དབུས་གཙང་ཁུལ་གྱི་གཉེན་བཤད་རགས་བསྡུས།

རྩོམ་པ་པོ།:རྣམ་གླིང་རིན་ཆེན་གྱིས་བསྐྱར་བས ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-11 09:29:00 ཀློག་གྲངས།:

དབུས་གཙང་ཁུལ་གྱི་གཉེན་བཤད་རགས་བསྡུས།

        གཉེན་སྒྲིག་ནི་འགྲོ་བ་མིའི་རིགས་ཀྱི་འཇིག་རྟེན་བྱ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་།  མི་ཚེའི་ཆོ་གའི་ ཁྲོད་ཀྱི་ནང་གསེས་འགངས་ཆེན་ཞིག་ཏུ་འཁུམས་ཤིང་། གཉེན་བཤད་ནི་གཉེན་སྒྲིག་གི་སྟོན་མོའི་ཁྲོད་བཀྲ་ཤིས་ཕྱྭ་གཡང་འགུག་པ་དང་། རྟགས་དང་རྟེན་འབྲེལ་མཚོན་པ། ཁྱིམ་ཚང་བདེ་ཞིང་སྐྱིད་པར་སྨོན་པ། ཡུལ་ལུང་གི་ཁྱད་ཆོས་ལ་བསྟོད་པ་སོགས་ཀྱི་བསྟོད་རྩོམ་ཞིག་ཡིན། རང་ཅག་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གི་ཡུལ་ལུང་སོ་སོར་རང་རང་གི་འཚོ་གནས་བྱེད་སའི་ཁོར་ཡུག་དང་། ཡུལ་སྲོལ་གོམས་གཤིས་ཐ་དད་པའི་དབང་གིས་གཉེན་སྒྲིག་གི་རྣམ་པ་དང་། གཉེན་བཤད་བྱེད་སྟངས་སོགས་ལ་ཅུང་ཟད་མི་འདྲ་བའི་ཆ་ཡོད་ཀྱང་། དེ་དག་ལས་ཡུལ་ལུང་མི་འདྲ་བའི་མི་རྣམས་ཀྱི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་གྱི་སྣང་ཚུལ་རེ་ཚུར་སྣང་བྱེད་བཞིན་ཡོད་པ་སྨོས་མེད་རེད། འོན་ཀྱང་། ཡུལ་དུས་ཀྱི་འཕོ་འགྱུར་དབང་གིས་རང་ཅག་གི་ཁྱད་འཕགས་དམངས་སྲོལ་དག་བཀོལ་སྤྱོད་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཞིང་། དེ་དག་མི་ཉམས་གོང་འཕེལ་ངང་རྒྱུད་འཛིན་དར་སྤེལ་གཏོང་མཁན་ཡང་ཉུང་དུ་འགྲོ་བཞིན་ཡོད་པ་ཚང་མར་གསལ་ཆ་ཡོད། སྣང་ཚུལ་དེ་རིགས་ལ་སེམས་ནས་ཁོ་བོས་འདི་གར་དབུས་གཙང་ཁུལ་དུ་དར་ཁྱབ་ཆེ་བའི་གཉེན་བཤད་འགའ་བསྐྱར་བསྒྲིགས་བྱེད་པའི་ལས་ལ་གཞོལ་བ་ཡིན།
དང་པོ།  གཉེན་བཤད་ཀྱི་སྔོན་བསུའི་བཤད་པ།
        ཨོཾ་སྭ་སྟི།  བདེ་ལེགས་སུ་གྱུར་ཅིག  རྟ་བདུན་བདག་པོ་དྲོ་འཇམ་ཉི་མ་དང་། བསིལ་ཟེར་རྒྱལ་པོ་དཀར་གསལ་ ཟླ་བ་གཉིས།  རྒྱུ་སྐར་རྒྱལ་པོ་ཐོ་རེངས་སྐར་ཆེན་གསུམ།རྟེན་འབྲེལ་དབང་གིས་དགུང་སྔོན་དབྱིངས་སུ་མཇལ། དེ་ལ་བརྟེན་ ནས་འཛམ་གླིང་མུན་པ་གསལ། འཛམ་གླིང་མུན་པ་གསལ་བའི་བཀྲ་ཤིས་ཤོག ཟ་ཧོར་མཁན་པོ་བོ་དྷི་ས་ཏྭ་དང་། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་གཉིས།  བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གསུམ། སྨོན་ལམ་དབང་གིས་བོད་ཡུལ་དབུས་སུ་མཇལ། བསམ་ཡས་མི་འགྱུར་ལྷུན་གྲུབ་ལྷ་ཁང་བཞེངས།  དེ་ལ་བརྟེན་ནས་བོད་ཡུལ་བདེ་སྐྱིད་དར། བོད་ཡུལ་བདེ་སྐྱིད་དར་བའི་བཀྲ་ཤིས་ཤོག  དཔའ་རྩལ་སྣ་དགུ་འཛོམས་པའི་ལྷ་སྲས་དང་། མཛངས་གསུམ་གྲོགས་ནང་མཐུན་པའི་སྲས་མོ་གཉིས། གཙོ་བོའི་བཀའ་བཞིན་སྒྲུབ་པའི་ལྷ་མོ་གསུམ། སྔོན་ལས་དབང་གིས་བཞུགས་གྲལ་འདི་རུ་མཇལ། དེ་ལ་ བརྟེན་ནས་བུ་ནོར་ལོངས་སྤྱོད་འཕེལ།  བུ་ནོར་ལོངས་སྤྱོད་འཕེལ་བའི་བཀྲ་ཤིས་ཤོག །
གཉིས་པ། གཉེན་ཆས་དང་། གཉེན་ལམ་དུ་འཕྲད་པའི་བྱ་དངོས་འགའི་བཤད་པ།
༡ གཙུག་གཡུའི་བཤད་པ།
        ཨོཾ་སྭ་སྟི།  བདེ་ལེགས་སུ་གྱུར་ཅིག རིགས་སྟོབས་དཔལ་འབྱོར་མངའ་ཐང་ལང་ཚོ་ཚོགས། གཡང་གི་རྩི་ཞག་ཀུན་ཆགས་བྲོ་དཀར་གཡུ། དེ་རིང་མཛེས་མའི་གཙུག་ཏུ་ཕུལ་བ་འདིས།  བཀྲ་ཤིས་དགེ་མཚན་གོང་ནས་གོང་དུ་འཕེལ་བར་ཤོག  བཀྲ་ཤིས་མི་འགྱུར་བཀྲ་ཤིས་ཤོག དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག ལྷ་དང་བླ་མའི་བཀྲ་ཤིས་ཤོག ཡུལ་ལྷ་གཞི་བདག་རྣམས་ཀྱི་བཀྲ་ཤིས་ཤོག མ་མི་འགྱུར་ཙན་དན་གྱི་སྡོང་པོ་ལ། དམན་མི་འགྱུར་ཙན་དན་གྱི་འབྲས་བུ་འཁྲུངས།  ཙན་དན་འབྲས་བུ་ལོངས་སུ་སྤྱོད་དབང་དེ། ཕ་བཟང་བུ་ལ་མ་གཏོགས་ཡོད་ལེ་མིན། ངའི་ལག་ཏུ་བཟུང་བའི་གཡུ་ཆུང་འདི། རིན་ཆེན་པོ་སྤྲད་ནས་ཉོས་པ་ཡིན། རིན་ཆེན་པོས་ཉོས་པའི་གཡུ་ཆུང་འདི། དོན་ཆེན་པོ་བསྒྲུབ་པའི་རྟེན་འབྲེལ་དུ། ཁྱེད་བུ་མོའི་མགུལ་ལ་སྒྲོན་ཟེར་ན། ནོར་བདག་པོར་ཐོབ་པའི་རྟེན་འབྲེལ་དང་། གཉེན་བུ་རྒྱུད་སྐྱོང་བའི་ རྟེན་འབྲེལ་སོགས། ངེད་བསམ་དོན་བསྒྲུབ་པའི་རྟེན་འབྲེལ་ཡོད།
༢ མདའ་དར་གྱི་བཤད་པ།
        འོ་ལེགས་སོ། ཕོ་ལ་དགོས་པ་མདའ་ལ་ཚང་ནས་ཡོད། མདའ་མོའི་འཁྲུངས་ས་ལྷོ་རོང་གཏིང་དུ་འཁྲུངས། གཅོད་མཁན་ལྷ་བུ་བུ་སྤུན་གསུམ་གྱིས་བཅད། གཅོད་ཡས་རྒྱ་ཟོར་ངར་མས་བྱས། འགེལ་བ་གསི་ལིང་དྲེལ་འུར་བཀལ། ལ་ལུང་ལམ་འཕྲང་རིམ་བརྒྱུད་ནས། འདྲེན་པ་གངས་ཅན་བོད་དུ་དྲངས། མདའ་བཟོ་མཁས་པའི་ཕྱག་ཏུ་གྲིམ། དེ་ནས་ཚང་པའི་ལྔ་ལྡན་ཚང་། མདའ་འདི་ལ་ཚང་པ་ལྔ་ལྡན་ཟེར། མི་ང་ལ་འཛོམས་པ་ལྔ་འཛོམས་ཟེར། གཡས་ཕ་མ་འཛོམས་པས་འཛོམས་པ་གཅིག  གཡོན་བུ་ཕྲུག་འཛོམས་པས་འཛོམས་པ་གཉིས།  རྒྱབ་གཉེན་ཚན་འཛོམས་པས་འཛོམས་པ་གསུམ། མདུན་གཏན་གྲོགས་འཛོམས་པས་འཛོམས་པ་བཞི།  དབུས་རྒྱུ་ནོར་འཛོམས་པས་འཛོམས་པ་དེ་དང་ལྔ། མདའ་མོའི་ཚང་པ་ལྔ་ལྡན་ནི། ལྷོ་རོང་གཏིང་ནས་ཐོན་པའི་སྨྱུག་གསར་དེ་དང་གཅིག  