དྭངས་མ་མ་ཞུའི་མཁྲིས་ནད་དུག་ཐབས(Hepatitis B+)ཀྱི་ནད་གཞིར་དཔྱད་པ།
སྔོན་གླེང་།
མཚུངས་བསྡུར་དཔྱད་གཞིའི་ཡིག་ཆ་ཤོག་དཀར་ལ།།
བཅོས་མིན་ལེགས་བཤད་རི་མོའི་འདུ་བྱེད་ཀྱིས།།
གསོ་རིག་མཛེས་མའི་སྣང་བརྙན་གསར་བསྐྲུན་པས།།
འདོད་པའི་ཟུག་རྔུས་གདུང་རྣམས་བདེ་ལ་རོལ།།
དཔྱད་གཞིའི་ཡིག་ཆར་སྨན་པའི་ལེགས་བཤད་ཀྱི།།
རྒྱུད་དོན་གནད་ཀྱི་གདམས་ངག་སུར་མཆིས་ཀྱང་།།
ད་ལྟ་གསོ་རིག་བསྟན་ལ་ཆེད་དགོངས་ནས།།
སྦས་མེད་ལྷུག་པོར་སྩོལ་ཅིག་དྲང་སྲོང་ཚོགས།།ཞེས་དོན་སླད་མཚན་ནས་བརྗོད་པ་རྩ་བའི་བླ་མ་མཁས་དབང་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་ དང་གཞན་ཡང་དགེ་བའི་བཤེས་གཉེན་རྣམས་སྤྱི་བོའི་གཙུག་ཏུ་མཆོད་ནས་སྔོན་གླེང་བྱ་རྒྱུར།
སྤྱིར་ང་རང་གི་བསམ་ཚུལ་ལ་ནད་དམ་བཅོས་ཐབས་གང་ལ་ཉམས་ཞིབ་བྱེད་ནའང་། རང་ལུགས་ཀྱི་ལྟ་བ་དེ་བརྟན་པོ་བཟུང་ནས་བྱེད་པ་དང་བོད་ཀྱི་གསོ་བ་རིག་པ་ལྟ་བུ་ ནི་དངོས་པོའི་ནུས་པ་ཙམ་མིན་པར་སྔགས་ཀྱི་ནུས་པ་དང་རྟེན་འབྲེལ་གྱི་ནུས་པ་དང་། དབྱིབས་ཀྱི་ནུས་པ། ཁ་དོག་གི་ནུས་པ་སོགས་གཞན་མང་དག་ཅིག་ཡོད་པ་རྣམས་ཀྱང་ཉམས་ཞིབ་ཀྱི་སྐབས་དགོངས་ པ་བཞེས་དགོས་པ་ཞིག་རེད། དེ་ལྟར་མ་བྱུང་ནའང་བོད་ཀྱི་གསོ་བ་རིག་པའི་གཞུང་དོན་དང་འགལ་ཟླ་མི་འགྲོ་བ། སྨན་གཞུང་གི་ཐ་སྙད་དང་མི་མཐུན་པ་ལྟ་བུ་མིན་པའི་དགོངས་པ་ཟབ་བཞེས་དགོས་ཀྱི་ རེད་བསམ་གྱི་འདུག རང་ལུགས་དེ་བརྟན་པོར་བཟུང་ནས་ལུགས་གཞན་ནས་ལེགས་ཆ་བླང་རྒྱུ་དེ་གལ་ཆེན་པོ་ རེད། གྱང་དཀར་པོའི་ཐོག་ཏུ་ཟླ་བའི་འོད་ཕོག་ན་ད་དུང་དཀར་དུ་འགྲོ་བ་ལྟ་བུའི་དགོངས་ པ་བཞེས་དགོས། ལུགས་གཞན་རྣམས་ཀྱང་མཁས་དབང་དུ་མས་ཉམས་ཞིབ་ཀྱི་དཔྱད་པ་དུ་མས་བརྙེད་པ་ཞིག་ ཡིན་སྟབས་ལེགས་པའི་ཆ་བླང་རྒྱུ་ལས་ལུགས་དེ་ཚད་ལྡན་མ་ཤེས་པའི་རྒྱུ་མཚན་གྱིས་ ལེགས་ཉེས་ཀྱི་རྣམ་བཤད་བྱེད་རྒྱུ་མེད་ལ། བྱས་ནའང་རྒྱུ་མཚན་དང་མི་ལྡན་ལ་མ་ཤེས་པའི་གཏམ་དེ་ཉེན་ཚབས་ཆེན་པོ་ཡང་ཆགས་ སྲིད། དཔེར་ན་ཧོ་མོ་པེ་ཐི་ལུགས་སུ་ཚད་ནད་ཚ་བས་བཅོས་པ་ལ་རང་ལུགས་ཚད་ནད་བསིལ་གྱིས་ བཅོས་པ་གཉིས་འགལ་ཟླར་སྣང་ཡང་དོན་གྱི་ཐོག་གཉིས་ཀས་ཕན་གྱི་ཡོད་སྟབས། ཅིའི་ཕྱིར་དངོས་པོའི་ནུས་པ་རྣམ་པར་བཀྲ། །ཞེས་གསུངས་པ་དེ་རེད།
Hepatitis B ནད་གཞི་གཅིག་གི་ཐོག་ལུགས་མི་འདྲ་བ་སོ་སོས་འགྲེལ་བཤད་མི་འདྲ་བ་བསྐྱོན་གྱི་ ཡོད་ནའང་། ནད་དེས་མནར་བའི་ནད་པ་དེའི་ལུས་ཁམས་ཀྱི་ཉེས་པའི་མཚན་ཉིད་རྟགས་སུ་ཤར་བ་རྣམས་ སྨན་གྱི་ལུགས་གང་གིས་བཤད་ནའང་མི་འདྲ་བ་ཡོང་རྒྱུ་མེད་པར་སོང་། ནད་རྟགས་དེ་རྣམས་ནད་བཅོས་ཉམས་ཞིབ་བྱ་རྒྱུའི་དཔང་པོ་ལྟ་བུ་ཆགས་ཡོད་པས་ན་དེ་ གཞིར་བཟུང་གིས་མཚུངས་བསྡུར་གྱི་ཐོག་ནས་དཔྱད་པ་བྱ་རྒྱུ་དེ་ཕན་ཐོགས་ཆེན་པོ་ མིན་ནམ་བསམ་གྱི་འདུག འོན་ཀྱང་ནད་ཀྱི་རྟགས་ལ་བྱང་ཆུབ་པ་དགོས་རྒྱུ་དེ་ཡང་གལ་ཆེན་པོ་རེད། ནད་བཅོས་ཉམས་ལེན་ཡོད་པའང་གལ་ཆེན་པོ་རེད། རྒྱུད་དུའང་། ནད་ཀུན་སྤྱི་དང་ཁྱད་པར་རྟགས་ཤེས་པས། །འདི་ན་ཙམ་ལས་འདི་འོང་རྟོགས་པར་གྱུར། །རིན་ཆེན་ལ་སོགས་བཟང་ངན་ཤེས་པ་ཡང་། །བསྟན་བཅོས་མ་ཡིན་དེ་མེད་པར་ཡང་མིན། །ཞེས་གསུངས་པས་རྟགས་ལ་གོམས་པ་མེད་ན། རྒྱུད་དུ། རྟགས་ཉིད་རྟགས་སུ་མི་ཤེས་ཏེ། །དུ་བ་རླངས་པར་འཁྲུལ་དང་འདྲ། །སྤྲིན་འདུས་ཆར་བྱུང་ཟེར་བ་ལྟར། །མ་ངེས་རྟགས་སུ་བྱེད་པ་ཡོད། །དེ་ཕྱིར་ངོས་འཛིན་བརྟག་ཐབས་མན་ངག་གཅེས། །ཞེས་གསུངས་ཡོད།
Hepatitis B ནད་གཞི་འདི་དེང་སང་འཛམ་གླིང་གི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་ཆེ་ཤོས་ ཤིག་ཆགས་ཡོད། ལྷག་པར་དུ་ཨེ་ཤི་ཡའི་ནང་ལ་ནད་གཞི་འདི་ན་བའི་གྲངས་ཚད་མཐོ་པོ་ཡོད་པར་བཤད་ཀྱི་ཡོད།
