དབུས་གཙང་ཁུལ་གྱི་གཉེན་བཤད་རགས་བསྡུས།
གསུམ་པ། གཉེན་བཤད་ཀྱི་གཞུང་དངོས།
༡ ཞུགས་གྲལ་གྱི་བཤད་པ།
ཨོཾ་བདེ་ལེགས་སུ་གྱུར་ཅིག བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་དྲོ་སྐུ་ཁམས་བཟང་། གཏན་དུ་བདེ་བ་ ཐོབ་པར་ཤོག གཡུ་ཆུང་གྲུ་དཀར་བསྟན་པ་དར། ས་ཡུལ་སྐྱིད་པའི་བཀྲ་ཤིས་དགེ་འཁོར་འདི། ཆོས་གྲྭ་ཆེན་པོ་དཔལ་ལྡན་ས་སྐྱའི་ཤར། གདན་ས་མཐོ་བ་བཀྲ་ཤིས་ལྷུན་པོའི་ལྷོ། འབྲུ་སྣ་འཛོམས་པ་ཤེལ་དཀར་རྒྱལ་རྩེའི་ནུབ། ཟས་སྣ་འཛོམས་པ་ཚོང་འདུས་ཕ་རིའི་བྱང་། ཕུ་རུ་སྤང་ཆགས་འབྲོག་སྡེ་བརྒྱ་ཕྲག་གནས། གཡག་ར་ལུག་གསུམ་གཞན་ལ་སྨོན་ དགོས་མེད། རྐང་བཞིས་ཀུན་ཁྱབ་ལོངས་སྤྱོད་མར་ལ་བཅོལ། ཤ་མར་ལོངས་སྤྱོད་འཛོམས་པའི་ངང་ལ་བཞུགས། བར་དུ་རྟེན་ཆགས་ཀ་བཞི་གདུང་བརྒྱད་གནས། གསེར་གཡུ་མུ་ཏིག་ནོར་བུའི་བང་མཛོད་ཡོད། རྒན་དར་གཞོན་གསུམ་བཀྲ་ཤིས་བདེ་ལེགས་ཡོད། མདའ་རུ་རྟེན་ཆགས་ས་ཞིང་བརྒྱ་ཕྲག་གནས། འབྲུ་སྣ་འཛོམས་ཤིང་ལོངས་སྤྱོད་ཆང་ལ་བཅོལ། ཨ་རག་བདུད་རྩི་འདི་འདྲའི་ངང་ལ་བཏང་། ནས་སྲན་གྲོ་སོགས་གང་དགའ་གང་འདོད་ཡོད། འོ་ལགས་སོ་ཞེས་ཞུས་པས། ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་མཆོད། ལོངས་སྐུའི་སྟོན་པ་སྤྱན་རས་གཟིགས་དབང་མཆོད། སྤྲུལ་སྐུའི་སྟོན་པ་པདྨ་འབྱུང་ གནས་མཆོད། སྐུ་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ། འཛམ་གླིང་ལྟེ་བ་རྒྱ་གར་རྡོ་རྗེ་གདན། བོད་ཀྱི་ལྟེ་བ་དབུས་ཀྱི་པོ་ཏ་ལ། ལྷ་ས་བོད་ཀྱི་ཡར་བ་ཡིན། ཡར་བས་དཀའ་སྤྱད་མ་བཞེས་ན། བོད་ཀྱི་བསྟན་པ་གང་དུ་དར། བླ་མའི་བཀའ་སྐྱོངས་དམ་ཆོས་ ཀུན་ཏུ་ཁྱབ། དཔོན་པོའི་བཀའ་སྐྱོངས་ཁམས་གསུམ་དབང་དུ་འདུས། སྨྲ་བ་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས། དབྱངས་ཅན་ལྷ་མོ་གཙུག་ལག་འདོད་འཇོའི་དཔལ། དཔལ་ལྡན་ཚངས་པ་དེ་བཞིན་ལེགས་པར་འཛིན། འཛིན་པའི་མན་ངག་མི་རྣམས་ཀྱིས་ཤེས་པར་མཛོད། དྲིན་ཆེན་ཕ་མས་དཀའ་བའ་ཡར་བཞེངས་པའི། བཀྲ་ཤིས་གཡང་དུ་འཁྱིལ་བའི་ཕོ་བྲང་ནང་། གནས་ཁང་བཟང་པོའི་བུ་རྒྱུད་ཁྱད་འཕགས་གསུམ། རྒན་པ་གསེར་གྱི་ཉི་མའི་ཞོགས་ཡ་ལ། བར་པ་དུང་གི་ཟླ་བ་འདྲ་ ཞིག་ཡོད། གཞོན་པ་དངུལ་གྱི་སྐར་ཆེན་འདྲ་ཞིག་ཡོད། ཕོ་དེ་གསུམ་བསོད་ནམས་ཆེ་བ་དང་། སྔོན་ལས་སྨོན་ལམ་གཞན་ལས་ ཆེར་མཆོག་པས། དྲིན་ཆེན་བུ་ལ་བརྩེ་བའི་ཡབ་ཡུམ་གྱི། ཤ་ཁྲག་ལུས་ལས་གྲུབ་པའི་སྲས་སུ་འཁྲུངས། རྒན་འོག་གཞོན་ཚུལ་ གཞན་ལ་སྨོན་དགོས་མེད། ཕ་མས་བུར་བྱམས་བུ་ཡིས་ཕ་མར་བཀུར། གནས་ཁང་ལོངས་སྤྱོད་ཡར་ངོའི་ཟླ་བར་འགྲན། ཁྱེད་བཟང་ཁྱེད་ཡག་གུས་པའི་བསྔགས་བརྗོད་མང་། ང་དགའ་ང་སྐྱིད་བཀྲ་ཤིས་གཏམ་བཟང་མང་། ད་ཡང་འཇིག་རྟེན་ཀུན་ གྱི་འགྲོ་ལུགས་ལྟར། ངོ་མཚར་སྲས་ཀྱི་འཇིག་རྟེན་མདུན་ཐབས་སུ། དོན་གྲུབ་ཡར་འཕེལ་ཁང་བཟང་གི། སྲས་མོ་རྒན་པ་མནའ་མར་གདན་དུ་འདྲེན། གནམ་མི་འགྱུར་འཁོར་ཆེན་བརྒྱད་ཀྱི་འོག ས་མི་འགྱུར་པད་མ་འདབ་བརྒྱད་སྟེང་། བར་མི་འགྱུར་ཕོ་བྲང་འདི་ཡི་ནང་། ཕུ་ནས་འབྲོག་པའི་མར་ཐུད་ཆར་ལྟར་བབས། མདའ་རུ་འབྲུ་སྣ་བཏབ་ཚད་དུས་སུ་སྨིན། ཆར་ཆུ་བཟང་པོ་ལོ་ཕྱུགས་རྟག་ཏུ་ལེགས། ཚེ་རིང་ནད་མེད་ལུས་ངག་ཡིད་གསུམ་བདེ། རྫོགས་ལྡན་དགའ་སྟོན་སླེབས་པར་བྱིན་གྱིས་རློབས། ནཱ་མོ་ཀི་ཀི་སྭོ་སྭོ་ལྷ་རྒྱལ་ལོ། །
༢ ཀ་བར་དར་འབུལ་བའི་བཤད་པ།
སྟེང་དགའ་ལྡན་ལྷ་ཡི་ཕོ་བྲང་ནང་། སྒོ་ཀུན་ནས་མཚུངས་པའི་ཁང་བཟང་འདིར། རྒྱུ་ཙན་དན་སྦྲུལ་སྙིང་ལས་གྲུབ་ པའི། ཀ་རབས་བཤད་པ་འཚོལ་བ་ལ། ཕྱི་གྲུ་བཞི་ལྷ་ཡི་གཞལ་ཡས་ཁང་། ནང་སྲུང་སྐྱོབས་ཕོ་ལྷའི་རྟེན་མཁར་ཡིན། འོག་མི་འགྱུར་ཀ་སྟེགས་ནོར་བུའི་རྡོ། རྒྱུ་སྲ་བར་རང་གྲུབ་སྒོར་མོ་ཡོད། བྲེ་ཕྲེང་དང་ནོར་བུས་བརྒྱན་པ་གསུམ། གཞུ་རིང་དང་གཞུ་ཐུང་གཞུ་ཁེབས་མཛེས། གདུང་དང་གདུང་མདན་གདུང་ཁེབས་བཀྲ། པད་མ་ཆོས་བརྩེགས་ཉི་ཟླ་བཅས། ཀ་རབས་བཅུ་གསུམ་ཚང་བ་འདི། གཞི་མི་འགྱུར་བརྟན་པའི་ཀ་བ་ཡིན། སྔོན་སྲིད་པ་ཆགས་པའི་དུས་སྐབས་ནས། དུས་ད་ལྟ་བར་དུའང་གནས་ཁང་འདིར། དཔལ་ཕུན་སུམ་ཚོགས་པའི་རྩ་བ་བྱས། གཞི་ལྷུན་གྲུབ་འདོད་རྒུ་གཡང་དུ་འཁྱིལ། དུས་དེ་རིང་ཕུན་སུམ་ཚོགས་པའི་ཉིན། དར་དཀར་འདི་ཀ་བའི་རྒྱན་དུ་འབུལ། ཚེ་དང་ལོངས་སྤྱོད་གོང་འཕེལ་ཤོག ཀ་རབས་བཅུ་གསུམ་ཚང་བའི་བསྟོད་པ་ལ། ཀ་སྟེགས་དང་པོ་རིན་ཆེན་ས་ལ་བཅོལ། ཀ་སྟེགས་གཉིས་པ་ནོར་བུའི་རྡོ་ལ་བཅོལ། ཀ་བ་བྲེ་དང་ཕྲེང་བ་གསུམ། གཞུ་རིང་གཞུ་ཐུང་གཞུ་ཁེབས་གསུམ། གདུང་དང་གདུང་གདན་གདུང་ཁེབས་གསུམ། པད་མ་ཆོས་བརྩེགས་ཉི་ཟླའི་རྒྱན། ལྕམ་ཤིང་གྲལ་མ་བུ་ནོར་འཛོམས། གཏན་ཡུན་རིང་འཛོམས་པའི་ངང་ལ་བཞུགས། ཕོ་རབ་གསེར་གྱི་ཀ་བ་འདྲ། ཀ་བ་མ་འགྱུར་ངང་དུ་བཞུགས། མོ་རབ་གཡུ་ཡི་གདུང་མ་འདྲ། གད་ཆག་མེད་པའི་ངང་ལ་བཞུགས། འོ་ལགས་སོ། རྒྱ་ཞང་ཆེན་བཅོ་བརྒྱད་ནས་གདན་དྲངས་པའི། དར་དཀར་པོ་དྲི་མེད་རྣམ་དག་འདི། མཐོ་བ་ནམ་མཁའ་ཡར་ལ་འཕྱར་ཟེར་ན།གངས་སྟོད་ཀྱི་མདངས་ཀྱང་གཅོག་པ་ཡོད། དམའ་བ་གཙང་གཞུང་མར་ལ་སྣར་ཟེར་ན། གཙང་ཆབ་སྔོན་མོའི་ཆུ་སྣ་ལས་ཀྱང་རིང་། རི་མོ་ཡག་པ་ལ་བྱས་ན་བཀྲ་ཤིས་རྟགས་བརྒྱད་ཚང་། ལྷ་ཚངས་པ་མཇལ་བའི་མཇལ་དར་ཡིན། དམའ་གོང་མ་མཇལ་བའི་མཇལ་དར་ཡིན། དེ་རིང་གནས་ཁང་གི་ཀ་བའི་རྒྱན་དུ་བསྒྲོན། གཡས་ནས་བཏགས་པས་གཡོན་ལ་འཁྱིལ་ལེ་བཞུགས། གཡོན་ནས་བཏགས་པས་གཡས་སུ་འཁྱིལ་ལེ་བཞུགས། ཀ་བའི་རྩེ་ ནས་བཏང་བས་ཀ་གཤམ་མ་རུ་ཉིལ་ལེ་བཞུགས། ཀ་གཤམ་མ་རུ་ལུག་པོ་སྐྱ་ཆེན་གྱི་བལ་སྤུངས་པ་ལྟར་སྐྱ་ཕུང་ངེ་སྤུངས་ཡོད། ཁྲུང་ཞུ་སྨན་ཆུང་བུ་མོ་ཚོས་ཞབས་འཁོན་གྱི་དོགས་གནང་ཨཱ། ཧཱ་ཧཱ།
༣ ཕྱེ་མར་འབོ་དང་རྟེན་ཁྲའི་བཤད་པ།
