བོད་ཀྱི་དགོན་པ་ཁག་གི་དཔལ་འབྱོར་གནས་ཚུལ་ལ་དཔྱད་པ།
བོད་ཀྱི་དགོན་པ་ཁག་གི་དཔལ་འབྱོར་གྲུབ་ཚུལ་ནི། སངས་རྒྱས་ཆོས་ལུགས་ཀྱི་དགོན་པའི་དཔལ་འབྱོར་གནས་ཚུལ་དང་འདྲ་བའི་ཕྱོགས་མང་པོ་ཡོད་པའི་ཐོག བོད་ས་གནས་རང་གི་དམིགས་བསལ་ཁྱད་ཆོས་ཀྱང་ཡོད་པར་བརྟེན། དགོན་པའི་དཔལ་འབྱོར་གྱི་གྲུབ་ཚུལ་དེ་བོད་ས་གནས་ཀྱི་དཔལ་འབྱོར་རྟེན་གཞིའི་སུམ་ཆ་གཅིག་ཙམ་ནི་མཆོད་གཞིས་དང་། མི་སེར་ཡོད་པའི་དགོན་པ་ཁག་གི་ལག་ཏུ་བཟུང་ཡོད། དེར་བརྟེན་ང་ཚོས་དགོན་པ་ཁག་གི་དཔལ་འབྱོར་གནས་ཚུལ་ལ་བརྟག་དཔྱད་བྱེད་སྐབས་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་སྤྱིའི་དཔལ་འབྱོར་གྲུབ་ཚུལ་དང་། བོད་དུ་ཡོད་པའི་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་ཁག་གི་དཔལ་འབྱོར་གནས་ཚུལ་གཉིས་བསྡུར་ནས་ཞིབ་འཇུག་བྱེད་དགོས་པ་མ་ཟད། མཆོད་གཞིས་མི་སེར་མེད་པའི་དགོན་པ་ཁག་གི་དཔལ་འབྱོར་ཡོང་ཁུངས་དང་། འཚོ་བའི་རྟེན་གཞི་བཅས་ལ་ཡང་ཞིབ་འཇུག་དང་དཔྱད་བསྡུར་བྱེད་དགོས་ཤིང་། ཞིབ་འཇུག་དེ་འདྲ་བྱས་པ་བརྒྱུད་ནས་སྐབས་དེའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་གལ་ཆེན་པོ་ཞིག་མཐོང་ཐུབ་པ་ཡིན།
(1) རྒྱ་གར་གྱི་ནང་པ་སངས་རྒྱས་པའི་དགོན་པ་ཁག་གི་དཔལ་འབྱོར་གནས་ཚུལ།
དེ་སྔོན་སངས་རྒྱས་བཅོམ་ལྡན་འདས་སྐུ་འཚོ་བཞུགས་སྐབས། རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་དང་། མཉན་ཡོད་རྒྱལ་བྱེད་ཀྱི་ཚལ། ཡངས་པ་ཅན། འཁྲུངས་ཡུལ་དུ་ན་གྲོ་དྷྱའི་སྐྱེད་ཚལ། ཀོའུ་ཤམ་བིའི་གདང་ཅན་གྱི་ཀུན་དགའ་ར་བ་བཅས་ལྔ་ཙམ་ཡོད། དགོན་པ་ཁག་སོ་སོར་ཧ་ཅང་ཐག་མི་རིང་ཞིང་ཕན་ཚུན་གྱི་སྒྲ་མི་ཐོས་པའི་སར་ལྷ་འབངས་ཀྱི་མི་སེར་སྡོད་པའི་དུད་ཁྱིམ་ཡོད་པ་དང་། རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་གྱི་ཁོངས་གཏོགས་ལྷ་འབངས་ཁྱིམ་དུད་ལྔ་བརྒྱ་ཡོད་ཚུལ《 འདུལ་བ་ལུང་གཞིའི་》གནས་མལ་གྱི་གཞིའི་སྐབས་སུ་གསལ་ཞིང་། འཚོ་བ་ནི་ཉིན་རེ་གྲོང་ཁྱེར་གྱི་ནང་དུ་བསོད་སྙོམས་སློང་བ་ལ་བརྟེན་དགོས་པ་དང་། དགོན་པ་སྤྱིའི་དཔལ་འབྱོར་ནང་ཁག་བཞི་ཡོད་པ་སྟེ། 1. སྐུ་གསུང་ཐུགས་རྟེན་གྱི་མཆོད་པ་དང་། ལྷ་ཁང་ཉམས་གསོ་སོགས་ལ་གཏོང་རྒྱུའི་གྲས། 2.