང་མོའི་མཐའ་ནས་བསྐོར་ཏེ་སེམས་གསོ་བྱེད་བཞིན་འདུག གྲྭ་བ་ཚོས་བདུན་བཙུགས་ནས་ཡོད་པ། ཁྱིམ་མཚེས་དང་སྡེ་བའི་ཚོ་བའི་ལས་རོགས་པ་ཚོས་རོགས་བྱེད་བཞིན་པ།
ལས་འགྲུབ་འདི་ལྟར་འཇིག་རྟེན་དང་ཁ་བྲལ་བའི་གནས་ཚུལ་རང་བྱུང་བུ་བཙའ་ལྟེ་གནས་ཀྱི་ཡོན་ཀྲང་ངམ་ཕྲུ་གུ་སྐྱེས་བསུ་བ་ཚེ་རིང་སྐྱིད་ལགས་ཀྱིས་ཤེས་རྗེས། མོའི་བསམ་པར་མ་བུ་བདེ་སྲུང་བྱ་བའི་སྐོར་ལ་སྔར་བས་ཤུགས་སྣོན་བྱེད་དགོས་པའི་འདུན་པ་ཞིག་དྲག་ཏུ་སྐྱེས་པར། ཁོ་མོས་གོང་རིམ་འཕྲོད་བསྟེན་སྡེ་ཁག་དང་ཆེད་མཁས་སྨན་པ་ཚོ་དང་མཉམ་དུ་མ་བུ་བདེ་སྲུང་ལ་འགན་སྲུང་དང་ཨེ་ཙི་རིམས་ནད་ལ་ཇི་ལྟར་འཐབ་རྩོད་བྱེད་དགོས་པའི་སྐོར་གྱི་རྒྱལ་སྤྱིའི་བོད་ལུགས་གསོ་རིག་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ཞིག་བསྡུ་གྲབས་བྱེད་བཞིན་ཡོད། གཟའ་འཁོར་གཅིག་གི་རྗེས་སུ་ཕྲུ་གུ་སྐྱེས་བསུ་བ་ཚེ་རིང་སྐྱིད་ཀྱིས་བསྒྲུབ་རྩིས་ཡོད་པའི་བོད་ཁུལ་མ་བུ་བདེ་སྲུང་སྐོར་གྱི་རྒྱལ་སྤྱིའི་བོད་ལུགས་གསོ་རིག་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ལ་གོང་རིམ་གྱིས་ཆོག་མཆན་ཐོབ།
ཡོན་ཀྲང་ཚེ་རིང་འཚོ་ལ་ཁ་པར་ཐོན་བྱུང་། "ཡོན་ཀྲང་ཚེ་རིང་སྐྱིད་ལྷས་རའི་སྒོར་འབུད་སྐབས་ཁ་པར་གྱི་འབོད་བརྡ--"ཝའེ། ང་ཡིན།ང་ཚེ་རིང་སྐྱིད་ཡིན། དཀའ་དྲིན་ཆེ་ཅུའུ་ཀྲང་། ཡ་ཡ། སྐབས་དེར་ཅུའུ་ཀྲང་ཁྱེད་ཉིད་དངོས་སུ་ཕེབས་ནས་མཛུབ་སྟོན་བྱེད་དགོས། ཡ་ཡ། བཀའ་དྲིན་ཆེ། བདེ་མོ།"
ཡོན་ཀྲང་ཚེ་རིང་འཚོས་ཁ་པར་བཏང་བྱུང་། "ཝའེ། དགེ་རྒན་བདེ་མོ། ང་ཡིན། ཚེ་རིང་འཚོ། དེ་དུས་ང་ཚོས་གྲོས་བསྡུར་བྱས་པའི་མ་བུ་བདེ་སྲུང་སྐོར་གྱི་རྒྱལ་སྤྱིའི་བོད་ལུགས་གསོ་རིག་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་བསྡུས་ཆོག་པར་ཆོག་མཆན་བཀོད་ཟིན། དེ་བས། རྒན་ལགས་དུས་ལྟར་ཕེབས་ནས་སློབ་སྟོན་གནང་རྒྱུ་བཀའ་དྲིན་ཆེ། ཡ་ཡ། དེས་ན་སྐབས་ཐོག་ཏུ་མཇལ། བདེ་མོ།"(ཁོ་མོ་དང་ནད་གཡོག་མའམ་ཕྲུ་གུ་སྐྱེས་བསུ་བ་ཚོས་བུ་བཙའ་ལྟེ་གནས་བཙུགས་པའི་ཚུན་ལ་སྲོལ་རྒྱུན་སྐྱེས་བསུའི་ཐབས་ལ་བརྟེན་ནས་མ་བུ་བདེ་སྲུང་ལ་འགན་སྲུང་བྱས་ཚད་སྐོར་གྱི་གཟིགས་འབུལ་སྙན་ཞུའི་རྒྱུ་ཆ་སོགས་གྲ་སྒྲིག་བྱེད་པའི་རྣམ་པ)
ཡོན་ཀྲང་ཚེ་རིང་འཚོས་ལམ་སེང་ཞིང་ཆེན་བོད་ལུགས་གསོ་རིག་སློབ་ཆེན་དང་ཞིང་ཆེན་བོད་སྨན་ཁང་སོགས་བོད་ཁུལ་གྱི་མིང་དུ་གྲགས་པའི་གསོ་རིག་ཆེད་མཁས་པ་དང་། སྨན་པ་གྲགས་ཅན། གསོ་རིག་དགེ་རྒན།རྒྱལ་ཁབ་ཕྱི་ནང་དུ་ཡོད་པའི་བོད་ཀྱི་གསོ་བ་རིག་པར་ཞིབ་འཇུག་བྱེད་མཁན་གྱི་རམས་འབྱམས་སློབ་མ་དང་འབུམ་རམས་སློབ་མ་སོགས་གདན་ཞུ་བྱེད་རྒྱུ་ལས་གཞན། ད་དུང་ས་གནས་སྲིད་གཞུང་ཁོངས་གཏོགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་འགོ་ཁྲིད་དག་ཞིབ་འཇུག་བགྲོ་གླེང་ཚོགས་འདུར་ཞུགས་ནས། བགྲོ་གླེང་གི་ཞོར་དུ་སྲིད་གཞུང་གིས་ཨེ་ཙི་འགོས་ནད་སྔོན་འགོག་ཐད་ནས་གཟིགས་སྐྱོང་སྲིད་ཇུས་གང་དག་ཞིག་བསྒྲུབ་བཞིན་ཡོད་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཤིག་ཀྱང་སྐོང་འཚོག་བྱེད་དགོས་པ་གྲ་སྒྲིག་བྱེད་བཞིན་ཡོད།
ཡོན་ཀྲང་ཚེ་རིང་འཚོ་དང་ལས་རོགས་པ་ཚོས་སྐུ་མགྲོན་རྣམས་བསུ་བ་བྱེད་པ།
ཞིབ་འཇུག་བགྲོ་གླེང་ཚོགས་འདུ་འགོ་བརྩམས་བྱུང་། རྫོང་སྲིད་གཞུང་གི་ཚོགས་འདུ་ཁང་ནས། ཚེ་རིང་སྐྱིད་ཀྱིས་བཤད་རྒྱུར། "ཐེངས་འདིའི་ཞིབ་འཇུག་བགྲོ་གླེང་འདི་འཚོགས་པའི་དམིགས་ཡུལ་ཉག་གཅིག་ནི། ཉེ་ལམ་ཡིན་ན།ངེད་རང་བྱུང་བུ་བཙའ་ལྟེ་གནས་སུ་ཕྲུ་གུ་སྐྱེས་བར་ཡོང་བའི་བཟའ་ཟླའི་འདང་བརྩེ་དང་ཁྱིམ་ཚང་ཐད་ཀྱི་འཆམ་མཐུན་སྤྱིར་བཏང་བ་མ་ཡིན་པའི་ན་ཆུང་བཟའ་ཟླ་གཉིས་ལ་མི་འདོད་ཨེ་ཙི་འགོས་ནད་བྱུང་ནས། མཐར་སྐྱེས་པ་ཚེ་ལས་འདས་ཤིང་།ཆུང་མ་ནད་ཀྱིས་མནར་ནས་ཁྱིམ་ཚང་ཁ་ཐོར་དུ་གྱུར་ཡོད་པའི་གཏམ་རྒྱུད་འདིར་དམིགས་ནས། ངས་ཆེད་དུ་ཆེད་མཁས་པ་དང་། དགེ་རྒན་རྣམ་པ། མི་ལུས་བདེ་ཐང་གི་འཕྲོན་བསྟེན་ཐད་ཀྱི་འབྲེལ་ཡོད་གོང་རིམ་འགོ་ཁྲིད་པ་དང་། ལས་རིགས་འདིར་ཞིབ་འཇུག་བྱེད་མཁན་གྱི་སློབ་མ་རྣམས་ལ་བོད་ཁུལ་མ་བུ་བདེ་སྲུང་སྐོར་གྱི་བྱ་བའི་ཐད་ནས་ཞིབ་འཇུག་བྱས་ན། རྗེས་ཕྱོགས་ལག་ལེན་བྱེད་ཐུབ་པ་ཁོ་ཐག་ཡིན་བསམ་ནས་ད་ཐེངས་ཀི་ཚོགས་འདུ་འདི་བསྡུས་པ་ཡིན་ཟེར"
" ཚོགས་ཞུགས་ཆེད་མཁས་སྐུ་མགྲོན་ཚེ་རིང་གིས།"ཨེ་ཙི་ནད་དུག་འདི་བོད་ཡུལ་དུ་ཐོན་ཚེ། ནགས་ཚལ་སྐམ་པོར་མེ་ཤོར་བ་བཞིན་ཇི་བཞིན་རེད་བསམ་གི ཅིའི་ཕྱིར་འདི་ལྟར་བཤད་པ་ཡིན་བསམ་ན། རྒྱུ་མཚན་ནི་རང་རེའི་བོད་མི་རིགས་ནི་གནའ་ནས་བཟུང་ཏེ་འཕྲོད་བསྟེན་དང་གཙང་སྦྲ། ནད་ཡམས་སྔོན་འགོག་སྐོར་གྱི་ཤེས་བྱའི་འདུ་ཤེས་ཞན་པས་ཡིན་ལ། གཞན་ཞིག་ནི་ཨེ་ཙི་ནད་འདི་འགོས་ལམ་གཙོ་བོ་ནི་ཕོ་མོའི་ལུས་འབྲེལ་བརྒྱུད་ནས་འགོ་པ་ཞིག་ཡིན་པས། རང་རེའི་བོད་མི་རིགས་ལ་མཚོན་ནའང་ཕོ་མོའི་ལུས་འབྲེལ་གང་འདོད་དུ་བྱེད་རྒྱུར་འཛེམས་དོག་མི་བྱེད་པའི་གོམས་སྲོལ་ཞིག་གནའ་ནས་ཆགས་ཡོད་པས་རེད། གོང་གི་སྨན་པ་ཚེ་རིང་སྐྱིད་ཀྱིས་བཤད་པ་ཇི་བཞིན་གཞོན་ནུ་བཟའ་ཟླ་དེ་གཉིས་ཕན་ཚུན་འདང་བརྩེ་དེ་འདྲ་ཞིག་ཡོད་ནའང་དོན་གྱི་ལེགས་ཉེས་ལ་འདང་མ་དཔོག་པས་སྐྱོ་གར་འདི་བྱུང་བ་རེད། ངོ་མ་སྙིང་མ་རྗེ་རེད་ཡ། དེ་བས། ཚང་མས་འདིའི་སྐོར་ལ་དོ་སྣང་བྱེད་རྒྱུ་ཤིན་ཏུ་གལ་ཆེ་སྙམ་གི གཞན་ཞིག་ནི་རང་རེའི་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ནད་ཡམས་སྔོན་འགོག་སྐོར་གྱི་དྲིལ་སྒྲོག་རྒྱུ་ཆ་འབྱོར་ཐུབ་ཀི་མེད་པ་དང་འཚོ་བའི་སྤྱོད་ལམ་ཞན་པས། མདོར་ན། ཕོ་མོ་ལུས་འབྲེལ་གྱི་མ་དཔེ་རྙིང་བ་དང་རིང་དུ་གྱེས་དགོས་ཟེར།"