ཨོཾ་སྭ་སྟི། ལ་སྟོད་ཕྱོགས་ནས་གདན་དྲངས་པའི་རྒྱ་ལྕོག་གྲུ་བཞི་འདི། ཕྱི་ལ་ཟུར་བཞི་ཡོད་པ་འདི། ཕྱི་དགྲ་བོའི་ ཕྱོགས་ལ་ཟུར་བ་ཡིན། ནང་ལ་གུག་བཞི་ཡོད་པ་འདི། ནང་ཕྭ་གཡང་འགུག་པའི་གུག་བཞི་ཡིན། དེའི་སྟེང་དུ་ཡོད་པའི་ཕྱེ་མར་གྱི་གངས་རི་འོད་འཕྲོ་འདི། ཞལ་ཚོགས་གངས་ལས་དཀར་བའི་རྟེན་འབྲེལ་ཡིན། དེའི་སྟེང་དུ་ཡོད་པའི་འབྲི་མར་སེར་པོའི་དཀར་རྒྱན་འདི། གནས་ཁང་འདི་མར་དཀྲོག་ལས་སྒྲིལ་བའི་རྟེན་འབྲེལ་ཡིན། དེའི་གཡོན་དུ་ཡོད་པའི་རྒྱ་གྲོ་དཀར་མོ་འདི། ཞལ་དྲོ་བའི་གྲོ་གཅིག་ཡིན། དེའི་སྟེང་དུ་ཡོད་པའི་བྱང་ཚྭ་དཀར་པོ་འདི། བྱ་བ་ཚབས་སུ་འགྲོ་བའི་ཚྭ་གཅིག་ཟེར། ཨོ་རྒྱན་བྷོ་སོ་དཀར་པོ་ལས་གྲུབ་པའི། གཟུགས་བཀོད་ལེགས་པའི་རྟེན་འབྲེལ་མཆོད་ཤོང་འདི། བལྟས་པ་ཙམ་གྱིས་འགྲོ་རྣམས་དབང་དུ་འདུས། སྡིག་པ་ཙམ་གྱིས་སྡེ་བརྒྱད་བྲན་དུ་བཀོལ། བསམ་པ་ཙམ་གྱིས་དགོས་འདོད་ཆར་ལྟར་འབེབས། ཨོ་རྒྱན་རིན་པོ་ཆེ་ལ་མགུལ་དར་ལེགས་པ་གཅིག་འབུལ་ལོ། ཡང་ན། ཨོཾ་སྭ་སྟི། བདེ་ལེགས་སུ་གྱུར་ཅིག ནོར་བུ་དགའ་འཁྱིལ་འཁྲུངས་པའི་རྒྱ་ལྕོག་སྟེང་། འབོ་ལ་བཟང་པོ་གསེར་གྱི་ཁ་རྒྱན་བཞུགས། འབོ་འདི་བསྐྲུན་པའི་བསྐྲུན་རབས་བརྗོད་དགོས་ན། བཟོ་བོ་མཁས་པ་བི་ཤྭ་ཀརྨས་བསྐྲུན། འབོ་འདི་ལ་ཕྱི་ནང་ཟུར་གུག་བཞི། ཕྱི་ཟུར་བཞིས་བརྒྱན་པའི་དགོས་པ་ནི། ཕྱིའི་འབྱུང་བཞི་དབང་དུ་འདུས་པའི་རྟགས། ནང་གུག་བཞིས་བརྒྱན་པའི་དགོས་པ་ནི། ནོར་ལོངས་སྤྱོད་གཡང་དུ་འགུག་པའི་རྟགས། དེའི་ནང་དུ་ཡོད་པའི་གྲོ་བཟང་འདི། ལྷ་ཛམ་ལྷའི་མཛོད་ལས་དྲངས་པ་ཡིན། དེའི་སྟེང་དུ་བཞག་པའི་བྱང་ཚྭ་འདི། ལས་བྱ་བ་ཚགས་སུ་ཚུད་པའི་རྟགས། དེའི་སྟེང་དུ་བཙུགས་པའི་མདའ་དར་འདི། ལྷོ་རོང་སྨྱུག་མའི་མདའ་དང་གཅིག རིན་ཆེན་ལྕགས་ཀྱི་མདེའུ་དང་གཉིས། ཐང་དཀར་རྒོད་པོའི་སྒྲོ་དང་གསུམ། གསལ་བྱེད་དངུལ་དཀར་མེ་ལོང་དང་། སྐེད་འཆིང་དར་མཚོན་སྣ་ལྔས་བརྒྱན། མདའ་འདི་ལ་ཚང་པའི་ལྔ་ལྡན་ཟེར།