ཆོས་གསུང་མཁན་ལ་ཆོས་ལོན་འབུལ་རྒྱུའི་ཁོངས་གཏོགས། 3. དགེ་འདུན་སྤྱིའི་རྫས་སུ་བཞག་ནས་བགོ་བཤའ་རྒྱག་མི་ཆོག་པའི་རིགས། 4.མང་ཉུང་གང་འདྲ་ཡོད་ཀྱང་ཚང་མར་ཆ་མཉམ་དུ་བགོ་དགོས་པའི་བགོད་རྫས་ཀྱི་རིགས་བཅས་ཡིན་པ་དང་། དེ་བཞི་བོ་ཕར་བསྒྱུར་ཚུར་བསྒྱུར་བྱེད་མི་ཆོག་པ་མ་ཟད། སྤྱི་རྫས་ཚོང་བསྒྱུར་དང་། བུ་ལོན་གཏོང་བ། སྐྱེད་ཁ་ལེན་པ། གཏའ་མ་ལེན་པ་སོགས་དགེ་འདུན་སྤྱིའི་དོན་དུ་བྱེད་ཆོག་པ་ལས། སྒེར་གྱི་དོན་དུ་བྱེད་མི་ཆོག སྤྱི་རྫས་དོ་དམ་བྱེད་མཁན་ཡང་དགེ་ཚུལ་དང་། དགེ་བསྙེན་མ་གཏོགས་དགེ་སློང་གིས་གཏན་ནས་བྱེད་མི་ཆོག་པའི་དཔལ་འབྱོར་ལམ་ལུགས་ནན་པོ་ཡོད་པ་དང་། དུས་སྐབས་དེར་དགོན་པ་ཁག་ལ་ལྷ་འབངས་ཡོད་ཀྱང་མཆོད་གཞིས་ས་ཞིང་དང་འབྲོག་སྡེ་སོགས་མེད། ཉིན་རེ་དགེ་སློང་དང་དགེ་ཚུལ་རྣམས་ཉིན་གུང་ལ་གྲོང་ཁྱེར་ནང་བསོད་སྙོམས་ལ་ཕེབས་པ་མ་གཏོགས་གནས་ཁང་ནང་རྒྱུ་དངོས་དང་། འཛིན་ཆས་སོགས་གང་ཡང་མེད། མལ་ཆས་དང་། འཚོ་བའི་ཡོ་བྱད་སྣ་བཅུ་གསུམ་ཆ་ཚང་བ་རེ་ཡོད་དགོས་པ་ཕུད། དེ་མིན་ལྷག་པོ་ཡོད་ན་དགེ་འདུན་གྱི་དོན་དུ་ཡིན་པའི་བསམ་ཚུལ་བཅང་ནས་ཉར་ཆོག་པ་ལས། རང་དོན་དུ་ཉར་བ་དང་བེད་སྤྱོད་མི་ཆོག་པ་བཅས་ཡིན། སྐབས་དེར་རྒྱ་གར་གྱི་རྒྱལ་ཁབ་ཆེན་པོ་གཉིས་དང་། གྲོང་ཁྱེར་དྲུག་གི་ས་ཁུལ་དུ་གནས་པའི་སྤྱི་ཚོགས་ལམ་ལུགས་ནི། འབྱོར་ལྡན་ཁག་གི་ཁྱིམ་ཚང་གི་བདག་པོ་ཤི་རྗེས་མི་རྒྱུད་རྗེས་མའི་བུ་ཡོད་ན་དེ་ཚོར་དབང་བ་དང་། བུ་མེད་ན་རྒྱུ་ནོར་གང་ཡོད་རྒྱལ་པོས་བསྡུས་འགྲོ་བ་དང་། ཞིང་པ་རྣམས་ནས་རྒྱལ་པོར་ལོ་རེའི་སྟོན་འབབ་ཐོག་ནས་དྲུག་ཆའི་ཁྲལ་བསྡུ་བའི་ལམ་ལུགས་ཡོད་ཚུལ་སངས་རྒྱས་ཆོས་ལུགས་ཀྱི་འདུལ་ཁྲིམས་གླེང་གཞིའི་ནང་གསལ་པོར་འཁོད་འདུག སྐབས་དེར་རྒྱ་གར་དུ་ཐོག་མར་དགེ་སློང་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ལས་མེད་པ་ནས་སངས་རྒྱས་སྐུ་མྱ་ངན་ལས་འདའ་ཁར་དགེ་སློང་ཁྲི་ཁ་ཤས་ཡོད་པ་ཚང་མའི་འཚོ་བ་རྒྱལ་བློན་འབངས་དང་བཅས་པས་བསོད་སྙོམས་འབུལ་བར་བརྟེན་ནས་འཚོ་ཐུབ་ཀྱི་ཡོད་པ་རེད།