སྐུ་མགྲོན་ཆེད་མཁས་མཁའ་འབུམ་གྱིས།"རེད་རེད། ཨེ་ཙི་ནད་དུག་འདི་འགོས་ལམ་གཙོ་བོ་གསུམ་ཡོད་ལ།རང་རང་རེའི་བོད་མི་རིགས་ལ་མཚོན་ན་ཨེ་ཙི་ནད་གཙོ་བོ་ཕོ་མོ་ལུས་འབྲེལ་ལས་བྱུང་ཀི་ཡོད་པ་རེད། ལྷག་པར་དུ་དེང་སྐབས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་བས་ས་ཕྱོགས་སོ་སོའི་མི་སྣ་ཚོགས་མཉམ་དུ་འདུས་སྡོད་བྱེད་པ་མང་དྲགས་ཕྱིར། ཁོ་ཚོས་ནད་རིགས་སྣ་ཚོགས་འཁྱེར་ཡོང་གིན་ཡོད་ལ། ས་གནས་མང་ཚོགས་ཀྱིས་ཀྱང་དེ་བརྒྱུད་པའི་སྒོ་ནས་ནད་དུག་བོད་ཡུལ་ལ་འཁྱེར་ཡོང་གིན་ཡོད་པ་རེད།"
ཡོན་ཀྲང་ཚེ་རིང་སྐྱིད་ཀྱིས།"ཡ་དེས་ན་ད་ཐེངས་ཀི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་མཚམས་འདི་ནས་འཇོག་རྒྱུ་བྱེད། ཕྱི་དྲོ་གསར་འགོད་ལས་རིགས་ཀྱི་མི་སྣས་ཨེ་ཙིའི་ནད་ཨ་སྔོན་འགོག་ཐད་ནས་སྲིད་གཞུང་གིས་གཟིགས་སྐྱོང་སྲིད་ཇུས་གང་དག་ཞིག་སྒྲུབ་བཞིན་ཡོད་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་ང་ཚོར་གྲ་སྒྲིག་བྱོས་ཟེར་བས། རེབ་འདིའི་ཚོགས་འདུ་ལ་ཁུལ་འཕྲོད་བསྟེན་ཅུའུ་ཡི་འགོ་གཙོ་འཕགས་པ་ལགས་ཞུས་ནས་འདིའི་སྐོར་གྱི་དྲི་བར་ལན་འདེབས་རྒྱུ་བྱེད་ཡ།" ཚོགས་འདུ་གྲོལ་སྐབས། ཅུའུ་ཀྲང་འཕགས་པས། "ཡོན་ཀྲང་ལགས། ང་ལས་ཁྱོད་བཟང་ནི་རེད། ངས་ཅང་ར་བཤད་མི་ཤེས་ཡ།" ཡོན་ཀྲང་ཚེ་རིང་སྐྱིད་ཀྱིས། "འདིའི་སྐོར་ལ་ཁྱེད་ཀྱིས་གཏམ་བཤད་བྱས་ན་འགྲིག་ནི་རེད། ཁྱེད་རང་གཅིག་ནས་སྲིད་གཞུང་གི་མི་རེད།གཉིས་ནས་འགོ་ཁྲིད་རེད། གསུམ་ནས་འཕྲོད་བསྟེན་སྡེ་ཁག་གི་མི་སྣ་ཡིན་པས། གོང་རིམ་གྱིས་སྲིད་ཇུས་གསལ་བོ་ཞིག་ཤོད་ལ་ཐོངས་ལ་དེ་རེད་མོད།" ཅུའུ་ཀྲང་འཕགས་པས།"ཡ་ཡ། དེས་ན་ཕྱི་དྲོ་ང་ཚོང་མ་ཚོགས་འདུར་ཞུགས།
(ཕྱི་དྲོ་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་འཚོགས་བྱུང་།)
ཅུའུ་ཀྲང་འཕགས་པས།"རྒྱ་ཆེའི་གསར་འགྱུར་ལས་རིགས་ཁག་གི་སྤུན་ཟླ་རྣམ་པ། ཞོལ་ནས་ངས་ཁྱེད་ཚོས་ཤེས་ན་འདོད་ཀི་ཡོད་པའི་སྲིད་གཞུང་གིས་ཨེ་ཙིའི་ནད་ཨ་སྔོན་འགོག་ཐད་ནས་གཟིགས་སྐྱོང་སྲིད་ཇུས་གང་དག་ཞིག་བསྒྲུབ་བཞིན་ཡོད་ཟེར་ན། དང་པོ་ཡིན་ན། སྲིད་གཞུང་གིས་ཞིང་ཕྱུགས་ལས་ས་ཁུལ་དུ་ཨེ་ཙི་ནད་ཡོད་