བོད་ཀྱི་དགོན་པ་ཁག་གི་དཔལ་འབྱོར་གནས་ཚུལ་ལ་དཔྱད་པ།
རྩོམ་པ་པོ།:དུང་དཀར་བློ་བཟང་འཕྲིན་ལས་མཆོག་
ཡོང་ཁུངས།:《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》ལས།
དུས་ཚོད།:2011-08-24 09:36:00
ཀློག་གྲངས།:
(3)བོད་ས་གནས་སུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དར་ནས་རྩ་མེད་མ་སོང་བར་གྱི་ལོ་བདུན་བརྒྱ་ལྔ་བཅུ་ལྷག་ཙམ་རིང་གི་གནས་ཚུལ།
དུས་རབས་བཅུ་གསུམ་པའི་འགོ་ནས་བཟུང་ཡོན་རྒྱལ་རབས་དང་།ཏྰ་མིང་རྒྱལ་རབས།མན་ཆིང་རྒྱལ་རབས་བཅས་ཀྱི་རིང་བོད་ས་གནས་སུ།ས་སྐྱ་དང་།ཕག་གྲུ། རིན་སྤུངས། གཙང་པ་རྒྱལ་པོ། དགའ་ལྡན་ཕོ་བྲང་བཅས་ཀྱིས་ལོ་གྲངས་བདུན་བརྒྱ་ལྔ་བཅུ་ལྷག་ཙམ་སྲིད་དབང་བཟུང་བ་མ་ཟད། བོད་ས་གནས་ཀྱི་སྲིད་དབང་འཕོ་འགྱུར་མང་པོ་བྱུང་ཡང་། ཆོས་སྲིད་གཉིས་ཀའི་དབང་ཆ་ཆོས་ལུགས་ཀྱི་གཙོ་འཛིན་ཞིག་གིས་བཟུང་བའི་སྲིད་དབང་ཞིག་ཡིན་ཅིང་དགོན་པ་མི་ཉུང་བ་ཞིག་ལ་སྲིད་གཞུང་ནས་སྤྲད་པའི་ཆོས་སྲིད་གཉིས་ཀའི་ཁྲིམས་འགོ་རང་བཙན་གྱི་དབང་ཆ་ཡོད་པ་དང་། དཔལ་འབྱོར་གྱི་རྟེན་གཞི་ཡང་། མཆོད་གཞིས་ས་ཞིང་དང་། འབྲོག་རྭ། ནོར་ཕྱུགས། མི་སེར་བཅས་རྒྱ་ཆེན་པོ་ཡོད་སྟབས་བོད་ས་གནས་ཀྱི་དཔལ་འབྱོར་སྟོབས་ཤུགས་སུམ་ཆ་གཅིག་ཙམ་དགོན་པ་སྟོབས་ཆེན་ཚོའི་ལག་ཏུ་བཟུང་ཡོད་ཅིང་། དེ་བྱིངས་དགོན་པ་མང་ཆེ་བ་ནི་སྲིད་གཞུང་རིམ་བྱུང་གིས་ལོ་རེ་བཞིན་སྤྲོད་པའི་གཏན་འཇགས་ཆོས་ཕོགས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པ་དང་། དགོན་པ་ཉུང་ཤས་ཞིག་དབྱར་དུས་འབྲོག་ཁུལ་དང་། སྟོན་དུས་ཞིང་ཁུལ་དུ་བསོད་སྙོམས་སློང་བར་བརྟེན་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད།
ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་འདས་རྗེས་ཆོས་ལུགས་རིས་མེད་ཀྱི་དགོན་པ་ཆིག་སྟོང་བརྒྱད་བརྒྱ་བཅུ་མེད་བདུན་ཡོད་ཁོངས་སུ་མཆོད་གཞིས་མི་སེར་ཡོད་པའི་དགོན་པ་སུམ་བཅུ་སོ་བདུན་ལས་མེད་ཅིང་། དབུས་གཙང་ཁམས་གསུམ་གྱི་གྲྭ་པའི་གྲངས་འབོར་ཉིས་འབུམ་ཉིས་ཁྲི་ཆིག་སྟོང་བདུན་བརྒྱ་བཞི་བཅུ་ཞེ་གཉིས་ཙམ་ཡོད། (རྣམ་ཐར་དུ་གསལ) སྐབས་དེར་མཆོད་གཞིས་མི་སེར་ཡོད་པའི་དགོན་པ་སུམ་བཅུ་སོ་བདུན་ལ། མི་སེར་ཐེམ་གྲངས་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་ང་གཅིག་ཡོད། ཐེམ་གྲངས་རེར་མི་བཞི་རེ་ཡོད་པར་ཆ་བཞག་ན་མི་གྲངས་ཆིག་ཁྲི་སུམ་སྟོང་བརྒྱ་མེད་བཅུ་མེད་བཞི་ཡིན། བོད་དུ་དམངས་གཙོའི་བཅོས་བསྒྱུར་བཏང་བའི་ལོ་སྔོན་མ་བར་མཆོད་གཞིས་ཡོད་པའི་དགོན་པའི་གྲངས་ལྡབ་གཅིག་འཕར་ཡོད་པར་ཆ་གཞག་ན་དགོན་པ་བདུན་ཅུ་དོན་བཞི་ལས་ཟིན་མེད་པ་དང་། བོད་ལྗོངས་ཡོངས་ཀྱི་གྲྭ་པའི་བསྡོམས་འབོར་གོང་དུས་ལས་ལྡབ་གཅིག་འཕར་ཡོད་པར་ཆ་བཞག་ན་གྲྭ་གྲངས་བཞི་འབུམ་བཞི་ཁྲི་སུམ་སྟོང་བཞི་བརྒྱ་བརྒྱད་ཅུ་གྱ་བཞི་ཙམ་ཟིན་དགོས་པ་རེད། འོན་ཀྱང་། ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་གཤེགས་པ་ནས་སྤྱི་ལོ1958བར་གྱི་དུས་སྐབས་དེའི་རིང་མཆོད་གཞིས་མི་སེར་དང་། ཕོགས་མཐོན་པོ་ཡོད་པའི་དགོན་པ་སྟོབས་ཆེན་ཉུང་ཤས་ཞིག་གིས་གྲྭ་གྲངས་ལོ་རེ་ལས་ལོ་རེ་འཕར་ཡོད་པ་ལས། དགོན་པ་མང་ཆེ་བའི་གྲྭ་གྲངས་ལྡབ་ཁ་ཤས་བར་ཆག་ཡོད་པ་དང་། དགོན་པ་མང་པོ་ཞིག་འཐོར་ནས་གྲོང་ཁྱིམ་དུ་གྱུར་ཡོད། དེར་བརྟེན་དགོན་པ་མི་འཐོར་བའི་ཆེད་གྲྭ་གྲངས་གཏན་འཁེལ་དང་། བུ་གསུམ་བར་པའི་གྲྭ་ཁྲལ་གཏན་འབེབས་བཅས་བཟོ་དགོས་བྱུང་ཡོད་ཅིང་། འོན་ཀྱང་གྲྭ་གྲངས་ཉུང་དུ་འགྲོ་བ་མ་གཏོགས་ཚད་ལོན་པ་ཡོང་གི་མེད་པ་རེད། གོང་གསལ་དེ་དག་གི་ཐོག་ནས་བདག་དབང་མཆོད་གཞིས་དང་ཁོངས་གཏོགས་མི་སེར་བཅས་ཡོད་པའི་དགོན་པའི་དཔལ་འབྱོར་དེ་ཁེ་གྱོང་རང་ཁུར་གྱི་འགན་གཙང་དཔལ་འབྱོར་ཡིན་སྟབས་གྲྭ་པའི་ཁ་གྲངས་མང་དུ་འགྲོ་བ་ལས་ཉུང་དུ་འགྲོ་གི་མེད་ཅིང་། ཕོགས་དང་བསོད་སྙོམས་ཙམ་ལ་བརྟེན་དགོས་པའི་དགོན་པ་རྣམས་ཐབས་ཤེས་ཇི་ལྟར་བྱས་ཀྱང་གྲྭ་པ་ཉུང་དུ་འགྲོ་བ་མ་ཟད། ཡོད་པ་རྣམས་ཀྱང་ཆོས་ཁྲིམས་གཙང་མ་སྲུང་མཁན་ཞིག་ཡོང་ཐུབ་ཀྱི་མེད་པ་དེ་རེད། དེ་ནི་ད་ཡོད་དགོན་པ་ཁག་ལ་དུས་སྐབས་དང་མཐུན་ཞིང་། ཆོས་ལུགས་ཀྱི་དགོངས་པ་དང་ཡང་མཐུན་ཐུབ་པའི་བསྒྱུར་བཅོས་བྱ་དགོས་པའི་འགག་རྩའི་གནད་དོན་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།