༤ ཁྲུང་བན་གྱི་བཤད་པ།
ཨོཾ་སྭ་སྟི། རྒྱུ་རིན་ཆེན་སྣ་ལྔ་ལས་གྲུབ་པའི། འཁྱིལ་བཞུགས་རིན་ཆེན་བུམ་བཟང་འདི། ནང་ལྷ་ཡི་བདུད་རྩིས་ ཡོངས་བཀང་ནས། མར་དཀར་སེར་གྱི་ཡལ་ག་རྒྱན་གྱིས་མཛེས། ལྷོ་རྨ་བྱའི་ཡུལ་གྱི་སྨྱུག་མ་ཡིས། གཡས་སྐོར་དང་གཡོན་སྐོར་ལན་གསུམ་བརྒྱབ། བདུད་རྩི་ལྷ་ཡི་རྒྱ་མཚོ་འཁྱིལ་བ་འདྲ། འདིར་བཞུགས་ཀྱི་ཞུགས་གྲལ་སྒོར་མོ་རྣམས། ཨ་ལ་ལ་བདུད་རྩི་ཡིས་ཚིམས་པར་མཛོད། ཤིང་བྱང་ཆུབ་ལྗོན་ཤིང་རྩ་བ་ནས། ཡལ་འདབ་སོགས་མེ་ཏོག་གེ་སར་འཁྲུངས། དར་ཚོན་སྣ་ལྔའི་ཅོད་པན་སྒྲོན། རླུང་མདའ་སོགས་དར་ཞིང་རྒྱས་པའི་དར་གཅིག་འབུལ།
༥ ཁྲུང་སྦུར་གྱི་བཤད་པ།
ཨོཾ་སྭ་སྟི། བདེ་ལེགས་སུ་འཕེལ་གྱུར་ཅིག རྟ་ནག་གཏིང་ནས་གདན་དྲངས་པའི། འཁྱིལ་ཞུགས་ཨོ་རྒྱན་པདྨ་ལ། ཡཱ་རྩེ་ཚང་པའི་ལྔ་ལྡན་སྒྲོན། ཕྱི་ན་རྟ་རྔ་ཙམ་ཞིག་གད་པ་མེད། ནང་ནི་སྒོང་ཁོག་ཙམ་ཞིག་གཞོམ་པ་མེད། ན་ནིང་གཙོས་པའི་ལོ་ཆང་ཁམ་པ་ཡོད། ད་ལོ་གཙོས་པའི་འབྲས་ཆང་བསིལ་མ་ཡོད། འཁྱིལ་ཞུགས་ཨོ་རྒྱན་པདྨ་དེ། ཕྱི་ནས་བལྟས་ན་རི་བོ་འདྲ། ནང་ནས་བལྟས་ན་རྒྱ་མཚོ་འདྲ། རྒྱ་མཚོའི་ནང་ན་ཤིང་ཞིག་འདུག གཙུག་ན་རིན་ཆེན་ཀླུ་ཡི་སྲས། བར་སྣང་ཁམས་ན་དར་ཅིག་འདུག ཚངས་པ་བརྒྱ་བྱིན་ལྷ་ཡི་སྲས། ལྷ་སྲས་དང་ཀླུ་སྲས་བསྡེབས་འདུག་པའི། འཁྱིལ་བཞུགས་ཨོ་རྒྱན་བུམ་མཚོ་ལ། བཀྲ་ཤིས་ཀྱི་མགུལ་དར་གཅིག་འབུལ།
༦ ཁྱུང་རྒྱའི་བཤད་པ།
ཨོཾ་སྭ་སྟི། བདེ་ལེགས་སུ་གྱུར་ཅིག ལྷོ་རོང་གཏིང་ནས་གདན་དྲངས་པའི། ཁྱུང་རྒྱ་སྨྱུག་མ་ཚིགས་གསུམ་འདི། རྩ་བ་སྟག་ཤར་གཞོན་པའི་ཞལ་གླིང་ཉན་པ་ཡོད། སྐེད་པ་ཨ་མ་ཆང་མའི་ཁྲུང་རྒྱ་ཉན་པ་ཡོད། རྩེ་མོ་སྐུ་རླུང་དར་བའི་དར་ལྕོག་ཉན་པ་ཡོད། རྩ་བ་ཚིག་གི་དང་པོ་ནི། འོག་ཀླུ་འཁོར་དབང་དུ་འདུས་པའི་རྟེན་འབྲེལ་ཡིན། སྐེད་པ་ཚིག་གི་གཉིས་པ་ནི། བར་བཙན་འཁོར་དབང་དུ་འདུས་པའི་རྟེན་འབྲེལ་ཡིན། རྩེ་མོ་ཚིག་གི་གསུམ་པ་ནི། སྟེང་ལྷ་འཁོར་དབང་དུ་འདུས་པའི་ རྟེན་འབྲེལ་ཡིན། ཀི་ཀི་སོ་སོ་ལྷ་རྒྱལ་ལོ།
