སྨོན་ལམ་མཐོན་པོ་དང་གེ་སར།
རྩོམ་པ་པོ།:སྙིང་བོ་ཚེ་རིང་གིས་དག་སྒྲིག་བགྱིས།
ཡོང་ཁུངས།:མཚོ་བྱང་རྩོམ་རིག་རིག་རྩལ་མཉམ་འབྲེལ་ལྷན་ཚོགས།
དུས་ཚོད།:2025-05-15 08:40:36
ཀློག་གྲངས།:
སྤྱི་ལོ2025ལོའི་ཟླ4པའི་ཚེས12ཉིན«མཚོ་བྱང་གེ་སར་རིག་གནས་ཀྱི་རྣམ་བཤད་རབ་གསལ་ཤེལ་གྱི་མེ་ལོང»ཞེས་པའི་གཙོ་སྒྲིག་པ་གཅོད་པ་དོན་གྲུབ་དང་གཙོ་སྒྲིག་གཞོན་པ་སྙིང་བོ་ཚེ་རིང་། ཕག་མོ་དོན་གྲུབ་བཅས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་པའི་གནས་རི་སྨོན་ལམ་མཐོན་པོའི་མགོ་རུ་གེ་སར་སྒྲུང་དང་འབྲེལ་བ་ཡོད་པའི་སྐོར་རྒྱུས་ལོན་བྱེད་དུ་སོང་། མཚོ་བྱང་ཁུལ་སྲིད་གྲོས་ཀྱི་ལོ་རྒྱུས་རིག་གནས་རྒྱུ་ཆ་འཚོལ་སྡུད་ཁང་གི་ཀྲུའུ་རེན་ཧན་རེན་དང་མཚོ་སྔོན་པོ་ཡུལ་ཚོའི་ལས་བྱེད་དུང་མཚོ་གཉིས་ཀྱི་ལམ་ཁྲིད་བྱས་འོག་ཕྱི་དྲོའི་དུས་ཚོད་གཅིག་ཡས་མས་སུ་སྨོན་ལམ་མཐོན་པོའི་རི་རྩེ་ལ་འབྱོར། སྨོན་ལམ་མཐོན་པོ་མཚོ་ངོས་ལས་སྨི་བཞི་སྟོང་ཡས་མས་ཀྱི་མཚམས་སུ་གནས་པས་ང་ཚོའི་དབུགས་ཀྱི་རྒྱུ་བ་དང་སྙིང་གི་ལྡིང་མཚམས་ཇེ་མགྱོགས་ལ་སོང་ཡང་རྟོག་དཔྱོད་ཀྱི་ལས་ཀ་མཚམས་མ་བཞག གནས་དེ་ནི་ངོ་མ་སྨྲ་མི་ཤེས་པའི་ས་ཆ་སྐྱིད་པོ་ཞིག་རེད། ཕྱོགས་བཞི་མཚམས་བརྒྱད་ལག་མཐིལ་དུ་བླངས་པ་བཞིན་ཤར་ལྷོ་ནུབ་བྱང་གི་ཡུལ་ཁམས་ཐམས་ཅད་གསལ་བོར་མཐོང་ཐུབ། ཤར་ཕྱོགས་ཀྱི་ཨ་མ་ཟོ་དགུ ལྷོ་ཕྱོགས་ཀྱི་བློན་པོ་གསེར་ཆེན། ནུབ་ཕྱོགས་ཀྱི་གངས་དཀར་ཞོ་ལུག བྱང་ཕྱོགས་ཀྱི་རྐང་ཚའི་རྫ་དམར་སོགས་མཐའ་བཞིའི་དམག་དཔོན་ལྟར་སྨོན་ལམ་མཐོན་པོའི་བཀའ་ལ་སྒུག་ཡོད་སྙམ་པའི་མཚར་བ་ཞིག་སྦྱིན་འོང་།

སྨོན་ལམ་མཐོན་པོ་དེ་ཉིད་གནམ་སའི་ཀ་བ་བཞིན་དུ་ས་འཛིན་གྱི་རྒྱན་དུ་ཀྲོང་ངེར་འགྱིང་འདུག སྨོན་ལམ་མཐོན་པོའི་ཐོང་འོག་ན་གནམ་ཨ་སྔོན་ཐང་ལ་ལྷུང་འདྲའི་མཚོ་ཁྲི་ཤོག་རྒྱལ་མོ་མར་ཁུ་བཞིན་འཁྱིལ་འདུག་པ་ནི་ཇི་འདྲའི་ངོ་མཚར་ཆེ་བ་ཞིག་རེད། ས་ཆ་འདི་ནི་ས་ལ་དགེ་བཅུ་དང་ལོགས་སུ་བཀྲ་ཤིས་རྟགས་བརྒྱད་ཚང་བའི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན་ནོ། །གནས་འདིར་ལོ་རེར་དབྱར་ཁའི་དུས་ཚུགས་སུ་མ་བོས་མགྲོན་པོ་ཁྲི་སྟོང་མང་པོ་རང་ཤུགས་སུ་འདུས་ཏེ་ལྟད་མོ་ལྟ་བ་དང་སྨོན་ལམ་རྒྱག་པ། རྟོག་དཔྱོད་ཞིབ་འཇུག་བགྱིད་མཁན་སོགས་རྒྱུན་མི་ཆད་པར་འོང་གི་ཡོད་པ་རེད། དེ་བཞིན་སྨོན་ལམ་མཐོན་པོ་འདི་ཉིད་ནི་གླིང་གེ་སར་རྒྱལ་པོས་འགྲོ་བ་སེམས་ཅན་གྱི་ཕྱིར་དུ་སྨོན་ལམ་བཏབ་པའི་གནས་ཡིན་པའི་ངག་རྒྱུན་འདི་ལྟར། དེ་ཡང་འཛམ་གླིང་གེ་སར་རྒྱལ་བོ་དེ། སྨུག་པོ་ལྡོང་གི་རྒྱལ་རྒྱུད། ཆོས་འཕེན་ནག་པོའི་རིགས་རུས། ཆོས་ལ་འཕེན་གྱི་ཚ་བོ། ཡབ་སེང་བློན་རྒྱལ་པོའི་སྲས་པོ། ཡུམ་འགོག་བཟའ་ལྷ་མོའི་བུ་སྐལ། རྡོ་རྗེ་འཆང་གི་རྣམ་འཕྲུལ། སྐུ་མི་འགྱུར་སྤྱན་རས་གཟིགས་དབང་། གསུང་མི་འགྱུར་འཕགས་པ་འཇམ་དབྱངས། ཐུགས་མི་འགྱུར་ཕྱག་ན་རྡོ་རྗེ། རིགས་གསུམ་མགོན་པོའི་སྤྲུལ་བ། རིགས་ལྔ་ཐུགས་ཀྱི་སྲས་མཆོག ཚོ་དྲུག་གླིང་གི་དཔོན་པོ། དཔའ་རྟུལ་བརྒྱད་བཅུའི་ཡ་བདག མཁར་སེང་ཕྲུག་སྟག་རྩེའི་རྒྱུ་བདག རྒྱལ་ཁག་བཅོ་བརྒྱད་ཀྱི་བདག་པོ། སངས་རྒྱས་སྟོང་གི་ཕོ་ལྷ། ཐུབ་ཆེན་བསྟན་པའི་སྲོག་ཤིང་། བདུད་བཞི་འཇོམས་པའི་གཤེད་མ། ནག་པོ་བདུད་ཀྱི་ཁ་གནོན། སེར་པོ་ཧོར་གྱི་གཉའ་ཤིང་། སྨུག་པོ་འཇང་གི་དཔུང་ཡ། ལྷོ་བདུད་ཤིང་ཁྲིའི་འཕྲུལ་ཡ། རྒྱ་བོད་གཉིས་ཀྱི་ནོར་བདག