བོད་ཀྱི་གསོ་བ་རིག་པའི་གཞུང་ལྟར་སྨྲས་ན། ནད་གཞི་འདི་གསར་པ་ཞིག་མིན་ལ་གནའ་དུས་ནས་ཡོད་པ་ཞིག་ཡིན། དེ་ཡང་སྔར་ཚུལ་གྱི་སྐབས་མངོན་ཚུལ་གསལ་པོ་མེད་པར་བག་ལ་ཉལ་བའི་ཚུལ་ལྟ་བུ་ཞིག་ ལ་གནས་པ་དང་། རྐྱེན་གློ་བུར་བ་དང་འཕྲད་ཚེ་སྲོག་ལ་རྒོལ་བ་ཞིག་ཡིན། སྤྱིར་ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ལ་ཟས་སྤྱོད་ཀྱི་སྤང་བླང་བྱ་རྒྱུ་དེ་ ཤིན་ཏུ་གལ་ཆེན་པོའི་ཐོག་གསོ་དཔྱད་སྨན་པའི་ངག་བཞིན་བསྟེན་རྒྱུ་དེ་ལྷོད་ཡངས་ སུ་མི་འགྲོ་བའི་གནད་འགག་འདི་ནད་མེད་བདེ་བར་འདོད་པ་ཚང་མས་ངེས་པར་དུ་ཤེས་ དགོས་པ་ཞིག་རེད། རྒྱུད་དུའང་། ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང་། །ཞེས་གསུངས་ཡོད།
དེ་རིང་འདིར་སྐབས་སུ་བབ་པ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་ལྟ་བའི་ཐོག་ནས་ ཕྱི་ལུགས་ཀྱིHepatitis B ཞེས་པའི་ནད་གཞིར་མཚུངས་བསྡུར་གྱི་དཔྱད་གཞིའི་བསམ་ཚུལ་དེ་དོན་ཚན་གསུམ་གྱི་ ཐོག་ནས་ཞུ་རྒྱུ་ཡིན།
༡། ཕྱི་ལུགས་སྨན་གྱིHepatitis B ཞེས་པའི་ནད་གཞིའི་སྐོར་རགས་ཙམ་གླེང་བ།
༢། རྒྱ་གར་ཚེ་ཡི་རིག་བྱེད་པས་ནད་གཞི་འདིར་ངོས་འཛིན་བྱེད་ཕྱོགས་ལ་དཔྱད་པ།
༣། རང་ལུགས་བོད་ཀྱི་གསོ་བ་རིག་པ་དང་ལུགས་གཞན་གཉིས་མཚུངས་བསྡུར་གྱིསHepatitis B ཞེས་པའི་ནད་གཞི་འདི་གང་ལ་ངོས་འཛིན་བྱ་དགོས་ཀྱི་དཔྱད་གཞིའི་བསམ་ཚུལ།
༡། ཕྱི་ལུགས་སྨན་གྱིHepatitis B ཞེས་པའི་ནད་གཞིའི་སྐོར་རགས་ཙམ་གླེང་བ།
ཕྱི་ ལུགས་སྨན་གྱིHepatitis B ཞེས་པའི་ནད་གཞི་དང་འབྲེལ་བའི་ཉམས་ཞིབ་བྱས་པའི་ཡིག་ཆའི་སྙིང་དོན་དུ། ཕྱི་ལོ1963ལོར་ཁྲག་གི་ཆུ་སེར(Serum)ནང་གི་ཟས་བཅུད(Protein)ལ་ཞིབ་འཇུག་བྱས་སྐབས་ཤིག་ལAustralian གནའ་བོའི་མི་བརྒྱུད་གཅིག་གི་ཁྲག་གི་ནང་སྔར་དང་མི་འདྲ་བའི་ཟས་བཅུད(Protein) གསར་པ་ཞིག་རྙེད་པ་རེད། དེ་ཡངHepatitis B ནད་གཞི་དང་འབྲེལ་བ་ཡོད་པ་ཤེས་པ་རེད། ད་དུང་བསྐྱར་དུ་ཞིབ་འཇུག་སྐབསAustralian antigen ཞེས་པ་ཁྲག་གི་ཆུ་སེར(Serum)གཅིག་པུའི་ནང་དུ་གསལ་ཡོད་པ་རེད།
ཕྱི་ལོ1973ལོར་བསྐྱར་ཞིབ་བྱས་སྐབསHepatitis B ནད་པའི་ཁྲག་གི་ཆུ་སེར་ནང་(Virus)ཞེས་པ་ཤིན་ཏུ་ཕྲ་བའི་ནད་འབུ་འགོས་ཚབས་ཅན་ སྲོག་ལྡན་གཞན་ལ་མ་བསྟེན་པར་འཚོ་འཕེལ་མི་ཐུབ་པ་ཞིག་རྙེད་པ་དེ་ལHepatitis B Virusཞེས་བཤད།
Hepatitis Bནད་གཞི་འདིHepatitisགཞན་དང་འདྲ་མཚུངས་ཡོད་ཀྱང་འདི་ཛ་དྲག་དང་ཁྲག་གི་ཆུ་སེར་གྱི་ནད་གཞི་ལྟ་བུ་ཞིག་ཆགས་ཡོད་པར་བརྟེན་ནད་གཞི་འདི་ལSerum Hepatitis ཞེས་ཁྲག་གི་ཆུ་སེར་གྱིHepatitisཡང་ཟེར་གྱི་ཡོད་པ་རེད། ནད་གཞི་འདི་ཆུང་ངུའི་སྐབས་མངོན་ཚུལ་གྱི་རྟགས་གསལ་པོ་མེད་ཀྱང་སྔར་ཚུལ་གྱི་སྐབས་སུ།
· ཁྲག་གི་ཆུ་སེར་ལ་སྐྱོན་བྱུང་བ།
· ཕོ་བ་དང་རྒྱུ་མའི་བྱེད་ལས་མི་བདེ་བ།
· ཆམ་རིམས་ལྟ་བུའི་ནད་གཞིས་ཟིན་པ་སོགས་འབྱུང་།
དེ་རྗེས་རིམ་པས་དུས་ཡུན་གང་མཚམས་སོང་རྗེས། ལུས་ཁམས་ཇེ་སྡུག་ཏུ་འགྲོ་བ། ཞེ་མེར་བ་དང་། དང་ག་འགགས་པ་སོགས་འཇུ་བྱེད་ཀྱི་ལས་ཚུལ་བཞིན་མ་བྱུང་བས་མ་ཞུ་བའི་རྟགས་སྟོན་པ་དང་། ཚ་བ་ཕྲན་བུ་འབྱུང་བ། ལུས་ཁམས་མི་བདེ་བ། སྐབས་རེ་མགོ་ཚབས་ཆེར་ན་བ། ཆང་རག་མི་འདོད་པ། ཆབ་མདོག་མར་ནག་འདྲ་བ། བཤང་བའི་མདོག་སྐྱ་བའམ་དཀར་བ། ཤ་སེར་མིག་སེར་དུ་འགྱུར་པ་བཅས་ནིHepatitis ནད་གཞིའི་ཚུལ་ཕྱེད་པར་གྱུར་པའི་རྟགས་སུ་བཤད།