པའི་ནད་པ་ལ་སྨན་རིན་མི་ལེན་པར་ནད་བརྟག་སྨན་བཅོས་བྱེད་ཀི་ཡོད་པ་རེད། གཉིས་པ་ཡིན་ན། རྒྱལ་ཁབ་ཀྱིས་རོང་འབྲོག་མང་ཚོགས་རྣམས་ཀྱིས་རང་ཉིད་ལ་ཨེ་ཙི་ནད་ཡོད་མེད་སྐོར་ནས་ཁྲག་ལ་བརྟག་དཔྱད་བྱས་ནའང་རིན་པ་ལེན་གིན་མེད་པ་རེད། གསུམ་པ་ཡིན་ཨེ་ཙིའི་ནད་བྱུང་ཡོད་པའི་སྦྲུམ་མའི་བྱིས་པར་བརྟག་དཔྱད་བྱས་ན་སྨན་རིན་ལེན་གིན་མེད་པ་རེད།"
གསར་འགོད་པ་དོན་འགྲུབ་ཀྱིས། ཅུའུ་ཀྲང་ལགས། "ངས་མཚམས་འདི་ནས་ཁྱོད་ལ་དྲི་བ་ཞིག་འདོན། ང་ཚོས་ཤེས་འདོད་པ་ཞིག་ལ། མིའི་ནང་ན་ཨེ་ཙི་ནད་འགོས་སླ་བའི་མི་ཡོད་ནི་རེད་ཟེར་གི དེས་ན་ཨེ་ཙི་ནད་འགོས་སླ་བའི་མི་ནི་གང་དག་ཡིན་ནི་རེད། " ཨོ། དེའི་སྐོར་ནས་ད་ཡོན་ཀྲང་ཚེ་རིང་སྐྱིད་ཀྱིས་བཤད་ལ། ཡོན་ཀྲང་ཚེ་རིང་སྐྱིད་ཀྱིས། "རེད། ཁྱོས་དྲི་བ་བཏོན་པ་ཧ་ཅང་བཟང་གི ཨེ་ཙི་ནད་འགོས་སླ་བའི་མི་གཙོ་བོ་ནི་སྨད་འཚོང་མ་གཅིག་རེད། རྒྱུ་མཚན་ཁྱོད་ཚོར་གསལ་ནི་རེད། གཞན་ཞིག་ནི་དུ་ནག་སོགས་དུག་འཐེན་མཁན་གྱི་མི་ལ་འགོས་སླ་བ་རེད། ད་དུང་སྨན་ཁང་དུ་ཁྲག་མང་པོ་བརྒྱབ་མྱོང་བའི་ནད་པ་གཅིག་རེད། དེ་ལས་གཞན་ད་དུང་ཨ་མར་ཨེ་ཙིའི་ནད་བྱུང་ཡོད་པའི་བུ་ཕྲུག་ལའང་འགོས་སླ་བ་རེད། གཙོ་བོ་གོང་གི་མི་འདིའི་རིགས་རེད།"
གསར་འགོད་པ་དོན་འགྲུབ་ཀྱིས "རེད་ལགས། བཀའ་དྲིན་ཆེ་སྨན་པ།" ཅུའུ་ཀྲང་འཕགས་པས་མུ་མཐུད་དུ། བཞི་བ་ཡིན་ན། ཨེ་ཙི་ནད་བྱུང་ནས་ཕ་མ་མེད་སོང་བའི་ཁྱིམ་ཚང་གི་དྭ་ཕྲུག་སློབ་གྲྭ་འགྲོ་ན་སློབ་ཡོན་མི་ལེན་པ་རེད། ལྔ་པ་ཡིན་ན། ཨེ་ཙི་ནད་བྱུང་ནས་དཀའ་ཁག་ལ་འཕྲད་ཡོད་པའི་ཁྱིམ་ཚང་ལ་སྲིད་གཞུང་གིས་རོགས་སྐྱོར་དངུལ་སྟེར་བཞིན་ཡོད་པ་བཅས་རེད། གསར་འགོད་པ་ཚོ། "རེད་རེད། ཚང་མའི་མཐེབ་མོ་སྡེབ་སྒྲ ཡོན་ཀྲང་ཚེ་རིང་སྐྱིད་ཀྱིས།" ཡ་རེད། དེ་རིང་གི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་མཚམས་འདི་ནས་འཇོག