༧ ཁྲུང་རྫའི་བཤད་པ།
ཨོཾ་སྭ་སྟི། བདེ་ལེགས་སུ་འཕེལ་གྱུར་ཅིག ལ་སྟོད་བཀྲ་ཤིས་སྐྱེད་ཚལ་ནས་གདན་དྲངས་པའི། ཁྲུང་རྫ་མ་ཕམ་གཡུ་མཚོ་འདི། ཕྱི་ནི་རིན་ཆེན་གསེར་དང་ཟགས་ལ་ཤམས། ནང་ནི་དབང་འདུས་གཡུ་མཚོ་འཁྱིལ། གཡས་སུ་ཨ་ལོང་བཏགས་པ་འདི། སྟག་གྲལ་ནོན་པའི་ཨ་ལོང་ཡིན། གཡོན་དུ་ཨ་ལོང་བཏགས་པ་འདིཚ གཟིག་གྲལ་ནོན་པའི་ཨ་ལོང་ཡིན། ཞལ་མཆུ་དབྱིངས་ལ་བསྟན་པ་འདི། ཞུགས་གྲལ་ཡོངས་ལ་བསྟན་པ་ཡིན། ཁྲུང་རྫ་མ་ཕམ་གཡུ་མཚོ་ལ། བཀྲ་ཤིས་ཀྱི་མགུལ་དར་ལེགས་པ་གཅིག་འབུལ་ལོ། ཡང་ན། ཨོཾ་སྭ་སྟི། བདེ་ལེགས་སུ་འཕེལ་གྱུར་ཅིག སྟོད་ཤེལ་དཀར་ཡུལ་ནས་གདན་དྲངས་པའི། ཁྲུང་རྫ་མ་ཕམ་གཡུ་མཚོ་འདི། ཕྱི་སེར་བྱ་ལྟ་བུའི་མདངས་གཤོག་ལྡན། ནང་དངུལ་དཀར་ལྟ་བུའི་འོད་མདངས་ཆེ། གཡས་སུ་ཨ་ལོང་བཏགས་པ་འདི། སྟག་གྲལ་གཡས་སུ་འཁྱིལ་བ་ཡིན། གཡོན་དུ་ཨ་ལོང་བཏགས་པ་འདི། གཟིག་གྲལ་གཡོན་དུ་འཁྱིལ་བ་ཡིན། ཞལ་མཆུ་དབྱིངས་ལ་བསྟན་པ་འདི། ཞུགས་གྲལ་ཡོངས་ལ་བསྟན་པ་ཡིན། ཁྲུང་རྫ་མ་ཕམ་གཡུ་མཚོ་ལ། བཀྲ་ཤིས་པའི་མགུལ་དར་ལེགས་པ་གཅིག་འབུལ་ལོ།
༨ ཆང་གི་བཤད་པ།
ལོ་ལ་བཙོས་པའི་ལོ་ཆང་ཡོད། ལོ་ཆང་ལོ་ཡག་ཁམ་པ་ཡོད། ཟླ་ལ་བཙོས་པའི་ཟླ་ཆང་ཡོད། ཟླ་ཆང་ཟིལ་མངར་ ལྡན་པ་ཡོད། ཞག་ལ་བཙོས་པའི་ཞག་ཆང་ཡོད། ཞག་ཆང་ཞག་པོ་མེ་འབར་ཡོད། ཉིན་ལ་བཙོས་པའི་ཉིན་ཆང་ཡོད། ཉིན་ཆང་བདུད་རྩི་ལོ་ཡག་ཡོད། ཆང་ཐེངས་གསུམ་བཞེས་དང་དབུ་འཕང་མཐོ། རྟགས་དང་རྟེན་འབྲེལ་འགྲིག་ལེ་ཡོད།
༩ ཇ་ཡི་བཤད་པ།
