ངོས་དང་པོ > རྩོམ་རིག > རྩོམ་རིག་དཔྱད་བརྗོད། > བོད་ཀྱི་སྐྱེས་མའི་སྒྲུང་གཏམ་གྱི་འཕེལ་རིམ་རགས་ཙམ་གླེང་བ།
བོད་ཀྱི་སྐྱེས་མའི་སྒྲུང་གཏམ་གྱི་འཕེལ་རིམ་རགས་ཙམ་གླེང་བ།
རྩོམ་པ་པོ།:མཚན་ལྡན་དབང་མོ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-07-22 10:12:50
ཀློག་གྲངས།:
གླེང་གཞི།
དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་དུ། བོད་དུ་རྩོམ་རིག་གསར་པའི་མྱུ་གུ་འབུས་པ་དང་ཆབས་ཅིག་ཏུ་བོད་ཀྱི་སྐྱེས་མའི་རྩོམ་རིག་ཀྱང་བྱུང་། བོད་ཀྱི་སྐྱེས་མའི་རྩོམ་རིག་ནི་བོད་རྩོམ་སྤྱིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྒོས་སུ་སྒྲུང་གཏམ་གསར་རྩོམ་གྱི་འཕེལ་རྒྱས་འདིས་བོད་རྩོམ་སྤྱིའི་རྩོམ་རིག་གི་འཕེལ་རྒྱས་ལ་རམ་འདེགས་ཀྱི་ནུས་པ་མི་དམན་པ་ཐོན་ཡོད། མི་ལོ་བཞི་བཅུའི་རིང་གི་བོད་ཁུལ་གྱི་སྐྱེས་མའི་སྒྲུང་གཏམ་གྱི་དུས་དེབ་རྩེ་གྲས་ཁག་དང་དཔེ་ཚོགས་རེ་གཉིས། མི་སྒེར་གྱིས་དཔེ་སྐྲུན་ཁང་ཚད་ལྡན་ནས་པར་དུ་བསྐྲུན་པའི་སྒེར་དེབ་ཀྱི་གྲངས་ཀ་དང་བརྗོན་དོན་སོགས་ཀྱི་གནས་ཚུལ་གཙོར་བཟུང་སྟེ་དཔྱད་ཞིབ་བྱས་ཚེ། ཉེ་བའི་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་བོད་དུ་སྐྱེས་མ་རྩོམ་པ་པོ་མང་པོ་བྱུང་བ་དང་བརྩམས་ཆོས་ཀྱང་དེ་བཞིན་གང་མང་བྱུང་ཡོད། དེས་བོད་ཀྱི་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་སྐྱེས་མའི་ལས་དབང་གི་ཁ་དོག་དང་། ཤེས་རིག་གི་གོ་རྟོགས། བསམ་བློའི་ཆུ་ཚད་བཅས་མངོན་ཡོད། ང་ཚོས་སྐབས་སོ་སོའི་འཚོ་བའི་གཏམ་རྒྱུད་དང་མི་སྣའི་ལས་དབང་། སྤྱི་ཚོགས་ཀྱི་གོ་ཐོབ་སོགས་འཚོལ་ཞིབ་བྱ་ཐུབ་པར་མ་ཟད་རྩོམ་པ་པོའི་ཤེས་རབ་དང་ཐབས་རྩལ། བརྩོན་སེམས་སོགས་ཀྱང་ཤེས་རྟོགས་བྱ་ཐུབ། འདིར་བོད་ཀྱི་སྐྱེས་མའི་སྒྲུང་གཏམ་གྱི་འཕེལ་རིམ་གྱི་ཐོག་མའི་དུས་དང་ནར་སོན་གྱི་དུས། འཕེལ་བའི་དུས་བཅས་དུས་རིམ་གསུམ་དུ་བཀར་ཡོད།གཅིག བོད་ཀྱི་སྐྱེས་མའི་སྒྲུང་གཏམ་གྱི་ཐོག་མའི་དུས།
བོད་ཀྱི་སྐྱེས་མའི་སྒྲུང་གཏམ་གྱི་ཐོག་མའི་དུས་ནི་སྤྱིའི་ཆ་ནས་སྤྱི་ལོ1980ལོ་ནས་སྤྱི་ལོ2000ལོའི་བར་སྟེ་མི་ལོ་ཉི་ཤུའི་རིང་ལ་ངོས་འཛིན་བྱས་ཆོག་པར་སྙམ། བོད་ཀྱི་སྐྱེས་མའི་སྒྲུང་གཏམ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་བོད་ཀྱི་དུས་རབས་གསར་པའི་སྒྲུང་གཏམ་དང་དུས་མཉམ་དུ་བྱུང་བ་ཞིག་རེད། བོད་དུ་བུད་མེད་ཀྱི་སྒྲུང་གཏམ་བྱུང་བ་ནི་ཕྱོགས་གཅིག་ནས་མི་རིགས་སྤྱིའི་ལོ་རྒྱུས་དང་འབྲེལ་ནས་ཡོད་དེ། བོད་ལ་མཚོན་ན་ལོ་རབས་བརྒྱད་བཅུ་པ་ནི་ཐུན་མིན་གྱི་དུས་རབས་ཤིག་སྟེ། རིག་གནས་གསར་རྙིང་དང་། བསམ་བློ་གསར་རྙིང་གི་འགལ་བ་མངོན་གསལ་དུ་གྱུར་པའི་ལོ་རབས་ཤིག་རེད། ཆབ་སྲིད་ཀྱི་སྟེང་ནས་ཕོ་མོ་འདྲ་མཉམ་གྱི་སྲིད་ཇུས་སྒྲོག་བཞིན་ཡོད་པས་བུད་མེད་རེ་གཉིས་རྟོགས་སད་བྱུང་མགོ་བརྩམས། འོན་ཀྱང་རྟོགས་སད་དེ་ཡོངས་ཁྱབ་རང་བཞིན་ཞིག་མིན་པར་མ་ཟད། དེ་ནི་སྤྱི་ཚོགས་རིག་པའི་ངོས་ཀྱི་གོ་རྟོགས་ཤིག་སྟེ། གཉེན་སྒྲིག་རང་དབང་དང་ཕོ་མོ་འདྲ་མཉམ་སོགས་སྤྱི་ཚོགས་གོ་རྟོགས་ཀྱིས་གསར་རྩོམ་ལ་བསྐུལ་བ་ཞིག་རེད། ལོ་རབས་བརྒྱད་ཅུ་པའི་དུས་མགོ་ནས་བཟུང་བོད་ཁུལ་དུ«བོད་ཀྱི་རྩོམ་རིག་སྒྱུ་རྩལ»གཙོ་བྱས་པའི་དུས་དེབ་རེ་གཉིས་བྱུང་བས། གསར་རྩོམ་གྱི་ལས་སུ་འཇུག་མཁན་མང་པོ་ཞིག་ལ་རྩོམ་རིག་གི་ཞིང་ས་གཤིན་པོ་ཞིག་བསྐྲུན། ཐོག་མའི་དུས་ཀྱི་མི་ལོ་ཉི་ཤུའི་རིང་བྱམས་པ་ཆོས་འཛོམས་དང་གཡང་མཚོ་སྐྱིད། ཚེ་རིང་དབྱངས་སྐྱིད། ཚེ་དཔལ། པ་སངས། རྡོ་གོ་སྐྱིད། ཚེ་རིང་བདེ་སྐྱིད་སོགས་ནི་བོད་ཡིག་གི་ལམ་ནས་བརྩམས་སྒྲུང་འབྲི་མཁན་གཙོ་བོ་དག་ཡིན་ཞིང་། ཁོ་ཚོའི་བརྩམས་སྒྲུང་ནི་དངོས་ཡོད་ལ་ཁ་གཏད་དེ་བོད་ཀྱི་སྐྱེས་མའི་དངོས་ཡོད་ཀྱི་གནས་ཚུལ་གཏམ་རྒྱུད་དུ་སྦྱར་ཞིང་། གཏམ་རྒྱུད་དེ་དག་ཀྱང་བྱུང་རིམ་ཡོད་པ་དང་མི་སྣ་ཡོད་པ། ཁོར་ཡུག་ཡོད་པ་བཅས་སྒྱུ་རྩལ་གྱི་མཛེས་རྟོག་ཧ་ཅང་ཕུན་སུམ་ཚོགས།
གཉིས། བོད་ཀྱི་སྐྱེས་མའི་སྒྲུང་གཏམ་གྱི་ནར་སོན་གྱི་དུས།