རེ་བ་ཡིན་ན། གསར་འགྱུར་ལས་རིགས་ཁག་གིས་དེ་རིང་བསྒྲགས་པའི་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་འདི་དུས་ལྟར་གོ་འཛོལ་མ་བྱུང་བར་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་སྙན་ལམ་དང་སྤྱན་ལམ་དུ་འབུལ་རྒྱུ་བཀའ་དྲིན་ཆེ།" ཚོགས་འདུ་གྲོལ་བ། (གསར་འགོད་པ་ཚོས་རང་གི་པར་ཆས་དང་བརྙན་ལེན་འཕྲུལ་ཆས་བཟུང་ནས་ཅུའུ་ཀྲང་དང་ཡོན་ཀྲང་གཉིས་ཀྱི་མདུན་ནས་ཁོམ་ལོང་བྲེལ་བ)
ཞིབ་འཇུག་བགྲོ་གླེང་ཚོགས་འདུ་དང་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་མཇུག་གྲོལ་རྗེས་ཀྱི་ཉིན་གསུམ་པར། ཡོན་ཀྲང་ཚེ་སྐྱིད་དང་ཁུལ་འཕྲོད་བསྟེན་ཅུའུ་ཡི་ཅུའུ་ཀྲང་འཕགས་པ། རྫོང་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་རྡོ་རྗེ་ཐར། དེ་མིན་གསོ་རིག་ཆེད་མཁས་པ་མཁའ་འབུམ་བཅས་དང་། མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ནས་ཞལ་འདེབས་ཕུལ་བའི་འཐུས་མི་ཚོ་དང་མཉམ་དུ་བཟང་མོ་ཚང་ལ་འཚམས་འདྲིར་སོང་ནས། ཁོ་མོ་དང་བྱིས་པའི་བདེ་ཐང་། འཚོ་བ་བཅས་ལ་དཀའ་ཁག་ཡོད་མེད་ཐད་ནས་འཚམས་འདྲི་བྱས་ཏེ། རོགས་དངུལ་བྱིན་ཞིང་། ཁོ་མོར་རྗེས་ཕྱོགས་འཚོ་བ་བདེ་སྐྱིད་ལྡན་པའི་ངང་རོལ་དགོས་པའི་བསླབ་བྱ་དང་སེམས་གསོ་བྱས་པར་མ་ཟད། ད་དུང་གསོ་རིག་ཆེད་པས་ཁོ་མོ་ནད་གཞི་དེ་ལས་ལྡོག་ཐུབ་པའི་ཐབས་ལམ་གང་མང་འཆད་པར། བཟང་མོའི་སེམས་ཁམས་ཀྱང་རིམ་བཞིན་བདེ་ལ་བབས།ཨེ་ཙི་ནད་གཞི་འདིའི་གདུག་རྩུབ་དང་ངོ་བོ་ཀུན་གྱིས་རྒྱུས་ལོན་བྱུང་བ་ནས་བཟུང་། ལྷ་ཡག་སྡེ་བས་མཐུན་སྒྲིལ་དམ་ཟབ་སྒོས་བཟང་མོ་སྡུག་བསྔལ་ལས་སྐྱོབ་བར་བྲེལ་བཞིན་ཡོད་ལ། སྨན་བཅོས་མི་སྣའི་མཛུབ་སྟོན་འོག བཟང་མོས་འགོས་ནད་དེ་ལ་ཡིད་ཆེས་བརྟན་པོས་གདོང་གཏོད་ཐུབ་པ་བྱུང་ནས་རིམ་བཞིན་འཚོ་བ་ལའང་མཛེས་སྡུག་གི་ཁ་དོག་གཞན་ཞིག་ཆར་རྗེས་ཀྱི་འཇའ་ཚོན་བཞིན་མངོན་གྱིན་ཡོད་་་་་་་་་་་།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།