བྱ་རྒྱལ་རྒོད་པོའི་རྩེ་སྒྲོ་དེ་དང་ གཉིས། གཡང་དཀར་ལུག་གི་རྒྱུས་སྐུད་དེ་དང་གསུམ། ལྟོང་ཁ་མཚལ་གྱི་ཁ་སྒྲོན་དེ་དང་བཞི། གནམ་ལྕགས་ངར་མའི་ མདེའུ་དེ་དང་ལྔ།  མདའ་མོའི་ཚང་པ་ལྔ་ལྡན་དེ་ལྟར་ལགས།  མདའ་མོ་འདི་ལ་སྒྲོ་གཅིག་བསྐྱོན་ཙ་ན། རབ་བྱུང་ བཙུན་པས་རྩེད་ཞྭ་བཞེས་པ་འདྲ། མདའ་མོ་འདི་ལ་སྒྲོ་གཉིས་བསྐྱོན་ཙ་ན། ཐང་དཀར་རྒོད་པོས་གཤོག་རྐྱོང་བྱས་པ་འདྲ། མདའ་མོ་འདི་ལ་སྒྲོ་གསུམ་བསྐྱོན་ཙ་ན། ནུས་ལྡན་སྔགས་འཆང་ཕུར་པ་ཐོགས་པ་འདྲ། མདའ་མོ་འདི་ལ་སྐུད་གཅིག་དཀྲིས་ཙ་ན། སྟག་ཤར་གཞོན་པ་སྐེ་རགས་བཅིངས་པ་འདྲ། མདའ་མོ་འདི་ལ་མཚལ་གཅིག་བྱུག་ཙ་ན། གནམ་ལྕགས་ལོགས་སུ་མེ་ལྕེ་འབར་བ་འདྲ། མདའ་མོ་འདི་ལ་ལྟོང་ཁ་གཏོད་ཙ་ན། ཕོ་བྲང་དམར་པོའི་རྒྱལ་སྒོ་ཕྱེ་བ་འདྲ། མདའ་མོ་འདི་ལ་མདེའུ་སྒྲོན་ཙ་ན། དམན་ཆུང་བུ་མོ་ཁྱིམ་བཟོ་ཟིན་པ་འདྲ། མདའ་སྨྱུག་ཚིགས་གསུམ་བྱས་པ་འདི། རིགས་གསུམ་མགོན་པོའི་མཚན་རྟགས་ཡིན། ལྟོང་ཁ་མར་ཡིས་གསོས་པ་འདི། ཕོ་ལྷ་དབུ་འཕངས་མཐོ་བའི་རྟེན་འབྲེལ་ཡིན། མདེའུ་ལྕགས་ལ་བྱས་པ་འདི། ཕྱོགས་བཞིའི་དགྲ་བོ་འདུལ་བའི་རྟེན་འབྲེལ་ཡིན། དར་ཚོན་སྨན་རྩས་བརྒྱན་པ་འདི། སྨན་གྱི་རྩེ་གཅིག་འབྱོར་བའི་རྟེན་འབྲེལ་ཡིན། སྒྲོན་བུ་བུ་ཆེན་བཏགས་པ་འདི། བུ་ནོར་ལོངས་སྤྱོད་འཛོམས་པའི་རྟེན་འབྲེལ་ཡིན། དངུལ་དཀར་མེ་ལོང་བཏགས་པ་འདི། གླིང་བཞིའི་མུན་པ་སེལ་བའི་རྟེན་འབྲེལ་ཡིན། མདའ་ལ་རྩེ་ལྔ་ཡོད་པ་འདི། མངའ་ཐང་དགུང་ལ་རེག་པའི་རྟེན་འབྲེལ་ཡིན།  མདའ་དར་གཡས་སུ་བཙུགས་པ་འདི།  གཡས་ཕོ་རྒྱུད་རྒོད་པའི་རྟེན་འབྲེལ་ཡིན། མདའ་དར་གཡོན་དུ་བཙུགས་པ་འདི།  གཡོན་མོ་རྒྱུད་མཛངས་པའི་རྟེན་འབྲེལ་ཡིན།  མདའ་དར་རྒྱབ་ཏུ་བཙུགས་པ་འདི། རྒྱབ་གཉེན་ཚན་འཛོམས་པའི་རྟེན་འབྲེལ་ཡིན།  མདའ་དར་མདུན་དུ་བཙུགས་པ་འདི།  མདུན་རྒྱུ་ནོར་འཛོམས་པའི་རྟེན་འབྲེལ་ཡིན།  གཡང་རྒྱ་མཚོ་བཞིན་དུ་མེར་རེ་རེ། ད་ཕྭ་གཡང་མར་འཁྱིལ་ལི་ལི། ཀི་ཀི་ སྭོ་སྭོ་ལྷ་རྒྱལ་ལོ།
༣ ཕྱེ་མར་གྱི་བཤད་པ།
        བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།  ཨེ་མ་བག་དྲོ་སྐུ་ཁམས་བཟང་། ཚེ་རིང་ལོ་བརྒྱ་ཐུབ་པ་དང་།  དགའ་སྤྲོའི་དཔལ་ལ་རོལ་བ་ཤོག
༤  འོ་ཕུད་ཀྱི་བཤད་པ།
        ནོར་བུ་རི་ཡི་རྩེ་མོ་ནས། འབྲི་བཞོན་མ་བརྒྱ་ཡི་འོ་ཕུད་བླངས། དཀར་འོ་མའི་ཕུད་གཏོར་དགུང་ལ་མཆོད། ལྷ་དཀར་ཕྱོགས་དགྱེས་པའི་རྟེན་འབྲེལ་དང་།  ཕྱུགས་སྒོ་ཟོག་འཕེལ་བའི་རྟེན་འབྲེལ་ཡོད།
༥ ཆང་ཕུད་ཀྱི་བཤད་པ།
        མཆོད་དང་པོ་སྟེང་ཕྱོགས་ལྷ་ལ་མཆོད། ལྷའི་ལོངས་སྤྱོད་འཛོམས་པའི་ཞལ་བཞེས་ཡོད། མཆོད་གཉིས་པ་བར་ཕྱོགས་ བཙན་ལ་མཆོད། ནད་མུ་གེ་མེད་པའི་ཞལ་བཞེས་ཡོད། མཆོད་གསུམ་པ་འོག་ཕྱོགས་ཀླུ་ལ་མཆོད།  སྟོབས་མངའ་ཐང་དར་ བའི་ཞལ་བཞེས་ཡོད།
༦ ཆུ་ཕུད་ཀྱི་བཤད་པ།
        ཨོཾ་སྭ་སྟི། བདེ་ལེགས་སུ་གྱུར་ཅིག  གངས་རིན་ཆེན་ཏི་སེའི་འདབས་རོལ་ནས། ཆུ་རིན་ཆེན་ཡན་ལག་བརྒྱད་ལན་འཁྲུངས། ཆུ་མངར་བ་ཀ་ར་བུ་རམ་དང་། ཆུ་བསིལ་བ་ཆར་རྗེས་རླུང་བུ་འདྲ། ཆུ་འཇམ་པ་གཡང་མོའི་བལ་ལ་འགྲན། ཆུ་ཡང་བ་བྱ་ཡི་སྒྲོ་འདྲ་བ། ཆུ་དྭངས་པ་སྟོན་གྱི་ནམ་མཁའ་བཞིན། ཆུ་གཙང་བ་ཚངས་པའི་གཏེར་ཆུ་ལགས། ཆུ་མགྲིན་པར་མ་གནོད་ལྟོ་བ་བདེ། ཆུ་འདི་ལ་ཆུ་དར་འདི་བསྒྲོན་པས། ལྷ་ཕྱོགས་གསུམ་མཉེས་པའི་རྟེན་འབྲེལ་ཡོད།
༧ ཁ་བཏགས་ཀྱི་བཤད་པ།
        ལག་ན་འཛིན་པའི་དར་དཀར་འདི།  སྟེང་ལྷ་མོ་གསུམ་གྱིས་བཀལ་ལེ་ཡིན། བར་གཉན་མོ་གསུམ་གྱིས་བསྒྲིམས་ལེ་ཡིན། འོག་ཀླུ་མོ་གསུམ་གྱིས་བཏགས་ལེ་ཡིན། དར་འགོར་བཀྲ་ཤིས་རྟགས་བརྒྱད་ཡོད། དར་དཀྱིལ་རྒྱལ་སྲིད་སྣ་བདུན་ཡོད། དར་འདབས་མུ་ཏིག་འཛར་ལོ་ཡོད།  བྱུང་བ་ནག་པོ་རྒྱ་ནས་བྱུང་།  དར་བ་འཇིག་རྟེན་ཁམས་ལ་དར། ཕ་བཟང་གི་བུ་མོ་ཡར་བཞེངས་ཤིག མ་བཟང་གི་བུ་མོ་ཡར་བཞེངས་ཤིག ལྷ་ཡུལ་སྐྱིད་པའི་ཞིང་སྟོད་བདེ་ཁང་དུ།  ཕ་ཡབ་ཆེན་གངས་དཀར་ཏི་སེ་འདྲ། དེ་ལ་དགོངས་ཏེ་བུ་མོ་ཡར་བཞེངས་ཤིག ཡུམ་ཆེན་ཨ་མ་མ་ཕམ་གཡུ་མཚོ་འདྲ། དེ་ལ་བརྟེན་ནས་བུ་མོ་ཡར་བཞེངས་ཤིག  ཚེ་གང་གཏན་གྲོགས་གངས་ལ་ཉི་ཤར་འདྲ། དེ་ལ་དགོངས་ཏེ་བུ་མོ་ཡར་བཞེངས་ཤིག  ཕུ་ན་གཡག་ལུག་རྟ་གསུམ་བསམ་མི་ཁྱབ།  དེ་ལ་དགོངས་ཏེ་བུ་མོ་ཡར་བཞེངས་ཤིག  མདའ་ན་ས་ཁང་འབྲུ་ཡི་ བང་མཛོད་ཡོད།  དེ་ལ་དགོངས་ཏེ་བུ་མོ་ཡར་བཞེངས་ཤིག
༨ བག་རྟའི་བཤད་པ།
        རྟ་འདི་རྟ་ངོ་མ་ཤེས་ན། གྱི་ལིང་གནམ་རྟ་དཀར་པོ་ཡིན། ཨ་ཅེ་རྒྱལ་སའི་ཆིབས་ཆེན་ཡིན། སྟེང་ལྷ་ནས་གནང་བའི་ ལྷ་རྟ་ངང་པ་ཡིན། ལ་ལ་འགྲོ་བའི་ལ་རྟ་དེ་ལ་ཞུ། འོག་ཀླུ་ནས་གནང་བའི་ཀླུ་རྟ་སྔོ་མོ་ཡིན། ཆུ་ལ་འགྲོ་བའི་ཆུ་རྟ་འདི་ལ་ཞུ། བར་བཙན་ནས་གནང་བའི་བཙན་རྟ་རྐྱང་པོ་ཡིན།  ཐང་ལ་འགྲོ་བའི་ཐང་རྟ་འདི་ལ་ཞུ། སྔོན་དུས་ལྷ་གཅིག་ཀོང་ཇོ་ཆིབས། ཁ་དྲོ་གཡང་ཆགས་ཀྱི་རྟ་ཞིག་ཡིན། ད་ལྟ་རིགས་བཟང་གི་བུ་མོ་ཆིབས།  ཁ་དྲོ་གཡང་ཆགས་ཀྱི་བག་རྟ་འདི་ལ་ཞུ།