དེ་རྗེས་ནས་དུས་རབས་བདུན་པའི་འགོར་དབྱི་སི་ལན་ཆོས་ལུགས་མ་དར་བར་དུ་གཞི་རྩའི་ཆ་ནས་ལུགས་སྲོལ་དེར་གནས། དུས་རབས་བདུན་པའི་འགོར622ལོར་ཧྲ་རྟི་ཨ་རབ་རྒྱལ་ཁབ་ཀྱི་ནུབ་བྱང་མེ་ཅར་ཟེར་བའི་ས་གནས་སུ། དབྱི་སི་ལན་ཆོས་ལུགས་ཀྱི་སྟོན་པ་མོ་ཧན་མོ་ཏིའམ་བོད་ཡིག་མ་རྙ་མ་ཏི་རི་ཟེར་བ་བྱུང་ཞིང་། དེས་དབྱི་སི་ལན་ཆོས་ལུགས་གསར་གཏོད་བྱས་པ་ནས་འཛམ་གླིང་ཐོག་དབྱི་སི་ལན་ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོ་ལྡན་པའི་ཆོས་ལུགས་ཤིག་ཆགས་ཤིང་། དེ་སྔོན་ནང་པའི་ཆོས་ལུགས་དང་། མུ་སྟེགས་པའི་ཆོས་ལུགས་དར་བའི་ས་གནས་ཁག་ལ་བཙན་འཛུལ་བྱས་ཏེ། མཐར་རྒྱ་གར་ནུབ་དང་བྱང་། དབུས་བཅས་ཀྱི་ས་ཆ་བཙན་བཟུང་ཐོག ས་ཁུལ་དེ་དག་ཏུ་ཡོད་པའི་ཆོས་ལུགས་གཞན་དག་གི་ལྷ་ཁང་དང་། ཆོས་གཞིས་ཕྲོགས་པའི་གནས་ཚུལ་བྱུང་ཡོད། རྒྱ་གར་དང་འབྲེལ་ཡོད་ཤིས་ལ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་འཁོད་པ་ལྟར་ན། དུས་རབས་བདུན་པའི་ཡས་མས་ནས། རྒྱ་གར་དུ་ཡོད་པའི་ཆོས་ལུགས་ཚང་མར་གཞི་ཁྱོན་ངེས་ཅན་གྱི་ལྷ་འབངས་དང་། མཆོད་གཞིས་བྱུང་ཡོད་པ་དང་། འབར་མ་དང་། སིང་ག་ལ་སོགས་རྒྱ་གར་ཤར་ཕྱོགས་དང་། ལྷོ་མཐའི་ནང་དགོན་པ་རྣམས་སངས་རྒྱས་སྐུ་བཞུགས་དུས་དང་འདྲ་བར་བསོད་སྙོམས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་ཚོད་རེད།
གྲྭ་པའི་གྲངས་འབོར་ཐད་ནས་བཤད་ན། སྦྱི་ལོའི་དུས་རབས་གསུམ་པའི་ཡས་མས་ནས་དུས་རབས་བཅུ་གཉིས་པའི་མཇུག་བར་རྒྱ་གར་གྱི་དབུས་དང་ནུབ། བྱང་བཅས་ཀྱི་ས་ཁུལ་དུ་གྲྭ་པ་ཉུང་དུ་ཕྱིན་ཡོད་ཀྱང་། རྒྱ་གར་ཤར་ཕྱོགས་དང་། ལྷོ་ཕྱོགས་རྒྱུད་དུ་གྲྭ་གྲངས་སྔར་ལས་མང་དུ་སོང་བ་བཅས་ཆ་སྙོམས་བྱས་ན་དུས་རབས་ལྔ་པ་དང་དྲུག་པའི་སྐབས་རྒྱ་གར་དུ་གྲྭ་བ་མང་ཤོས་ཀྱི་སྐབས་ཡིན་ཅིང་། དེ་སྐབས་དགེ་སློང་ཕ་མ་དང་། དགེ་ཚུལ་ཕ་མ་བཅས་བསྡོམས་ན་གྲྭ་པའི་འབོར་གྲངས་ས་ཡ་གཉིས་ལྷག་ཙམ་ལོན་ཡོད་ཅིང་། དེ་ཚོའི་འཚོ་བ་ཡང་བསོད་སྙོམས་ལ་བརྟེན་ནས་འཚོ་བ་སྤྱོད་པ་མ་གཏོགས་མཆོད་གཞིས་དང་། སེམས་ཅན་འབྲོག་ཐང་བཅས་བདག་བཟུང་བྱེད་དགོས་པའི་དཀའ་ངལ་ཐུག་མེད་པ་རེད།