བོད་ཀྱི་སྐྱེས་མའི་སྒྲུང་གཏམ་གྱི་ནར་སོན་གྱི་དུས་ནི་སྤྱིའི་ཆ་ནས་སྤྱི་ལོ2000ལོ་ནས་སྤྱི་ལོ2010ལོའི་བར་གྱི་ལོ་ངོ་བཅུའི་རིང་ཡིན་ལ། དུས་སྐབས་དེར་སྐྱེས་མ་རྣམས་ལ་རིམ་གྱིས་སྐད་ཡིག་དང་ཡིག་རིགས་གཞན་ལ་སློབ་གཉེར་བྱེད་པའི་གོ་སྐབས་སྔར་ལས་མང་པོ་ཐོབ་པར་མ་ཟད། ལས་ཀའི་ཞོར་དུ་འཚོ་བ་དང་སྤྱི་ཚོགས་ཀྱི་གནད་དོན་མང་པོ་གཏམ་རྒྱུད་དུ་བཅོས་ཤིང་། གཞན་ལ་ལད་ཟློས་ཀྱི་ཚུལ་གྱིས་གསར་རྩོམ་གྱི་ལས་ལ་ཞུགས་པས་སྤུས་ཀའི་ཐད་ནས་སྔོན་དང་བསྡུར་ན་འཕེལ་རྒྱས་ཅུང་ཟད་བྱུང་ཡོད་མོད། གྲངས་ཀའི་ཐད་ནས་དེ་འདྲ་ཡར་རྒྱས་བྱུང་མི་འདུག་སྟེ། དེའི་རྒྱུ་མཚན་གཙོ་བོ་ནི་གཞོན་པ་རེ་གཉིས་ཀྱིས་ལྷུག་རྩོམ་ནས་སྒྲུང་གཏམ་འབྲི་བའི་གོ་རིམ་བརྩོན་ལེན་བྱས་པར་མ་ཟད། སྐྱེས་མ་སྒྲུང་གཏམ་འབྲི་མཁན་དག་གིས་དུས་དེབ་ཏུ་བརྩམས་ཆོས་འགོད་པ་ནས་མི་སྒེར་གྱི་དེབ་པར་དུ་བསྐྲུན་པའི་མཐོ་རླབས་ཤིག་བྱུང་བས་རེད། སྐྱེས་མའི་སྒྲུང་གཏམ་གྱི་འཕེལ་རིམ་ལས་ནར་སོན་གྱི་དུས་སྐབས་ཀྱི་དཔེ་མཚོན་དུ་བགྲང་འོས་པའི་མི་སྣ་ནི་ཚེ་རིང་དབྱངས་སྐྱིད་དང་ཚེ་སྒྲོན་སྐྱིད་གཉིས་སོ། །
ཚེ་རིང་དབྱངས་སྐྱིད་ཀྱིས་འདི་ལྟར་བརྗོད་མྱོང་སྟེ། མ་གཞིར་སྐྱེས་མས་བྲིས་པའི་རྩོམ་ཡིག་ལ་དགྲ་བོ་ཆམ་ལ་འབེབས་པ་དང་བྲག་རི་ཐལ་བར་གཏོང་བ་ལྟ་བུའི་དྲག་ཤུལ་དང་དཔའ་ཉམས་ཀྱིས་དབེན་ནའང་། དེ་ནི་བྱམས་དང་སྙིང་རྗེས་བཏགས་པའི་སྐྱེས་མའི་བུ་ཕྲུག་དང་། ཤེས་རབ་དང་འོད་འགྱུ་ལས་ཐོན་པའི་ཤད་མ། སེམས་ཁ་སྙི་ལ་བརྩེ་དུང་གིས་ཕྱུག་ཅིང་བློས་བསླངས་ཀྱི་འཇའ་ཚོན་སྣ་ལྔས་མཛེས་པའི་འཚོ་བའི་པང་གདན་བཅས་ཡིན་ཞེས་པ་ལྟར་དང་ཐོག་རང་ཉིད་ཀྱི་བརྩེ་དུང་དང་། འཚོ་བར་འབྲེལ་བ་ཟབ་པའི་བརྗོད་བྱ་གཞིར་བཟུང་སྟེ་གསར་རྩོམ་བྱས་པ་ནས་རིམ་གྱིས་སྤྱི་ཚོགས་དང་། མི་རིགས་ཀྱི་འདུ་ཤེས་སུ་གྱུར་ཡོད་པ་ནི་རྩོམ་པ་པོའི་བསམ་བློའི་འདུ་ཤེས་སྨིན་པའི་རྟགས་སུ་གྲུབ། ཚེ་སྒྲོན་སྐྱིད་ཀྱི་བརྩམས་སྒྲུང་དག་ལས་མངོན་ཡོང་བ་ནི་སྐྱེས་པའི་བཙན་དབང་དང་གཉའ་གནོན་ཁོ་ན་མ་ཡིན་པར་སྐྱེས་མ་རང་ངོས་ཀྱི་འདུ་ཤེས་སད་མ་ཐུབ་པ་དང་། རང་བརྩིའི་བསམ་པ་དོར་ནས་གཞན་གྱི་རྒྱུ་ནོར་ལ་ཧམ་སེམས་ཆེ་བའི་ཆ་དེ་དག་རེད། དེར་མོའི་སྒྲུང་རྩོམ་དག་ལ་བོད་ཀྱི་སྤྱི་ཚོགས་ནང་གི་མ་རབས་ངན་རྫུན་གྱི་ཕྱོགས་ལ་ཐེར་འདོན་དང་། ཡ་རབས་དྲང་བདེན་གྱི་ཕྱོགས་ལ་གཟེངས་བསྟོད་བྱེད་པའི་ནུས་པ་ཆེས་ཆེར་ལྡན་ཞེས་དཔྱད་འཇོག་བྱེད་མཁན་ཡང་ཡོད་དོ། །
གསུམ། བོད་ཀྱི་སྐྱེས་མའི་སྒྲུང་གཏམ་གྱི་འཕེལ་བའི་དུས།
སྤྱི་ལོ2011ལོར་རྒན་དཔལ་མོས་གཙོ་སྒྲིག་བྱས་པའི་སྐྱེས་མའི་སྒྲུང་གཏམ་ཕྱོགས་སྒྲིག་གི་དེབ་ཅིག་དཔར་བས། བོད་ཀྱི་སྐྱེས་མའི་རྩོམ་རིག་གི་མཁའ་དབུགས་ཇེ་སྟུག་ཏུ་སོང་། སྐྱེས་མ་རྣམས་རིམ་གྱིས་སྙན་ངག་དང་ལྷུག་རྩོམ་འབྲི་བའི་ལམ་ཁ་ནས་སྒྲུང་གཏམ་འབྲི་བའི་ལས་ལ་ཞུགས་ཤིང་། སྒྲུང་ཐུང་དང་སྒྲུང་འབྲིང་འབྲི་བ་ལས་ཐོད་བརྒལ་བྱུང་ནས་སྒྲུང་རིང་འབྲི་བའི་ལམ་ཁར་ཞུགས། དེ་བཞིན་གསར་རྩོམ་གྱི་ལས་ལ་འབད་མཁན་གྱི་སྐྱེས་མ་ཇེ་མང་དུ་སོང་བར་མ་ཟད། སྐྱེས་མའི་ལས་དོན་དང་རྩོམ་རིག་ལ་དང་དོད་དང་། ཐུགས་ཁུར་གནང་མཁན་གྱི་སྐྱེས་བུ་རླབས་ཆེན་ཡང་བྱུང་བས། བོད་ཀྱི་རྩོམ་རིག་སྤྱིའི་འཕེལ་རྒྱས་ནི་སྐྱེས་ཕོ་མོ་གཉིས་ཀའི་ལས་ཀ་ཞིག་ཡིན་པར་གཞི་ནས་ངོས་ཟིན་ཐོབ། སྐྱེས་མའི་རྩོམ་རིག་དུས་དེབ་དང་སྐྱེས་མའི་རྩོམ་རིག་འཕྲིན་སྟེགས་གཙོ་གཉེར་སོགས་ཕྱི་ནང་གཉིས་ཀའི་རྒྱབ་སྐྱོར་གྱི་འོག་ནས་སྐྱེས་མའི་སྒྲུང་གཏམ་གྱི་གནས་བབ་ཀྱང་གོང་ནས་གོང་དུ་འཕེལ། དུས་ཀྱི་ཆ་ནས་སྤྱི་ལོ2011ལོ་ནས་སྤྱི་ལོ2020ལོའི་བར་དུ་ངོས་འཛིན་བཞིན་ཡོད། དེའི་རྒྱུ་མཚན་ནི་གཅིག་ནས་རྩོམ་རིག་ལ་ཆེད་ལས་སློབ་གཉེར་བྱས་ཏེ། གཞུང་ལུགས་དང་འབྲེལ་ནས་རྩོམ་རིག་གསར་རྩོམ་ལག་ལེན་བྱས། གཉིས་ནས་ཉེ་བའི་ལོ་འདི་དག་གི་རིང་བོད་ཀྱི་སྐྱེས་མའི་སྒྲུང་རིང་རེ་གཉིས་བྱུང་བ་དང་མཉམ་དུ་པར་བསྐྲུན་བྱེད་ཐུབ་ཡོད་པར་མ་ཟད། སྐྱེས་མ་རང་ངོས་ནས་སྒྲུང་རིང་གི་དེབ་དཔར་དུ་བསྐྲུན་པ་ནི་སྐྱེས་མའི་བརྩམས་སྒྲུང་ཡར་རྒྱས་སུ་སོང་བའི་དན་རྟགས་ཤིག་རེད། ལྷག་པར་སྒྲུང་གཏམ་གྱིས་སྤྱི་ཚོགས་ཀྱི་ཟབ་ཚད་ངེས་ཅན་ཞིག་དང་། འཚོ་བའི་ཤོང་ཚད་ངེས་ཅན་ཞིག་མཚོན་ཐུབ་ཀྱིན་ཡོད་པ་ལས་མི་སྒེར་གྱི་དགའ་སྐྱོ་ཁོ་ན་མཚོན་པ་ཙམ་ཞིག་མ་ཡིན་པས། བོད་ཀྱི་སྐྱེས་མའི་སྒྲུང་གཏམ་དུ་བོད་ཡུལ་གྱི་སྤྱི་ཚོགས་གནད་དོན་མང་པོ་ཞིག་གཏམ་རྒྱུད་རབ་དང་རིམ་པས་མཚོན་ཐུབ་ཡོད་པས། དེ་ལ་ལོ་རྒྱུས་ཀྱི་རིན་ཐང་དང་རྩོམ་རིག་གི་རིན་ཐང་། མཛེས་རྟོག་གི་རིན་ཐང་ངེས་ཅན་ཞིག་ཡོད།
མདོར་ན། བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་བལྟས་ན་སྐྱེས་མ་རྩོམ་པ་པོ་ཉུང་ལ། སྒྲུང་གཏམ་གསར་རྩོམ་ལ་འཇུག་མཁན་དེ་ལས་ཀྱང་ཉུང་བར་སྣང་། རྩོམ་གྱི་ཁ་གྲངས་ཀྱི་ངོས་ནས་ཀྱང་དེ་འདྲའི་མང་པོ་ཞིག་མེད་པ་ནི་དངོས་ཡོད་ཀྱི་གནས་ཚུལ་རེད། སྒྲུང་གཏམ་སྤྱིའི་ཆ་ནས་བལྟས་ན་སྒྲུང་གཏམ་ཁྲོད་ཀྱི་བུད་མེད་ཀྱི་སྣང་བརྙན་བཞེངས་སྟངས་ལ་རིགས་གསུམ་ཙམ་ཏེ། གཡང་མཚོ་སྐྱིད་ཀྱི«རྩྭ་ཐང་གི་ཉིན་ཐོ»གཙོ་བྱས་པའི་སྔ་རོལ་གྱི་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་གཞན་དབང་གི་གནས་ན་ཡོད་པ་དང་། ཚེ་རིང་དབྱངས་སྐྱིད་ཀྱི«རི་རྩེའི་སྤྲིན་དཀར»སོགས་ཁྲོད་ཀྱི་མི་སྣ་ཕྱེད་རང་དབང་དང་ཕྱེད་གཞན་དབང་གི་ཚུལ། ཡང་གཡང་མཚོ་སྐྱིད་ཀྱི«རྩྭ་ཐང་གི་ཉིན་ཐོ»ཁག་གཉིས་པའི་ཁྲོད་ཀྱི་མི་སྣ་ཅུང་རང་དབང་གི་ཚུལ་དུ་ཡོད་པར་འདོད། འདི་ནི་བུད་མེད་རིང་ལུགས་ཀྱི་རྩོམ་རིག་གི་གཞུང་ལུགས་ངོས་ནས་གླེང་ན་བུད་མེད་རྩོམ་པ་པོའི་རྟོགས་སད་ཀྱི་རིམ་པ་ཞིག་ཀྱང་རེད་ཅེས་བརྗོད་ཆོག་པར་སྙམ། །
ཟུར་ལྟའི་དཔྱད་གཞི།
[1] ཚེ་རིང་དབྱངས་སྐྱིད། «རི་རྩེའི་སྤྲིན་དཀར» [M]. བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2007:3
[2] དཔལ་མོ། «དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོའི་རྩོམ་རིག་སྐོར་ཅུང་ཙམ་གླེང་བ» [J]. བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། 2014:45
[3] ཚེ་དཔལ། «ནམ་མཁའི་སྐར་ཕྲན་གྱིས་ཀྱང་སྐྱ་ལམ་བསྟན» བོད་ཀྱི་རྩོམ་རིག་སྒྱུ་རྩལ། [M]. 2002:3
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།