༩ ལྕི་བ་དང་ཆུ་མོའི་གཉེན་ལམ་གྱི་བཤད་པ།
        གྲོགས་ཀྱི་དང་པོ་ལྕི་བ་ཡིན།  རྫ་སྟོད་འབྲོང་གི་ལྕི་བ་ཡོད། གཡག་པོ་སྟོང་གི་སྤང་ལྕི་ཡོད། འབྲི་མོ་བརྒྱ་ཡི་ལྷས་ལྕི་ཡོད། གྲོགས་ཀྱི་དང་པོ་འཛོམས་པ་ལ།  གྲོགས་ཀྱི་ལྷ་རྣམས་མགུལ་དར་བཞེས།ལྕི་ཕུད་འདི་ལ་བསྟོད་པ་འབུལ་ཟེར་ན། མཐོ་གངས་ཅན་བྱང་ཐང་ཡངས་པོ་ལ། རྩྭ་རྩི་ཐོག་རོ་བཅུད་ཕུན་སུམ་ཚོགས། དེ་ལོངས་སུ་སྤྱོད་པའི་འབྲི་གཡག་ནོར། ནོར་སྟོང་ཚོ་གཅིག་གི་ལྕི་ཕུད་དེ། དུས་དེ་རིང་འདི་རུ་བསྣམས་ནས་འདུག བར་ས་གཞི་ཕུན་ཚོགས་དབུས་གཙང་ཡུལ། རིགས་རྒྱུད་བཟང་བའི་མཛོ་མོ་བཟང་། བར་མཛོ་མོ་སྟོང་གི་ལྕི་ཕུད་དེ། དུས་དེ་རིང་འདི་རུ་བསྣམས་ནས་འདུག  སྨད་མདོ་ཁམས་ཡུལ་དེ་རྒྱ་ཆེ་བས། བ་བེའུའི་ཕྱུགས་རྒྱུད་ལྷག་པར་བཟང་། བ་སྟོང་ཚོ་གཅིག་གི་ལྕི་ཕུད་དེ། དུས་དེ་རིང་འདི་རུ་བསྣམས་ནས་འདུག  ལྕི་ཕུད་དང་པོ་ལྕི་བའི་ཕུང་པོ་འདིར། བཀྲ་ཤིས་པའི་མཇལ་དར་བསྒྲོན་རྒྱུ་ཡིན།  གྲོགས་ཀྱི་གཉིས་པ་ཆུ་མོ་ཡིན།  གོང་མ་ནམ་མཁའ་ཡངས་པ་ལ། ལྷ་ཡི་ཡུལ་ན་ཆུ་ཕུད་ཡོད། རིན་ཆེན་སྤུངས་ འདྲའི་ཆུ་ཕུད་ཡོད།  བར་ཕྱོགས་བཙན་གྱི་ཆུ་རྒྱུ་ཡོད། གངས་ཆེན་བཞི་ཡི་ཆུ་སྣ་ཡོད།  འོག་ཕྱོགས་ཀླུ་ཡི་བདུད་རྩི་ཡོད།  ཀླུ་རྒྱལ་དེ་བཞིན་མགུལ་དར་བཞེས།
༡༠ དཀར་ཐོ་དང་ནག་ཐོའི་བཤད་པ།
        གཡས་ཕྱོགས་དཀར་བའི་ལྷ་ཐོ་དཀར་པོ་འདི།  ཡུལ་སྡེ་དཀར་བའི་དཀར་རྡོ་ཡིན།  ཁྱིམ་མཚེས་དཀར་བའི་ དཀར་རྡོ་ཡིན།  ནང་མི་དཀར་བའི་དཀར་རྡོ་ཡིན། བཟའ་ཚང་དཀར་བའི་དཀར་རྡོ་ཡིན།  དུས་དེ་རིང་རྟེན་འབྲེལ་དགེ་འཛོམས་ཉིན། བཀྲ་ཤིས་ཀྱི་མགུལ་དར་འདི་ལ་འབུལ།  ཐོ་པོ་དཀར་པོ་སྟེང་ཕྱོགས་ལྷ་ཡི་ཐོ།  ལྷ་ཚངས་པ་དཀར་པོའི་ཐོ་རྟེན་ཡིན།  ཕོ་ལྷ་དང་མོ་ལྷ་དགྲ་ལྷ་ཡི། བདེ་སྐྱིད་ཀྱི་རྩ་བ་འཛུགས་པའི་ཐོ།  དུས་དེ་རིང་ཕུན་སུམ་ཚོགས་པའི་ཉིན། བཀྲ་ཤིས་ཀྱི་དར་དཀར་འདི་ལ་འབུལ། ཨོཾ་སྭ་སྟི།  བདེ་ལེགས་སུ་གྱུར་ཅིག ཕུན་ཚོགས་དུ་བ་ལྗང་ཆུང་གནས་ལྔའི་ཁྲོད།  ལེགས་ཚོགས་འདུས་པའི་ཐོ་དཀར་འཁྲུངས་ནས་བྱུང་།  བཀྲ་ཤིས་བདེ་ལེགས་དགའ་སྟོན་ཉིན་མོ་འདིར། བཀྲ་ཤིས་ཐོ་དཀར་གསོལ་བའི་བསྐལ་བ་དེ། ཞང་ཆེན་ང་ལ་སྟེང་མ་ལྷ་ནས་གནང་། ལྷ་ཐོ་དཀར་པོའི་དབུས་སུ་སྐུ་ཞིག་ཡོད།  སྐུ་དེ་ནི་གངས་དཀར་ཏི་སེ་ཡིན།  གངས་དཀར་ཏི་སེ་ལྷ་ཡི་མཆོད་རྟེན་འདིར། ནག་ནོག་ངན་པའི་དྲི་མ་མཐོང་རྒྱུ་མེད།  