འདྲེ་སྲིན་གཉིས་ཀྱི་ཁ་གནོན། རྫོང་ཆེན་བཅོ་བརྒྱད་ཀྱི་བདག་པོ། གླིང་རྗེ་གེ་སར་རྒྱལ་པོ་དེ་ཉིད་ཡར་ཁམས་བྱང་མ་རི་རྒྱུད་ལ་ཕེབས་ཤུལ་ནས། ཨ་ཁུ་ཁྲོ་ཐུང་དང་ཧོར་གུར་དཀར་རྒྱལ་པོ་གཉིས་ཀྱིས་མནའ་ཤག་བསྒྲིགས་ཤིང་། ཧོར་སེར་དམར་ནག་བཅུ་གཉིས་ཀྱི་ལས་དམག་ཁ་ལོ་བསྒྱུར་ནས་ཁྲ་མོ་གླིང་ས་ཆར་དཔུང་འཇུག་བྱས། ཁྲ་མོ་གླིང་དང་སེར་པོ་ཧོར་གཉིས་ཀྱིས་གཡུལ་འཐབ་དྲག་པོ་བྱས་རྐྱེན། གླིང་གི་རྒྱ་ཚ་དང་རོང་ཚ། སྟག་རོང་ཨ་ནུ་གཟིགས་འཕེན། སྣང་ངུ་གཡུ་སྟག་སོགས་གཅིག་རྗེས་གཉིད་མཐུད་དུ་བགྲོངས་པ་དང་། ཇ་མཁར་རྨང་ནས་བཤིགས། འབྲུག་མོ་ཧོར་གྱིས་ཕྲོགས་ཤིང་གླིང་ལ་ཆགས་འཇིག་ཆེན་པོ་བྱུང་། ཉིན་ཞིག་གི་ནངས་མོར་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་ན་རེ། ཧོར་གུར་དཀར་དང་ཤན་པ་གཉིས་ལ་དེ་རིང་ངའི་ཁམས་མི་དྭངས་པས་ལུག་འཚོ་རུ་འགྲོ་རྒྱུ་ཡིན་ཞེས་བཤད་རྗེས་ལུག་ཁྱུ་དེད་དེ་སྨོན་ལམ་མཐོན་པོའི་གཡས་སུ་བརྒྱབ། མོ་རང་གཡོན་དུ་རྒྱུགས་ནས་བ་ལུ་དང་མཁན་པ་བཏུས་ནས་སྨོན་ལམ་མཐོན་པོ་སྒང་ནས་བསང་དཀར་ལ་སྤྲིན་དཀར་གྱི་མདོག བསང་སྨུག་ལ་ཆུ་ཕྲན་གྱི་མདོག་ལྟ་བུ་ཕུལ་ཏེ། དཀོན་མཆོག་གསུམ་ལ་གསོལ་བ་རྩེ་གཅིག་དང་གླིང་དཀར་གྱི་བླ་རི་རྨ་རྒྱལ་ཟོ་དོར་སོགས་ལ་འབོད་པ་ལན་གསུམ་བྱས་པ་ན། རྒྱང་རིང་མིག་གིས་ཟིན་མི་ཟིན་ས་ནས་བླ་བྱ་དཀར་མོ་ཁྲུང་ཁྲུང་སྤུན་གསུམ་མཚོ་སྙིང་མ་ཧཱ་དེ་ཝ་སྐོར་བ་གསུམ་དང་སྨོན་ལམ་མཐོན་པོར་སྐོར་བ་གསུམ་བརྒྱབ་རྗེས་རིའི་ལ་སྟེང་དུ་བབས་བྱུང་། སེང་ལྕམ་འབྲུག་མོ་དེ་ཉིད་ཤིན་ཏུ་དགའ་སྟེ། སྤྱན་ལས་མུ་ཏིག་གི་ཆར་རྒྱུན་དྲག་ཏུ་བབས་པ་དང་ཁྲུང་ཁྲུང་གསུམ་ལ་འདི་སྐད་བཤད། བླ་བྱ་དཀར་མོ་ཁྲུང་ཁྲུང་གསུམ། མར་ཤོག་དང་ཞུ་རྒྱུ་འདི་འདྲ་ཡོད། ད་ལོ་གནམ་ལོ་ཤར་བའི་དུས། ལས་བསམ་ས་མི་འགྲོ་གསེག་སར་འགྲོ རྡོ་གཡའ་མའི་འཕྲེད་ཁ་གྱེན་ལ་འཁོར། ཕུང་འདྲེ་གུར་རྒྱལ་པོ་དང་། ཁྲེལ་མེད་ཨ་ཁུ་ཁྲོ་ཐུང་གཉིས། ཁྱི་སྤྱང་ངན་འབྲེལ་བྱས་པའི་མཐར། མང་སྣ་ཉུང་གིས་མ་བརྟན་པར། ཧོར་དམར་སེར་བཅུ་གཉིས་གླིང་ལ་བླུགས། འབུམ་པའི་དུང་ཟླ་ཐང་ལ་ལྷུང་། སྣང་ཆུང་གཡུ་ཡི་མེ་ཏོག་བསྣོག རོང་ཚའི་དམུ་ཐག་དུམ་སེ་བཅད། གཟིག་འཕེན་དར་ཤིང་སྐེད་ནས་བཅག ལྷ་མཁར་རྩེ་མོ་ཐོག་གིས་གཏོར། འབྲུག་མོའི་ལང་ཚོ་གྲིབ་ཀྱིས་མནར། བླ་བྱ་དཀར་མོ་སྤུན་གསུམ་པོ། མ་འདུག་ནག་པོ་བདུད་ལ་སོང་། གླིང་རྗེ་གེ་སར་རྒྱལ་པོ་དེ། མྱུར་དུ་གླིང་ལ་མ་ཕེབས་ན། སྐྱིད་གི་ཉི་མ་ཤར་དུས་མེད། སྡུག་གི་མུན་པ་སངས་དུས་མེད། ང་ཨ་འབྲུག་གསོན་པའི་རེ་བ་མེད། གླིང་སེང་ཆེན་རྒྱལ་པོ་བོས་ནས་ཤོག་ཅེས་འཕྲིན་ཡིག་དེ་བླ་བྱའི་སྐེ་ལ་བཏགས་པ་ན། བླ་བྱ་གསུམ་གྱིས་མགོ་བོ་གུག་གུག་ལན་གསུམ་བྱས་རྗེས་འབྲུག་མོར་བསྐོར་བ་ལན་གསུམ་བྱས། རི་སྨོན་ལམ་མཐོན་པོར་བསྐོར་བ་ལན་གསུམ་བྱས། མཚོ་སྔོན་པོར་བསྐོར་བ་ལན་གསུམ་བྱས་རྗེས་ནམ་མཁའི་བྱ་ལམ་གོང་མར་གཏད་ནས་ནག་པོ་བདུད་ཀྱི་ཕྱོགས་སུ་མི་སྣང་བར་གྱུར། དེ་ནས་སེང་ལྕམ་འབྲུག་མོའི་སེམས་ཀྱི་སྡུག་བསྔལ་སངས་ཤིང་། ཡིད་ལ་སྨྲ་མི་ཤེས་པའི་བདེ་བས་ཁྱབ་ཅིང་ཕྱིར་འགྲོ་དགོས་བསམ་ནས། སྨོན་ལམ་མཐོན་པོའི་གཡས་ཕྱོགས་ཀྱི་ལུག་ཁྱུ་དེ་ཇི་ལྟར་བཙལ་ཀྱང་མ་རྙེད་པར་མོ་རང་གཅིག་པུ་ཧོར་གྱི་དམག་སྒར་ལ་ལོག དུས་དེ་ནས་བཟུང་འབྲུག་མོའི་ལུག་ཁྱུ་དེ་རྡོ་དཀར་དུ་གྱུར་ནས་སྨོན་ལམ་མཐོན་པོའི་རི་ཟོམ་དུ་ལུས་པར་གྲགས་སོ། །

སྨོན་ལམ་མཐོན་པོའི་སྟེང་གི་འབྲུག་མོའི་ལུག་ཁྱུ།