དུས་རབས་བདུན་པའི་འགོ་ནས་དབྱི་སི་ལན་ཆོས་སྲིད་ཟུང་འབྲེལ་གྱི་སྟོབས་ཤུགས་ཨ་རབ་ཧྲིལ་པོ་དང་། རྒྱ་གར་ནུབ་བྱང་བརྒྱུད་ནས་རིམ་བཞིན་རྒྱ་གར་གྱི་ས་ཁུལ་ཕྱེད་ཀ་ཙམ་ལ་རྒྱ་བསྐྱེད་བྱུང་སྟབས་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པ་རྣམས་བསོད་སྙོམས་ལ་བརྟེན་ནས་འཚོ་བ་སྐྱེལ་སའི་ས་ཁུལ་ཡོང་རྫོགས་དབྱི་སི་ལན་ཆོས་ལུགས་ཀྱིས་དབང་སྒྱུར་བྱས་སྟབས་འཚོ་བའི་ཐད་ལ་འགན་སྲུང་མེད་པར་གྱུར་ཏེ། རྒྱ་གར་ཤར་ཕྱོགས་དང་། ལྷོ་ཕྱོགས་བརྒྱུད་དུ་གནས་སྤོས་བྱ་དགོས་བྱུང་བ་མ་ཟད། སངས་རྒྱས་ཆོས་ལུགས་ལ་དད་པ་ཡོད་པའི་རྒྱལ་བློན་དང་།འབྱོར་ལྡན་རྣམས་ཀྱིས་ནང་པ་སངས་རྒྱས་པའི་དགོན་པ་ཁག་ལ་མཆོད་གཞིས་ས་ཞིང་དང་། ཕྱུགས་རིགས་འབྲོག་ཐང་ལྷ་འབངས་བཅས་ཟུར་དུ་ཕུལ་ནས། དེ་སྔོན་བསོད་སྙོམས་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་གནས་ཚུལ་ལ་འགྱུར་ལྡོག་མ་གཏང་ཀ་མེད་བྱུང་ཡོད། དཔེར་ན་རྒྱལ་ཁབ་ཕྱི་ནང་དུ་མཚན་སྙན་གྲགས་ཆེ་བའི་ཐང་སན་བླ་མ་རྒྱ་གར་དུ་ཕེབས་སྐབས། སངས་རྒྱས་ཆོས་ལུགས་ཀྱི་གདན་ས་ཆེན་པོ་ན་ལེ་སྦྲ་དགོན་པ་སྤྱི་ལ་ལྷ་འབངས་མི་སེར་གྲོང་དུད་བརྒྱ་ཙམ་དང་། ས་ཞིང་། ནོར་ཕྱུགས་འབྲོག་ཐང་བཅས་ཡོད་པར་མ་ཟད། པཎྜི་ཏ་རིམ་པ་དང་པོར་ལྷ་འབངས་གྲོང་བཅུ་ཡོད་པ་ནས་རིམ་པ་བཅུ་པར་ལྷ་འབངས་གྲོང་གསུམ་ཡོད་པའི་བར་གྱི་གོ་གནས་རིམ་པ་བཅུ་ཡོད་ཚུལ་ཁོང་གིས་མཛད་པའི་ལམ་ཡིག་ལས་གསུངས་པར་མ་ཟད། སློབ་དཔོན་ཟླ་བ་གྲགས་པའི་རྣམ་ཐར་ནང་དུའང་ཁོང་ན་ལེ་སྦྲར་སློབ་གཉེར་ཐོག་མར་གནང་དུས་ན་ལེ་སྦྲ་དགོན་པའི་ཕྱུགས་རིགས་ཀྱི་གཉེར་པ་ལོ་ཤས་གནང་མྱོང་ཚུལ་གསལ་བ་བཅས་ལ་བརྟགས་ན། དགོན་པར་ས་ཞིང་དང་། ཕྱུགས་རིགས། འབྲོག་ཐང་བཅས་བྱུང་བའི་ལོ་རྒྱུས་དེ་བོད་ཙམ་མིན་པར་རྒྱ་གར་དུ་བྱུང་མྱོང་བ་དང་། དེ་ཡང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ1170ལྷག་ཙམ་སོང་བའི་རྗེས་སུ་གཞི་ནས་བྱུང་བ་ཞིག་ཡིན་ཅིང་། རྒྱ་གར་ཤར་ཕྱོགས་ཀྱི་འབར་མ་དང་། ལྷོ་ཕྱོགས་ཀྱི་སིང་ག་ལ་བཅས་སུ་ད་ལྟ་སངས་རྒྱས་བཞུགས་དུས་དང་འདྲ་བར་གྲོང་ཁྱེར་དུ་བསོད་སྙོམས་སློང་བར་བརྟེན་ནས་འཚོ་བ་སྐྱེལ་བའི་སྲོལ་རྒྱུན་མ་ཉམས་པར་གནས་ཡོད་ཅེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com