ཟ་བཏུང་བཙོག་པའམ་དུག་ཅན་གྱི་རིགས། ཆང་རག་སོགས་དང་། རྫས་སྦྱོར་སོགས་ཀྱིས་མཆིན་པ་བསྣད་(Liver Damage)པའི་རྟགས་ཀྱང་འདྲ་མཚུངས་སྣང་བ་ནི། པགས་པ་དང་མིག་སེར་བ། ཕོ་བ་སྦོ་བ་དང་སྐབས་རེ་གཟེར་བ། ལུས་གཡའ་བ། གཅིན་མདོག་མར་ནག་འདྲ་བ། བཤང་བའི་མདོག་སྐྱ་བའམ་དཀར་བ། སྐབས་རེ་བཤང་བ་མཉམ་ཁྲག་འདྲེས་པའམ་ནག་པོར་འབྱུང་བ། ངལ་དུབ་ཆེ་བ། ཞེ་མེར་བ། དང་ག་ཞན་པ་སོགས་འབྱུང་།
རང་བྱུང་ཁམས་ཀྱི་སྨན་གྱི་ལུགས(Naturopathy)སུའང་ནད་རྟགས་གོང་བཤད་དེ་རྣམས་ཀྱི་སྟེང་། སྐྱུག་པ། ཤ་གནད་མི་བདེ་བ། གཉིད་འཐིབས་ཆེ་བ། ཁོང་ཚིག་ཆེ་བ། འཁྲུ་བ། ཚིགས་གཞི་ན་བ་གྲུམ་བུའི་རྟགས་བཅས་བཤད་འདུག
༢། རྒྱ་གར་ཚེ་ཡི་རིག་བྱེད་པས་ནད་གཞི་འདིར་ངོས་འཛིན་བྱེད་ཕྱོགས་ལ་དཔྱད་པ།
བར་སྐབས་ཞིག་ལ་ངོས་རང་ལྡི་ལིར་བསྐྱོད་སྐབས་ལྡི་ལིརTibbia Collage ཞེས་པ་རྒྱ་གར་གྱི་སྲོལ་རྒྱུན་སྨན་གྱི་མཐོ་སློབ་ཁང་དེའི་འགན་འཛིན་སྨན་པNand Kumar ལགས་དང་མཇལ་འཕྲད་བྱུང་བའི་འཕྲོས་མོལ་དུHepatitis B ནད་གཞིར་རྒྱ་གར་ཚེ་ཡི་རིག་བྱེད་པས་ངོས་འཛིན་གང་ལ་བྱེད་སྐོར་བཀའ་དྲི་ཞུས་པར་ཁོང་གིས་རྒྱ་གར་ཚེ་ཡི་རིག་བྱེད་པསHepatitis རིགས་ཚང་མརKamala འམPilliaཞེས་པའི་ནད་གཞིར་ངོས་འཛིན་བྱེད་ཀྱི་རེད་ཅེས་དང་། ཡང་རྒྱ་གར་མངའ་སྡེ་གུཇརྰཏ་ས་གནས་སི་ཧོར་ཞེས་པར་གཞུང་འབྲེལ་སྨན་སྒར་དུ་ བསྐྱོད་སྐབས་དེར་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་སྨན་པMukesh ཞེས་པ་དང་མཇལ་བྱུང་བས་ཁོང་ལའང་གོང་བཞིན་བཀའ་དྲི་ཞུས་པསkamala འམ་ Pillia ཟེར་གྱི་རེད་ཅེས་གཅིག་མཚུངས་གསུངས་པ་མ་ཟད་ས་གནས་དེ་གའི་གཞུང་གི་སྨན་ཁང་གི་ ནད་པའི་ལོ་རྒྱུས་ཀྱི་ཡིག་ཆའི་ནང་དུའངHepatitis B Vaccine ལKamala Ras ཞེས་གསལ་པོར་བཀོད་འདུག