དངུལ་རྐྱན་ནང་ལ་ཇ་འདྲེན་ཡོད། ཇ་འདི་ཡི་འབྱུང་ཁུངས་བཤད་པས་ན། ཤར་རྒྱ་ནག་བཀྲཤིས་རི་བོ་ནས། ཚོང་དཔོན་ནོར་བུ་བཟང་པོ་གཅིག ལག་དོ་ཀརྨ་བཀྲ་ཤིས་གཉིས། རྒྱ་དྲེལ་མི་ཉག་ཚལ་མོ་གསུམ། རྒྱ་ནག་པོའི་ཇ་གཡང་འབེབས་པའི་དུས། ཉི་རིའི་གསེབ་ཀྱི་ཤོག་དཀར་ཇ། སྲིབ་རིའི་གསེབ་ཀྱི་ཤོག་ནག་ཇ། ཉི་སྲིབ་བར་གྱི་ཤོག་དམར་ཇ། ཇ་རབ་ཇ་ཡི་བླ་མེད་དེ། རྒྱ་ལྕང་མེ་ཏོག་གཡང་འཛིན་གཅིག ཏིལ་འབྲུ་ཇ་ཡི་དཔོན་པོ་གཉིས། ཅན་ཤེལ་ཇ་ཡི་དཔའ་བོ་གསུམ། འབྲུ་ཐང་ཇ་ཡི་མ་ཆེན་བཞི། ལྷ་ཇ་ཇ་ཡི་གཡོག་མོ་ལྔ། ཀོ་ཚེ་ཇ་ཡི་གཡོག་པོ་དྲུག རྫ་ཆུ་བསིལ་མ་དེ་དང་བདུན། འབྲི་མར་སེར་པོ་དེ་དང་བརྒྱད། བྱང་ཚྭ་དཀར་མོ་དེ་དང་དགུ། དགུ་སེར་ཇ་ཡི་དགུ་དཀྲུགས་བརྒྱབ།
༡༠ ལུག་ཤ་འཛུགས་ཁོག་གི་བཤད་པ།
དབྱར་རྩྭ་སྣ་གང་འཛོམས་སུ་ཞུགས་པའི་གཡང་དཀར་ལུག སྟོན་ཆུ་སྣ་གང་འཛོམས་སུ་ཞུགས་པའི་གཡང་དཀར་ལུག དགུན་ཞུགས་ཡུལ་གང་དྲོ་རུ་ཞུགས་པའི་གཡང་དཀར་ལུག ལུག་ཁྱེད་དང་སྐལ་བཟང་ཟླ་བ་འདྲ། ཁྲམ་ཁྱོད་དང་སྨ་མོ་སྨིན་དྲུག་འདྲ། ལུག་གཅིག་མ་ཡིན་ལུག་པ་ཟེར། ཕྱི་བལ་ལུག་པའི་ལུག་པ་ཟེར། ནང་ཤ་ཚིལ་ལུག་པའི་ལུག་པ་ཟེར། ནམ་རྒྱུན་ལུད་ཤིང་ལུག་པའི་ལུག་པ་ཟེར། གཟུགས་མི་ཟེར་ནོར་རྩྭ་འཛུགས་པའི་འཛུགས། དེ་རིང་ཞུགས་གྲལ་སྒོར་མོའི་རྒྱན་དུ་འཛུགས་པའི་འཛུགས། རྐང་པ་མི་ཟེར་བཀང་བ་ཟེར། བང་མཛོད་ནོར་གྱིས་བཀང་པའི་བཀང་བ་ཟེར། ཚང་ར་མི་ཟེར་ཚང་བ་ཟེར། བུ་ནོར་ལོངས་སྤྱོད་ཚང་བའི་ཚང་བ་ཟེར། རྩིབ་མ་མ་ཟེར་བརྩིགས་པ་ཟེར། རྩི་བཅུད་བརྒྱ་ཟས་བརྩིགས་པའི་བརྩིགས་པ་ཟེར། སྟོད་པོ་མི་ཟེར་མཐོན་པོ་ཟེར། དབུ་འཕང་དགུང་ལས་མཐོ་བའི་མཐོན་པོ་ཟེར། བྲང་ཁོག་མི་ཟེར་གྲངས་མེད་ཟེར། འཁོར་འབངས་གྲངས་མེད་ཡོང་བའི་གྲངས་མེད་ཟེར། ལག་པ་མི་ཟེར་ལེགས་པ་ཟེར། བྱ་བ་ཅི་བྱས་ལེགས་པའི་ལེགས་པ་ཟེར། མཇིང་པ་མི་ཟེར་འགྱིང་པ་ཟེར། སྡང་དགྲ་བོའི་ཕྱོགས་ལ་འགྱིང་པ་ཟེར། ཤ་བལ་ཚིལ་གྱིས་བརྒྱན་པའི་གཡང་དཀར་ཁྱོད། དེ་རིང་ཞུགས་གྲལ་སྒོར་མོའི་རྒྱན་དུ་བྱོན་པར་བཀྲ་ཤིས་ཀྱི་མགུལ་དར་གཅིག་འབུལ་ལོ། ཡང་ན། ཨོཾ་སྭ་སྟི། བདེ་ལེགས་སུ་འཕེལ་གྱུར་ཅིག