བོད་ཀྱི་དགོན་པ་ཁག་གི་དཔལ་འབྱོར་གནས་ཚུལ་ལ་དཔྱད་པ།

རྩོམ་པ་པོ།:དུང་དཀར་བློ་བཟང་འཕྲིན་ལས་མཆོག་ ཡོང་ཁུངས།:《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》ལས། དུས་ཚོད།:2011-08-24 09:36:00 ཀློག་གྲངས།:

  (2)བོད་ཀྱི་སངས་རྒྱས་ཆོས་ལུགས་དགོན་པ་ཁག་གི་དཔལ་འབྱོར་གནས་ཚུལ་སྐོར།
  དེ་ལས་ནང་གསེས་ཀྱི་དུས་རབས་བཞི་རུ་ཕྱེ་ཆོག་པ་སྟེ།1.བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་ཐོག་མར་བྱུང་བ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་མཇུག་བར་གྱི་དུས་རབས། 2.བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་དགོན་པ་ལྷ་ཁང་དང་། རབ་བྱུང་གྲྭ་བཙུན་རྣམས་ལ་འབངས་མི་སེར་ཁྱིམ་དུད་གསུམ་རེ་གནང་བ་ནས། ཁྲི་རལ་པ་ཅན་གྱིས་དགོན་པ་ལྷ་ཁང་དང་། རབ་བྱུང་གྲྭ་བཙུན་རྣམས་ལ་ས་ཞིང་དང་། ཕྱུགས་རིགས། འབྲོག་ཐང་བཅས་གནང་རྗེས་མཐར་བཙན་པོའི་སྲིད་དབང་འཐོར་ཞིག་ཏུ་སོང་བའི་དུས་སྐབས། 3.དུས་རབས་བཅུ་པའི་མཇུག་ཏུ་བོད་དུ་སངས་རྒྱས་ཆོས་ལུགས་ཕྱི་དར་འགོ་ཚུགས་ནས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མ་བྱུང་བར་གྱི་བར་བརྒལ་དུས་སྐབས།4.ཡོན་རྒྱལ་རབས་སྐབས་བོད་འདི་ཀྲུང་གོའི་མངའ་ཁོངས་སུ་གཅིག་གྱུར་བྱུང་ཞིང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འགོ་ཚུགས་པ་ནས་བོད་ས་གནས་སྲིད་གཞུང་རྩ་མེད་དུ་སོང་བའི་བར་གྱི་དུས་སྐབས་བཅས་ཡིན།
  དུས་སྐབས་དང་པོ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དཀྱིལ་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བསྐྱངས་སྐབས་བོད་ས་གནས་སུ་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་དང་པོ་བསམ་ཡས་བཞེངས་པ་ནས། དུས་རབས་བརྒྱད་པའི་དཀྱིལ་དུ་བཙན་པོ་ཁྲི་རལ་པ་ཅན་གྱིས་དགོན་པ་འགའ་ཞིག་ལ་ས་ཞིང་དང་། འབྲོག་ཐང་ཕྱུགས་རིགས་བཅས་མཆོད་རྒྱུན་དུ་སྤྲད་པའི་བར་གྱི་ལོ་བརྒྱ་མ་ཟིན་ཙམ་གྱི་དུས་སྐབས་དེ་ཡིན་ཅིང་། དེའི་རིང་ལ་དགོན་པ་ལ་མཚོན་ན། ནང་ཆོས་སློབ་གྲྭ་ཁག་བཅུ་གཉིས། ལྷ་ཁང་གསར་རྙིང་བསྡོམས་པའི་བཅོ་བརྒྱད། སྒོམ་གྲྭ་ཆེ་ཆུང་བསྡོམས་པའི་བཅུ་དྲུག་ཡོད་པ་བཅས་བསྡོམས་ན་དགོན་པ་དང་ལྷ་ཁང་གྲངས་བཞི་བཅུ་ཞེ་དྲུག དེ་ཐོག་སྲོང་བཙན་སྐབས་སྲོང་བཙན་རང་གིས་བཞེངས་པ་གཙུག་ལག་ཁང་བཅོ་ལྔ། ཁྲི་ལྡེ་གཙུག་བརྟན་གྱིས་བཞེངས་པ་ལྔ་དང་། བཙུན་མོ་རིམ་བྱུང་གིས་བཞེངས་པ་བརྒྱད།མཆོད་གནས་སློབ་དཔོན་རིམ་བྱུང་གིས་བཞེངས་པ་དགུ བཙན་པོའི་གཉེན་མཚན་རྣམས་ཀྱིས་བཞེངས་པ་བཅོ་ལྔ། བློན་པོ་རིམ་བྱུང་གིས་བཞེངས་པ་སུམ་ཅུ་སོ་ལྔ་བཅས་བསྡོམས་པའི་གཙུག་ལག་ཁང་དང་དགོན་པ་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད(གླང་དར་མ་ཡན་ཆད)པ་དང་། བསམ་ཡས་དང་མཆིམ་ཕུ། ཡེར་པ། ཆུ་བོ་རི་བཅས་དགོན་ཁག་བཞི་ལ་གྲྭ་པ་བསྡོམས་ན་སུམ་བརྒྱ་དང་ལྔ་ཡོད་ཅིང་། དེ་འཕྲོས་རྣམས་ལ་ཆ་སྙོམས་ཀྱི་གྲྭ་པ་བརྒྱ་རེ་ཡོད་པར་ཆ་བཞག་ན་གྲྭ་པ་འབོར་གྲངས་ཆིག་སྟོང་བརྒྱ་མེད་སུམ་བཅུ་སོ་གཉིས་ཡོད་པར། གོང་གསལ་དགོན་ཁག་བཞིའི་གྲྭ་གྲངས་ཐོག་ཏུ་བསྣན་ན་གྲྭ་པ་ཆིག་སྟོང་སུམ་ཅུ་སོ་བདུན་ཡོད་ཅིང་། དེ་ལས་མང་བ་ཡོད་མི་སྲིད།
   དུས་སྐབས་དེའི་རིང་གྲྭ་པ་དང་།སློབ་དཔོན། སློབ་མ་བཅས་ལ་ལོ་རེར་རྒྱལ་པོའི་མཛོད་ནས་ཕོགས་ཐོབ་སྤྲོད་པ་མ་གཏོགས་མཆོད་གཞིས་ས་ཞིང་དང་། ཕྱུག་རིགས། འབྲོག་ཐང་སོགས་གང་ཡང་མེད་ཅིང་། ཕོགས་ཐོབ་ཀྱང་རིམ་པ་མི་འདྲ་བར་གཞིགས་པའི་ཐོབ་བྱ་མང་ཉུང་གི་ཚད་གཞི་གཏན་འབེབས་ཡོད་ཚུལ《སྦ་བཞེད་》ནང་གསལ་བ་ལྟར་གོང་གསལ་གྲྭ་པ་རྣམས་ལ་ལོ་རེ་ཆ་སྙོམས་ཀྱི་ཕོགས་ཐོབ་ནས་ཁལ་ཉི་ཤུ་རྩ་ལྔ་དང་། མར་ཁལ་བཅུ་གཅིག་དང་སྲང་སུམ་ཅུ་ཐམ་པ་རེ་སྤྲད་པའི་དབང་དུ་བྱས་ན་འབྲུ་ཁལ་སུམ་ཁྲི་སུམ་སྟོང་བཞི་བརྒྱ་ཉི་ཤུ་རྩ་ལྔ་དང(དེང་སང་གི་རྒྱ་མར་ཕབ་ན་རྒྱ་མ་དགུ་འབུམ་སུམ་ཁྲི་ལྔ་སྟོང་དགུ་བརྒྱ) མར་ཁལ་བཅུ་གཅིག་དང་སྲང་སུམ་ཅུ་ཐམ་པ (དེང་སང་གི་རྒྱ་མ་བརྒྱད་ཅུ་ཐམ་པ)གྲྭ་པའི་གྲངས་ཀྱིས་བསྒྱུར་བའི་ཐོབ་གྲངས་རྒྱ་མ་ཆིག་འབུམ་ཁྲི་མེད་དྲུག་སྟོང་དགུ་བརྒྱ་དྲུག་ཅུ་ཐམ་པ་ཡིན་པས་གྲྭ་པའི་གྲངས་འབོར་ཉུང་ཉུང་ལས་མེད་ཀྱང་།ཁོང་རྣམ་པར་སྲིད་གཞུང་ནས་སྤྲད་དགོས་པའི་ཕོགས་ཀྱི་གྲངས་འབོར་ཚད་མཐོན་པོ་ཡིན་པས་སྐབས་དེའི་ཞིང་འབྲོག་ཐོན་སྐྱེད་ཀྱི་ཆུ་ཚད་དེང་སྐབས་དང་བསྡུར་ན་ཧ་ཅང་དམའ་པོ་ལས་མེད་ཅིང་། བཙན་པོའི་སྲིད་གཞུང་དང་ཞིང་འབྲོག་མང་ཚོགས་ཀྱིས་དཔལ་འབྱོར་ཐོག་འཁུར་ཐུབ་པའི་ཚད་ལས་བརྒལ་ཡོད། གནས་ཚུལ་དེ་འདྲའི་འོག་བོད་ལ་གསར་དུ་བྱུང་ནས་ཡུན་རིང་མ་སོང་བའི་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པ་རྣམས་དུས་རབས་དྲུག་པའི་གོང་གི་རྒྱ་གར་དང་འདྲ་བར་གྲོང་ཁྱེར་དང་གྲོང་གསེབ་དུ་བསོད་སྙོམས་སློང་བར་བརྟེན་ནས་འཚོ་བ་སྐྱེལ་དགོས་སམ། ཡང་ན་དུས་རབས་བདུན་པ་ནས་རྒྱ་གར་དུ་དར་སྲོལ་ཡོད་པ་ལྟར་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་དང་གྲྭ་པ་རྣམས་ལ་སྲིད་གཞུང་ནས་མཆོད་གཞིས་ས་ཞིང་དང་། ནོར་ཕྱུགས། འབྲོག་ཐང་བཅས་སྤྲད་ནས་འགན་གཙང་བྱེད་དུ་བཅུག་དགོས་པ་བཅས་ཀྱི་གནད་དོན་དེ་ལྷག་ཡོད།འོན་ཀྱང་བོད་ས་གནས་སུ་རྒྱ་གར་དང་འདྲ་བར་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པ་རྣམས་བསོད་སྙོམས་སློང་བར་བརྟེན་ནས་འཚོ་བ་སྐྱེལ་སའི་ས་ཁུལ་རྒྱ་ཆེན་པོ་མེད། གང་ཡིན་ཟེར་ན། བོད་ས་གནས་སུ་རང་བྱུང་གི་ཆ་རྐྱེན་ཐད་རྒྱ་གར་དང་མི་འདྲ་བར་ཧ་ཅང་ཞན་པོ་ཡིན་པ་དང་། འབྲོག་ལས་ཐོན་སྐྱེད་ཀྱི་རྟེན་གཞི་རྒྱ་ཆེན་པོ་མེད་པའི་ཐོག