དེར་ཁྲུང་ཁྲུང་སྤུན་གསུམ་ཉིན་མཚན་ལྟོས་མེད་ཀྱིས་འཕུར་ཏེ་སོང་བ་ན། ལ་གཞི་དྲེད་ཀྱི་ར་བ། ཡར་ཁམས་བྱང་མའི་རི་རྒྱུད། མགོ་ན་མི་ཁྲག་གི་ཆར་བ་འབབ་ས། བར་ན་རྣམ་ཤེས་ཀྱི་བུ་ཡུག་འཚུབས་ས། བདུད་མཁར་ལྕགས་ར་རྩེ་དགུའི་སྟེང་དུ་བབས་པ་ན། གླིང་རྗེ་གེ་སར་རྒྱལ་པོ་དེ་མེ་བཟའ་འབུམ་སྐྱིད་དང་བདུད་བློན་ག་དར་ཕྱིང་སྔོན་གཉིས་ཀྱིས་བརྗེད་ཟས་བརྗེད་ཆུ་དྲངས་ཏེ་གླིང་གི་རྒྱལ་སྲིད་དང་ཕུ་ནུ་བརྗེད་ནས་ལོ་དགུ་འགོར་བའང་མ་ཤེས་པར་ལུས་ཡོད། ཉིན་དེར་བླ་བྱའི་རྟུག་པ་ཞིག་མགོ་ལ་ལྷུང་བར་སྐྱུག་མེར་བ་ཞིག་བྱུང་བ་དང་ལྷན་དུ་བརྗེད་ཟས་བརྗེད་ཆུ་ཕྱིར་བསྐྱུགས་ཤིང་། གླིང་གི་ཕུ་ནུ་དང་ཕ་མ་ཇ་མ་བཅས་པ་ཡིད་ལ་གསལ་ལེར་ཤར་བྱུང་། དེ་ནས་ཁྲུང་ཁྲུང་གཉིས་ཀྱི་འཕྲིན་ཡིག་ལས་གླིང་གི་ཆགས་འཇིག་གི་གནས་ཚུལ་ཚང་མ་ཐུགས་ཀྱིས་མཁྱེན་པ་དང་། དེ་མ་ཐག་གླིང་ལ་ལོག་རྒྱུའི་སེམས་ཐག་བཅད་ནས་རླུང་བུད་པ་ལྟར་གླིང་གི་ཕྱོགས་སུ་རྒྱུ་སོང་ངོ་། །གླིང་རྗེ་གེ་སར་རྒྱལ་པོ་ཐོག་མར་གླིང་ལ་ལོག་སྟེ་ཁྲོ་ཐུང་གི་དབང་ཆ་ཚང་མ་བླངས་པ་དང་དེ་ནས་ཧོར་ལ་བསྐྱོད་དེ་ལམ་དགྲ་སྤྲེལ་སེ་སྣ་ནག་སོགས་ཆམ་ལ་ཕབ། ཕུ་བོ་རྒྱ་ཚ་དང་ནུ་བོ་རོང་ཚ། ཕུ་ནུ་བསད་པའི་ཤ་འཁོན་གྱིས། མཆོང་ལྷ་ནག་པོ་དོང་ལ་མནན། ཤེད་ཆེན་པ་དུར་ཐང་ལ་བརྡབས། ནགས་རྒྱལ་ཕྱུག་མོ་མེ་མཚོར་བསྒྱུར། སྡིག་གཅོད་ཤན་པར་ལྕགས་ཐག་བསྐོན། སྟོབས་ཆེན་སྙིང་ཁར་གཟེར་བུས་གཅུས། བླ་སྟག་འོལ་བ་མི་གཟན་བསྒྲལ། ཐེའུ་རང་གི་བླ་ཤིང་བཅག ཧོར་སྡེ་དམར་སེར་བཅུ་གཉིས་ཁྲག་བཞིན་དཀྲུགས་ཏེ་གུར་དཀར་རྒྱལ་པོའི་མགོ་ལ་སྲབ་བཞག་ཅིང་འཕོང་ལ་སྒ་བསྟད་དེ་སྨོན་ལམ་མཐོན་པོར་དཀྱིས་གསུམ་བརྒྱབ་མཐར། མ་རུངས་བདུད་རིགས་དེ་ལྔ་བའི་ལམ་དུ་བཏང་ངོ་། །