འདི་ཡི་གཡས་སུ་ལྷ་ཞིག་བཞུགས། ལྷ་དེ་ནི་ཚངས་པ་དཀར་པོ་ཡིན། ལྷ་ཚངས་པའི་དབུ་འཕང་དགུང་ལས་མཐོ།  དགུང་ཉི་ཟླ་གཉིས་དང་དབྱེར་མེད་ཡིན། འདི་ཡི་གཡོན་དུ་ལྷ་ཞིག་བཞུགས།  ལྷ་དེ་ནི་སྒྲོལ་མ་དཀར་མོ་ཡིན། ནོར་འཕྲིན་ལས་མྱུར་བའི་སྲུང་མ་ཡིན། ངའི་ནོར་བུ་སྲུང་བའི་སྲུང་མ་ཡིན། ཐོ་དཀར་འདི་ལ་དཀར་པོ་སྣ་གསུམ་འཛོམས། འདིར་འཛོམས་གསུམ་འཛོམས་པའི་རྟེན་འབྲེལ་དང་། གེགས་བར་ཆད་སྲུང་བའི་རྟེན་འབྲེལ་ཡོད། རྟེན་འབྲེལ་གྱི་རྩ་བ་བཀྲ་ཤིས་ཡིན། བཀྲ་ཤིས་ཀྱི་རྩ་བ་དར་དཀར་ཡིན། དར་དཀར་དཀར་གཙང་བདེ་ལེགས་འདི། ངས་གུས་པའི་ངང་ནས་ཁྱེད་ལ་ཕུལ། གཡོན་ཕྱོགས་ནག་པའི་འདྲེ་ཐོ་ནག་པོ་འདི། ཡུལ་སྡེ་དཀྲུག་པའི་དཀྲུག་རྡོ་ཡིན།  ཁྱིམ་མཚེས་དཀྲུག་པའི་དཀྲུག་རྡོ་ཡིན། ནང་མི་དཀྲུག་པའི་དཀྲུག་རྡོ་ཡིན། བཟའ་ཚོ་དཀྲུག་པའི་དཀྲུག་རྡོ་ཡིན། དཀྲུག་རྡོ་འདི་རུ་མ་སྡོད་བྱང་སྙེ་མ་མི་སྐྱེ་སར་རྒྱུགས་ཤིག ཐོ་འདི་ནག་པོ་བདུད་ཀྱི་ཐོ། མི་ཀུན་ལ་གནོད་བྱེད་དགྲ་བོའི་ཐོ། དུས་དེ་རིང་རྟེན་འབྲེལ་དགེ་འཛོམས་ཉིན། ངན་ཁྱོད་ནི་འཇོག་པའི་ཐབས་མེད་པས། མཐའ་རྒྱ་མཚོའི་ཕ་རོལ་དུ་སོང་ཞིག  གཡོན་ནག་ནག་ནག་པའི་འདྲེ་ཐོ་འདི། འདྲེ་ཡན་ལག་བརྒྱད་ལྡན་གྱི་འདྲེ་ཐོ་ཡིན། ཁྱོད་འདྲེ་ཐོ་མ་ཆགས་འདྲེ་ཐོ་ཆགས། འདྲེ་ཐོ་ནག་པོ་བྱ་རོག་གཟུགས་ཤིག་ཆགས། ཁྱོད་ཐོ་པོའི་མགོ་ལ་བལྟས་པ་ན། བདུད་ལྷ་སྦྱིན་ནག་པོའི་མགོ་བོ་འདྲ། བདུད་ནག་པོའི་མགོ་བོ་མ་བཅད་ན། བོད་བསྟན་པ་དར་བར་གནོད་ལེ་ཡིན། ཁྱོད་ཐོ་པོའི་སྐེད་པར་བལྟས་ཙ་ན། བདུད་ཐེའུ་རང་ནག་པོའི་སྐེད་པ་འདྲ། ཁྱོད་སྐེད་པ་ང་ཡིས་མ་བཅད་ན། མཐོ་གེ་སར་དམག་ལ་བར་ཆད་ཡོང་། ཁྱོད་ཐོ་པོའི་རྩ་བར་བལྟས་ཙ་ན། བདུད་ཀླུ་བདུད་ནག་པོའི་རྩ་བ་འདྲ། ཁྱོད་རྩ་བ་ང་ཡིས་མ་བཀོག་ན། ནོར་ལོངས་སྤྱོད་འཕེལ་བར་གནོད་ལེ་རེད། གནས་འདི་ན་འབྱོར་བའི་ཞང་ཆེན་ང་། ཡུལ་གང་དུ་སླེབས་ཀྱང་ནག་ཕྱོགས་ཀུན། ངས་མི་འཇོམས་ཞེས་པ་གྲགས་ལེ་མིན། དུས་དེ་རིང་ཁྱོད་ཀྱང་སྐད་ཅིག་ཙམ།  གནས་འདི་རུ་སྡོད་པའི་དུས་མེད་དོ།།
༡༡ སྒོ་མོའི་བཤད་པ།