དངོས་ཟོག་ཉོ་ཚོང་གི་བརྟེན་ས་གཙོ་བོ་ནི་འབྲུ་རིགས་ལ་བརྟེན་ནས་བརྗེ་ཚོང་བྱེད་དགོས་ཀྱི་ཡོད་པ་དང་། འབྲུ་རིགས་ཐོན་སྐྱེད་བྱ་ཡུལ་ཁྱབ་ཆེ་ཞིང་ཞིང་ཁུལ་གྱི་དཔལ་འབྱོར་གནས་ཚུལ་འབྲོག་ཁུལ་ལས་ལེགས་པ་ཡོད་པ་དང་། བརྗེས་ཚོང་བྱེད་སྐབས་འབྲུ་རིགས་ལས་མར་གྱི་རིན་གོང་ལྡབ་གཅིག་གིས་མཐོ་བ་ཡོད་པ་ནི་ད་ཡོད་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་གི་ཐོག་ནས་ར་སྤྲོད་བྱུང་ཡོད། བོད་དུ་ཡོད་པའི་གྲྭ་པ་རྣམས་བསོད་སྙོམས་སློང་བར་འགྲོ་སའི་ས་ཁུལ་ནི་འབྲོག་ཁུལ་ལས་ཞིང་ཁུལ་ལེགས་པ་ཡོད་པས། ཞིང་ཁུལ་དུ་བསོད་སྙོམས་ལ་སོང་ན་ཡང་ཟླ་བ་གསུམ་ལྷག་གི་འཚོ་བའི་འགན་སྲུང་བྱེད་མི་ཐུབ་པ་མ་ཟད། དུས་རབས་རིམ་བྱུང་གི་སྲིད་གཞུང་དང་། སྒེར་པ་སྟོབས་འབྱོར་ཅན་གང་ཞིག་ཡིན་ཀྱང་རྒྱ་གར་དང་འདྲ་བར་ལོ་མང་པོའི་བར་གྲྭ་པ་འབུམ་ཕྲག་ལོངས་པར་འཚོ་བ་ནར་གཏོང་བྱེད་ཐུབ་པའི་སྟོབས་ཤུགས་ཡོད་མཁན་གཏན་ནས་མེད་སྟབས། དགོན་པ་དང་གྲྭ་པར་སྲིད་གཞུང་གིས་མཆོད་གཞིས་ས་ཞིང་དང་། འབྲོག་ར། ནོར་ཕྱུགས། ལྷ་འབངས་མི་སེར་བཅས་བདག་བཟུང་དབང་ཆ་སྤྲད་ནས་འགན་གཙང་བྱེད་དུ་བཅུག་རྒྱུ་མ་གཏོགས་ཐབས་ཤེས་གཞན་མེད་སྟབས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཚེ་སྨད་ནས་བཟུང་བྱ་ཐབས་དེ་ལག་ལེན་བསྟར་དགོས་བྱུང་ཡོད། དེ་ནི་བོད་ས་གནས་ཀྱི་དགོན་པ་དང་། གྲྭ་པ་ཁག་གཅིག་དཔལ་འབྱོར་ཐོག་ནས་ཞིང་བདག་གྲལ་རིམ་དུ་སླེབས་རྒྱུའི་ཆ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་། འོན་ཀྱང་དེ་སྐབས་ཆོས་སྲིད་བཟུང་འབྲེལ་གྱི་ལམ་ལུགས་སླེབས་རྒྱུའི་ཆ་རྐྱེན་ཡོངས་སུ་འཛོམས་མེད་པ་དང་། བོད་སིལ་བུའི་དུས་རབས་ཀྱི་མཇུག་ཏུ་ཡོན་རྒྱལ་རབས་ཀྱིས་བོད་ས་གནས་སོགས་རྒྱལ་ནང་ཡོངས་རྫོགས་གཅིག་གྱུར་བྱེད་པ་དང་དུས་མཚུངས་ཆོས་སྲིད་གཉིས་ཀའི་དབང་ཆ་འགྲོ་མགོན་འཕགས་པས་བཟུང་གནང་མཛད་པ་ནས་བཟུང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བྱུང་བ་བཅས་ཀྱི་སྐོར་ང་རང་གིས་བྲིས་པའི་ཆེད་རྩོམ་གཞན་དག་ནང་བཀོད་ཟིན་པས་འདིར་བསྐྱར་དུ་གླེང་རྒྱུ་མིན།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།