དེ་ནས་གླིང་རྗེ་གེ་སར་རྒྱལ་པོས་མཚོ་མི་འགྱུར་ཁྲི་ཤོག་རྒྱལ་མོའི་བྱང་ངོས། ས་བཟང་བོ་སྨོན་ལམ་མཐོན་པོ་ནས། ལས་བསྐལ་བ་ཡག་གི་ཆེད་དང་འགྲོ་བ་རིགས་དྲུག་གི་དོན་དུ་སྨོན་ལམ་རྒྱ་ཆེར་གསུངས་དགོས་པའི་དུས་ལ་བབས་པ་མཁྱེན་ནས། ཁོང་མི་རྟ་གཉིས་གློག་འཁྱུག་པ་ལྟར་ས་བཟང་བོ་སྨོན་མཐོན་པོའི་རྩེ་འབྱོར་བ་དང་། འཛམ་གླིང་གེ་སར་ནོར་བུ་དགྲ་འདུལ་དེ་ཉིད་རིགས་ལྡན་དྲག་པོའི་སྐུ་རུ་བཞེངས་ནས་གསེར་ཁྲི་ཁམས་གསུམ་དབང་རྒྱལ་གྱི་སྟེང་དུ་བཞུགས་ཏེ་ལྷ་ངག་ལྡེམ་དྲུག་གི་ངག་རྟ་ལ་དྲངས་ནས་འདི་སྐད་དོ། །གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །གནས་དག་པ་ལྷ་ཡི་ཞིང་ཁམས་ནས། །ལྷ་ཆེན་ཚངས་པ་དཀར་པོ་མཁྱེན། །བར་སྣང་སྤུ་གྲིའི་དབྱིངས་རིམ་ནས། །གཉན་ཆེན་སྐུ་ལྷ་གེར་མཛོ་མཁྱེན། །མ་དྲོས་མཚོ་ཡི་གཏིང་རིམ་ནས། །ཀླུ་རྒྱལ་གཙུག་ན་རིན་ཆེན་མཁྱེན། །ཤར་ཁྲ་མོ་གླིང་གི་ས་ཆ་ནས། །ཨ་མྱེས་རྨ་རྒྱལ་སྦོམ་ར་མཁྱེན། །ས་འདི་ལ་གནས་པའི་ས་བདག་མཁྱེན། །ཡུལ་འདི་ལ་གནས་པའི་གཞི་བདག་མཁྱེན། །དེ་རིང་སྡོངས་གྲོགས་ཁ་འཛིན་མཛོད། །ཕོ་ང་འདྲའི་ང་ངོ་མ་ཤེས་ན། །ལྷ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་ཡིན། །སངས་རྒྱས་སྟོང་གི་ཐུགས་སྲས་ཡིན། །མགོན་ཨོ་རྒྱན་པད་མའི་རྒྱལ་ཚབ་ཡིན། །གླིང་གེ་སར་སྐྱེས་བུ་དོན་གྲུབ་ཟེར། །ང་དེ་རིང་འབྱོར་བའི་ས་ཆ་འདི། །ས་འདི་ས་ངོ་མ་ཤེས་ན། །ས་སྐྱིད་པོ་སྨོན་ལམ་མཐོན་པོ་ཟེར། །ཐང་ཡངས་ཆེན་གསེར་གྱི་ཐང་ཆེན་ལ། །རྩྭ་གསེར་ཆེན་འགྱུ་རུ་ཤིགས་སེ་གདའ། །རྩི་མེ་ཏོག་འཇའ་གུར་ཁྲིགས་སེ་གདའ། །སྤང་དཀར་སྟེང་ལ་ལུག་གིས་བཀང་། །རྫ་རིའི་སྟེང་ལ་ནོར་གྱིས་ཁྱབ། །འཇག་རི་སུམ་མདོ་རྟ་ཡིས་མོད། །ཕྱུགས་མངའ་ཐང་བསྟན་པ་དར་ས་རེད། །མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དེ། །ཨ་སྔོན་ཐང་ལ་ལྷུང་འདྲ་རེད། །དྭངས་གསལ་མེ་ལོང་བཤམས་འདྲ་རེད། །ཀླུ་མི་མགོན་དཀར་པོའི་ཕོ་བྲང་རེད། །སྐྱིད་པོ་སྨོན་མཐོན་པོ་འདི། །ཕ་བླ་མའི་ཆོས་སྒྲ་སྒྲོག་ས་རེད། །སྟག་ཤ་རའི་དཔའ་སྐད་འཐེན་ས་རེད། །སྨན་བུ་མོས་བྲོ་གར་འཁྲབ་ས་རེད། །ཅི་བསམ་ལྷུན་གྱིས་འགྲུབ་ས་རེད། །ཅེས་གསུངས་པ་ན། ལྷ་དམག་ཁ་བ་འབབ་འབབ། ལྷ་ཆེན་ཚངས་པ་དཀར་པོ་དེ་ལྷ་རིགས་འབུམ་གྱིས་བསྐོར་ཕེབས་བྱུང་། ཀླུ་དམག་སེར་བ་འབབ་འབབ། ཀླུ་རྒྱལ་གཙུག་ན་རིན་ཆེན་དེ་ཀླུ་རིགས་འབུམ་གྱིས་བསྐོར་ནས་ཕེབས་བྱུང་། གཉན་དམག་བུ་ཡུག་འཚུབ་འཚུབ། གཉན་ཆེན་སྐུ་ལྷ་གེར་མཛོ་དེ་གཉན་དམག་འབུམ་གྱིས་བསྐོར་ནས་ཕེབས་བྱུང་། ཆོས་སྐྱོང་གློག་དམར་འཁྱུག་འཁྱུག ཆོས་སྐྱོང་མ་ཧཱ་ཀ་ལ་དེ་སྲུང་མ་འབུམ་གྱིས་བསྐོར་ནས་ཕེབས་བྱུང་། མཁའ་འགྲོ་སྦྲང་ཆར་འཇོ་འཇོ། ཨ་ནེ་གོང་མ་རྒྱལ་མོ་དེ་མཁའ་འགྲོ་འབུམ་གྱིས་བསྐོར་ནས་ཕེབས་བྱུང་། ཡུལ་དེ་ལ་གནས་པའི་ས་བདག་དང་གཞི་བདག་བཅས་པ་ས་བཟང་བོ་སྨོན་ལམ་མཐོན་པོའི་སྒང་དུ་འཛོམས་ཤིང་། ནམ་མཁའ་ལ་འཇའ་འོད་ཀྱི་གུར་ཕུབ། མཚོ་ནང་ནས་གསེར་མིག་ཉ་མོས་འཁྱུག་རྩལ་ངོམས། ས་ལ་པད་མ་འདབ་བརྒྱད་བཞད། རྫ་རིའི་སྟེང་ནས་འབྲོང་མོ་ངུར་སྒྲ་ལྡི་རི་རི། སྤངས་རིའི་སྟེང་ནས་གཡང་དཀར་ལུག་གི་འབའ་སྒྲ་ལྷང་ལྷང་། ཁྲི་ཤོག་རྒྱལ་མོའི་འགྲམ་ངོགས་སུ་འདོ་རིག་རྟ་ཕོའི་འཚེར་སྐད་སི་ལི་ལི། ཡུལ་ལུང་ཀུན་ལ་བཀྲ་ཤིས་པའི་དགེ་མཚན་གྱི་མཚན་མས་ཁྱབ་བོ། །མི་ཐམས་ཅད་ཀྱི་བསོད་ནམས་བསྐལ་བརྒྱར་གནས་པའི་རྟེན་འབྲེལ་དུ་གེ་སར་རྒྱལ་པོའི་བཞུགས་ཁྲི་སྨོན་ལམ་མཐོན་པོའི་སྟེང་དུ་རྡོའི་བཞུགས་ཁྲིར་གྱུར་ཏེ་ད་ལྟའང་མཐོང་རྒྱུ་ཡོད་པར་གྲགས་སོ། །

སྨོན་ལམ་མཐོན་པོའི་སྟེང་གི་གེ་སར་རྒྱལ་པོའི་བཞུགས་ཁྲི།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།