བྱང་ཐང་ལྷས་ར་གྲུ་བཞི་ནས་གདན་དྲངས་པའི། ལུག་ཕོ་བལ་ཤ་གཉིས་ལྡན་དེ། ནམ་རྒྱུན་ལུང་པ་བཟང་པོའི་རྩྭ་ཆུ་གང་བཟང་ལ་ཞུགས་ཀྱང་། དེ་རིང་ཞུགས་གྲལ་སྒོར་མོའི་འཛུགས་ལ་གདན་དྲངས་པ་ཡིན། ལུག་མི་ཟེར་ལུག་པ་ཟེར། ཕྱི་བལ་ལུག་པའི་ལུག་པ་ཟེར། ནང་ཤ་ཚུལ་ལུག་པའི་ལུག་པ་ཟེར། ནམ་རྒྱུན་ལུད་ཤིང་ལུག་པའི་ལུག་པ་ཟེར། རྔ་མ་མི་ཟེར་མངའ་ཐང་ཟེར། བུ་ནོར་མངའ་ཐང་རྒྱས་པ་ཟེར། རྐང་པ་མི་ ཟེར་ཁེངས་པ་ཟེར། བང་མཛོད་ནོར་གྱིས་ཁེངས་པ་ཟེར། ལོང་མི་ཟེར་ལོངས་སྤྱོད་ཟེར། གནས་ཁང་ལོངས་སྤྱོད་ཆེ་བ་ཟེར། རྩེབ་མ་མི་ཟེར་བརྩིགས་པ་ཟེར། དཀར་མོ་འབྲུ་ཡི་བརྩིགས་པ་ཟེར། ལག་པ་མི་ཟེར་ལེགས་པ་ཟེར། བྱ་བ་ཀུན་ལ་ལེགས་པ་ཟེར། སོག་པ་མི་ཟེར་གསོག་པ་ཟེར། རྒྱུ་ནོར་གསོག་པའི་གསོག་པ་ཟེར། བྲང་མི་ཟེར་ཕོ་བྲང་ཟེར། སེམས་ཉིད་བྲང་བའི་ཕོ་བྲང་ཟེར། མཇིང་པ་མི་ཟེར་འགྱིང་པ་ཟེར། ཕྱི་དགྲ་བོའི་ཕྱོགས་ལ་འགྱིང་པ་ཟེར། ལྟག་པ་མི་ཟེར་བསྟན་པ་ཟེར། སངས་རྒྱས་བསྟན་པ་དར་བ་ཟེར། ལྷ་ལུག་དུང་དཀར་ལ་བཀྲ་ཤིས་ཀྱི་མགུལ་དར་གཅིག་འབུལ་ལོ།
༡༡ དར་ལྕོག་གི་བཤད་པ།
དར་ཤིང་སྨྱུག་བཟང་ལྡེམ་ལྡེམ་འདི། ཡུལ་ལྗོངས་ལྷོ་རོང་གཏིང་ནས་གདན་དྲངས་པའི། རྩ་བ་གཅིག་ལ་རྩེ་མོ་ལྔ། རྩ་བ་ཨ་མ་ཆང་མའི་ཁྲུང་རྐྱན་ཉན་པ་ཡོད། རྩེ་མོ་སྐུ་རླུང་དར་བའི་དར་ཤིང་ཉན་པ་ཡོད། གངས་ལ་ཉི་ཤར་དར་མཚོན་སྣ་ལྔའི་མཁར། རྒྱལ་དར་དཀར་པོ་ལྷ་རས་འབུག་འདི་བསྒྲོན། མཁར་ཆེན་འདི་ཡི་ཕོ་ལྷའི་དབུས་སུ་བཙུགས། བཙུགས་དང་མ་བཙུགས་དགྲ་ལྷའི་དབུ་འཕང་མཐོ་བ་ལ་གཟིགས་དང་། ཀི་ཀི་སོ་སོ། ལྷ་རྒྱལ་ལོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com