        སྒོ་མོ་ཕྱི་སྒོ་གཅིག་དང་ནང་སྒོ་གཅིག  བར་སྒོ་ཙན་དན་སྨུག་པོའི་སྒོ ཡས་ཐེམ་སེར་པོ་གསེར་ལ་བྱས། མས་ཐེམ་སྔོ་མོ་གཡུ་ལ་བྱས། སྒོ་འབོར་དངུལ་དཀར་མེ་ལོང་ཡིན། དབྱེ་ཤིང་དུང་དཀར་གཡས་འཁྱིལ་ཡིན། བཀྲ་ཤིས་མཇལ་དར་ཁྱེད་ལ་འབུལ། ཨོཾ་སྭ་སྟི། བདེ་ལེགས་སུ་གྱུར་ཅིག སྨྲ་བ་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས། དབྱངས་ཅན་ལྷ་མོའི་གཙུག་ལག་བདེ་ཞིང་འཕེལ། དཔལ་ལྡན་ཚངས་པ་སྡེ་བཞིས་བང་མཛོད་འཛིན། འཛིན་མའི་མངའ་བདག་རྣམས་ཀྱིས་ཤིས་པར་སྩོལ། ཤིས་པར་སྩོལ་ཏེ་ཚིག་གི་ལམ་ཡངས་པ། གནམ་སྔོན་པོ་གཡུ་བཅལ་བཀྲམ་པའི་འོག བར་གཡང་ཆགས་བཀྲ་ཤིས་རྟགས་བརྒྱད་དབུས། ས་གཡང་ཆགས་པད་མ་འདབ་བརྒྱད་སྟེང་། བཀྲ་ཤིས་པ་རྣམ་གསུམ་འཛོམས་ནས་ཡོད། དགུང་སྔོན་པོར་བཀྲ་ཤིས་ཉི་ཟླ་འཛོམས། བར་ཡངས་པོར་གཟའ་སྐར་འཕྲོད་སྦྱོར་འཛོམས། གནས་འདི་རུ་དགའ་ ཉེ་བློ་དཀར་འཛོམས། འདི་གསུམ་འཛོམས་གསུམ་འཛོམས་པའི་རྟེན་འབྲེལ་ལ། ང་ཞང་ཆེན་མི་སླེབས་ཅི་ལ་སྲིད། ང་ཞང་ཆེན་ཞལ་ནས་གསུང་ཅིག་གྲགས། གསུང་སྙན་པོ་ཚངས་པའི་རྒྱུད་མངས་འདྲ། གསུང་སྙན་པོའི་ཚིག་དེ་གོ་བར་གྱིས། མཁར་མི་འགྱུར་རྣམ་རྒྱལ་ཁང་བཟང་ལ། སྒོ་མི་འགྱུར་ཕུན་ཚོགས་གཞུང་སྒོ་ཡོད། སྒོ་འདི་ལ་བཤད་པ་རྒྱོབས་ཟེར་ན།  བཀྲ་ཤིས་པའི་སྒོ་མོ་ཤར་ལ་གཏད། ཤར་རྡོ་རྗེ་སེམས་དཔའི་བྱོན་ལམ་ཡིན། སྒོའི་ཕྱི་ནས་བལྟས་ན་ལྷ་ཁང་འདྲ། སྒོའི་ནང་ནས་བལྟས་ན་ཀླུ་ཁང་འདྲ། སྒོའི་སྟེང་དེ་ཚངས་པའི་ཕོ་བྲང་འདྲ། ཆོས་དམ་ཆོས་གསུང་དུས་བཞུགས་ས་ཡིན། སྒོའི་ཐོད་དེ་དཔག་བསམ་ཤིང་ལས་གྲུབ། ཡིད་བསམ་པའི་ལོངས་སྤྱོད་འཛོམས་པའི་རྟགས། སྒོའི་སྨད་དེ་ཙན་དན་ཤིང་ལས་གྲུབ། ཁྱིམ་བརྒྱུད་པ་ཙན་དན་སྡོང་པོ་ལ། ཤིང་སྦྱོར་བའི་འདྲེས་ལྷད་མེད་པའི་རྟགས། སྡེམས་གཉིས་པོ་ལྷ་ཤིང་ཤུག་པར་བཅོལ། ལྷ་དཀར་ཕྱོགས་དགྱེས་པའི་རྟེན་འབྲེལ་ཡོད། ཨ་ཤིང་དེ་བྱང་ཆུབ་ལྗོན་ཤིང་ལ་བཅོལ། ཡི་དམ་གྱི་ལྷ་ཚོགས་མཉེས་པའི་རྟགས། ཨ་ཐག་དེ་སྟོང་སྐུད་གསུམ་སྒྲིལ་ལ། དར་ཚོན་སྣ་ལྔ་ཡི་མདུད་པ་ཡོད། དཀྲེ་ལྕགས་དེ་དཀར་པོ་དུང་ ལ་བཅོལ། དུང་ལ་རུས་པའི་འདྲེས་ལྷད་མེད། སྒོ་ལྕགས་དེ་སྔོན་མོའི་གཡུ་ལ་བཅོལ། གཡུ་ལ་དོ་ལོའི་འདྲེས་ལྷད་མེད། ལྡེ་མིག་དེ་སེར་པོ་གསེར་ལ་བཅོལ། གསེར་ལ་རག་གི་འདྲེས་ལྷད་མེད། གཟེབ་སྒྲོ་དེ་ཟངས་ལྕགས་ངར་མས་བསྒྲུབས། ཞ་ཉེ་དང་གཤའ་དཀར་གྱི་འདྲེས་ལྷད་མེད། སྒོ་མོའི་མེ་ལོང་ཙན་དན་དཀར་དམར་ལ། བཀྲ་ཤིས་པའི་རྟགས་བརྒྱད་འཁྲུངས་ནས་ཡོད། སྒོ་འདི་ལ་རིན་ཆེན་ཀུན་འཛོམས་པས། གྲོགས་དགའ་ཉེ་ཀུན་ལ་བསུ་བ་དང་། སྡང་དགྲ་བོ་ཐམས་ཅད་ཐར་ས་མེད། སྒོ་འདི་ལ་ཐེམ་སྒོ་རྣམ་གསུམ་ཡོད། སྒོ་སྟེང་དང་སྒོ་བར་སྒོ་འོག་གསུམ། བཀྲ་ཤིས་པའི་ ཐེམ་སྒོ་གསུམ་ལས་གྲུབ། སྒོ་སྟེང་སྒོ་ལྷ་དང་བླ་མའི་སྒོ། ལྷ་དང་བླ་མའི་སྒོ་དེ་ཆོས་ཀྱིས་ཕྱེ། ཆོས་བསྟན་པ་དར་བའི་ རྟེན་འབྲེལ་ཡོད། སྒོ་བར་སྒོ་འགོ་འདྲེན་དཔོན་པོའི་སྒོ། གོང་དཔོན་པོའི་སྒོ་དེ་ཁྲིམས་ཀྱིས་ཕྱེ། ཡུལ་ཁྲིམས་ཀྱིས་སྐྱོང་བའི་ རྟེན་འབྲེལ་ཡོད། སྒོ་འོག་སྒོ་ཞང་ཆེན་ང་ཡི་སྒོ། ཞང་ཆེན་གྱི་སྒོ་དེ་དར་གྱིས་ཕྱེ། དར་འཛོམས་པ་ཚོན་སྣ་ལྔ་ཡིས་ཕྱེ། དར་འཛོམས་པ་ཚོན་སྣ་ལྔ་ལྡན་འདིར། མཁའ་འགྲོ་སྡེ་ལྔའི་སྐུ་མདོག་ཚང་ནས་ཡོད། འབྱུང་བ་ལྔ་ཡི་ཁྱད་ཆོས་ཚང་ནས་ཡོད། དར་འདི་ཡི་སྣེ་ལ་དར་དཀར་ཡོད། དར་དཀར་པོ་ཉི་མ་བདེ་ལེགས་ཡོད། དར་དཀར་པོ་ཉི་མ་བདེ་ལེགས་འདི། ལུག་གཡང་དཀར་བརྒྱ་ཡི་མཁལ་བལ་ཡིན། ལུག་གཡང་དཀར་མ་མོའི་ཁྱུ་ཚོགས་ཀྱིས། དུས་བཞི་ཡི་རྩི་བཅུད་རབ་ངོམས་པས། བལ་བཟང་པོ་བྲེགས་པའི་དུས་ལ་བབས། བལ་བྲེགས་དུས་ལྷ་ཆེན་བརྒྱ་ཡིས་བྲེགས། བལ་འཁེལ་དུས་ལྷ་མོ་བརྒྱ་ཡིས་འཁེལ། བལ་ཐགས་དུས་ཀླུ་མོ་བརྒྱ་ཡིས་བཏགས། གཉན་ལྷ་ཀླུ་འཛོམས་པའི་དར་དཀར་ཡིན། དར་འདི་ལ་ལྷ་དགུ་འཁྲུངས་ནས་ཡོད། སྐུ་དང་པོ་ཐུབ་པ་སངས་རྒྱས་འཁྲུངས། སྐུ་གཉིས་པ་སྙིང་རྗེའི་ལྷ་མཆོག་འཁྲུངས། སྐུ་གསུམ་པ་ཚངས་པ་དཀར་པོ་འཁྲུངས། སྐུ་བཞི་པ་ངག་གི་དབང་ཕྱུག་འཁྲུངས། སྐུ་ལྔ་པ་སྒྲོལ་མ་དཀར་མོ་འཁྲུངས། སྐུ་དྲུག་པ་རིག་པའི་ལྷ་མོ་འཁྲུངས། སྐུ་བདུན་པ་ཕྱག་ན་རྡོ་རྗེ་འཁྲུངས། སྐུ་བརྒྱད་པ་རྟ་མགྲིན་དམར་པོ་འཁྲུངས། སྐུ་དགུ་པ་གླིང་རྗེ་གེ་སར་འཁྲུངས། འདི་ལྷ་དགུ་འཛོམས་ པའི་ལྷ་དར་ཡིན། ངའི་ལྷ་དར་ཉི་མ་བདེ་ལེགས་འདི། བོད་གངས་ཅན་ལྗོངས་སུ་འཁྱེར་ཟེར་ན། ལྷ་བླ་མ་མཇལ་བའི་མཇལ་དར་ཡིན། སྨད་རྒྱ་ནག་ཡུལ་དུ་འཁྱེར་ཟེར་ན། གོང་དཔོན་པོ་མཇལ་བའི་མཇལ་དར་ཡིན། དུས་དེ་རིང་བཀྲ་ཤིས་དགའ་ སྟོན་ལ། དར་འདི་ཀོ་ཡར་ལ་འཕྱར་ཟེར་ན། སྒོ་འདི་ལ་མི་ཕྱེ་རང་དབང་མེད། ཀི་ཀི་སྭོ་སྭོ་ལྷ་རྒྱལ་ལོ།
༡༢ འདོགས་ཁྱིའི་བཤད་པ།
        སྒོ་སྲུང་དོམ་པོ་སྙིང་དཀར་ཁྱོད། སྡང་དགྲ་བོའི་ཐོག་ལ་བི་སྒྲ་སྒྲོགས། གཉེན་ཉེ་བའི་ཕྱོགས་ལ་ཉལ་ནས་སྡོད། བཀྲ་ཤིས་པའི་མཇལ་དར་འདི་འབུལ་ལོ། ལེགས་བྱས་དགྲ་ལ་ངར་བའི་སྐད་སྒྲ་སྒྲོགས། ཞེ་སྡང་ཆེ་ཆེར་མཇུག་མ་གནམ་ལ་གཟེངས། སྡེར་མོ་ས་གཞིར་བཙུགས་པས་ཁམས་གསུམ་ཟིལ་གྱིས་གནོན། ནོར་སྲུང་དགྲ་འདུལ་གཉེན་སྐྱོང་ལ། བཀྲ་ཤིས་ པའི་མཇལ་དར་འདི་འབུལ་ལོ།།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།