ད་དུང་གསལ་པོ་ཡོང་ཐབས་སུOxford University Press ཞེས་པའིNew Oxford English Hindi Dictionary ནངHepatitis ཞེས་པའི་ཚིག་ལ་རྒྱ་གར་སྐད་དུKamala འམPillia ཞེས་མཆིན་པའི་ནད་གཞི་ཉེན་ཚབས་ཆེ་བ་ཞེས་འཁོད་འདུག
Kamala Pilliaཞེས་པའི་མཁྲིས་ནད་ཤ་སེར་མིག་སེར་གྱི་ནད་གཞི་འདིར་རྒྱ་གར་ཚེ་ཡི་རིག་བྱེད་ པའི་དེབ་ཀྱི་ནང་འགྲེལ་བརྗོད་བྱས་པ་ལ་གཞིགས་ན། ནད་གཞི་འདི་མཆིན་པར་གཉན་ཁ་རྒྱས་པའམ་མཁྲིས་པའི་རྒྱུ་ལམ་འགགས་པ་སོགས་ཀྱིས་ ཐོག་མར་མིག་སེར་བ་དང་། དེ་ནས་རིམ་པས་ཤ་སེར་དུ་འགྲོ་བ་བཅས་བཤད་ཡོད། དེའི་རྒྱུ་མཚན་ནི་མཁྲིས་ཁུ་ལྷག་པར་འཕེལ་བས་ལུས་ཀྱི་ཟུངས་ཁྲག་དང་བསྡོངས་ནས་ ལུས་ཀྱི་ཆ་ཤས་ཀུན་ལ་བྱེར་བའམ་ཁྱབ་པ་ལས་བྱུང་བར་བཤད། དེའི་ནད་རྟགས་ཀྱང་། མཁྲིས་ཁུ་དེ་རྒྱུན་གཏན་ལྟར་རྒྱུ་མར་མ་སོང་སྟབས་བཤང་བའི་མདོག་ནམ་རྒྱུན་གྱི་སྨུག་པོ་དེ་མེད་པར་སྐྱ་བའམ་དཀར་བ། དང་ག་ཞན་པ། འཇུ་སྟོབས་ཞན་པ། མཆིན་པས་ཚིལ་སྣུམ་ཞག་གི་རིགས་འཇུ་མི་ཐུབ་པ། ཞེ་མེར་བ། མཆིན་པར་གཉན་ཁ་རྒྱས་པས་གཟེར་བ་དང་མཛུབ་མོ་སོགས་ཀྱིས་རེག་ན་བཟོད་དཀའ་བས་ན་ནད་གཞི་འདི་ལKamala ཞེས་ཟེར་བར་བཤད། སྨན་བཅོས་ཀྱི་ཁོངས་སུ་བཤལ་གཏོང་བ་དེ་གལ་ཆེར་མངགས་ཡོད།
༣། རང་ལུགས་བོད་ཀྱི་གསོ་བ་རིག་པ་དང་ལུགས་གཞན་གཉིས་མཚུངས་བསྡུར་གྱིསHepatitis ཞེས་པའི་ནད་གཞི་འདི་གང་ལ་ངོས་འཛིན་བྱེད་དགོས་ཀྱི་དཔྱད་གཞིའི་བསམ་ཚུལ།
ཁྲག་གི་ཆུ་སེར་ལ་སྐྱོན་བྱུང་བ།
ཕྱི་ལུགས་ཁྲག་གི་ཆུ་སེར་ལ་སྐྱོན་བྱུང་བར་བཤད་པ་ནི། སྤྱིར་ནད་གཞིའི་ཆུ་སེར་དེ་སྐྱོན་ཅན་ཞིག་ཡིན་པ་བརྗོད་མི་དགོས། འདིརHepatitis B ནད་གཞི་སྐོར་གླེང་སྐབས། དེ་ཡང་ཁྲག་གི་ཆུ་སེར་ནང་རྒྱུན་ལྡན་མིན་པའིProtein ཞེས་ཟས་བཅུད་གཅིག་རྙེད་པ་རེད་ཅེས་ཆུ་སེར་དེ་དང་ཟས་བཅུད་དེ་ལ་དམིགས་བསལ་གྱི་དཔྱད་པ་ཞིག་བྱེད་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག རྒྱུན་གཏན་མིན་པ་ཞིག་ཡོད་ན་ཡོད་དགོས་པའི་རྒྱུ་མཚན་དེ་རྩད་ཞིབ་བྱེད་དགོས་པ་ གལ་ཆེན་པོ་རེད། དེ་ལ་བོད་ཀྱི་གསོ་བ་རིག་པའི་གཞུང་གི་བལྟ་ཕྱོགས་བྱས་ན། དང་པོ་ཟས་བཅུད་དེ་ལྟ་བུ་ནི་ཁྲག་གི་ཆུ་སེར་ལ་བརྟེན་པ་དང་ཁྲག་གི་ཆུ་སེར་ནི་མཁྲིས་པའི་དྭངས་མ་ལས་བྱུང་བའི་ཆུ་སེར་དང་། མཁྲིས་པ་ནི་ཁྲག་གི་སྙིགས་མ་དང་ཁྲག་ནི་ཁ་ཟས་ཀྱི་དྭངས་མ་བདུན་བརྒྱུད་ཀྱི་ཐོག་མ་མཆིན་པར་མདངས་སྒྱུར་མཁྲིས་པས་ཟུངས་ཁྲག་ཏུ་བསྒྱུར་དགོས་པ་དེ་ཡིན། དྭངས་མ་དེ་ཡང་ཟ་བཏུང་ལ་རག་ལུས་པ་དང་། ཟ་བཏུང་གང་བྱས་པ་དེ་ཡང་ཕོ་བའི་ནང་དུ་མེ་དྲོད་རྣམ་པ་གསུམ་གྱིས་མྱགས་བཞུ་དྭངས་སྙིགས་བྱས་པའི་དྭངས་མ་དེ་ཡིན་དགོས། གལ་ཏེ་ཆུ་སེར་གྱི་ནང་དུ་སྔར་དང་མི་འདྲ་བའི་ཟས་བཅུདProtein ཞིག་མངོན་གྱི་ཡོད་ན་དེ་ནི་ནད་ཅན་ཞིག་ཡིན་ལ་སྐབས་འདིའི་དྭངས་མ་བདུན་བརྒྱུད་ ཀྱི་འཇུ་བྱེད་ཀྱི་བཟོ་བསྐྲུན་ལ་སྐྱོན་ཡོད་པ་གསལ་པོ་རེད། དཔེར་ན་ཇ་ཐང་དྭངས་མ་དགོས་པ་ལ་ཇའི་ནང་ཇ་རོ་ཡོད་ན་ཇ་དེ་འཚག་བྱེད་ཀྱི་ཡོ་ཆས་དེ་ལ་སྐྱོན་ཡོད་པ་གསལ་པོ་རེད། དེར་བརྟེན་སྐབས་འདིར་ཁ་ཟས་གང་ཟོས་པ་དེ་ཐོག་མར་བད་ཀན་མྱག་བྱེད་དག་གིས་མྱགས་མ་ནུས་བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་འཇུ་མ་ནུས། ཐ་མར་མེ་མཉམ་རླུང་གིས་དྭངས་མ་དང་སྙིགས་མ་སོ་སོར་འབྱེད་མ་ནུས་པས་ཁ་ཟས་ཀྱི་སྙིགས་མའམ་དྲི་མའམ་བཙོག་པ་དྭངས་མ་འཇུག་པའི་རྩ་མིག་ཏུ་ཤོར་ནས་མཆིན་པར་སོང་བ་དེར་མཁྲིས་པ་མདངས་སྒྱུར་གྱིས་ཟུངས་ཁྲག་ལ་བསྒྱུར་མ་ཐུབ་པར་ཡུན་རིང་གནས་ནས་ཁྲག་ངན་ཆུ་སེར་ཞེས་ཡོངས་གྲགས་ལྟར་ཁྲག་ངན་དེས་མཁྲིས་པ་འཕེལ། མཁྲིས་པ་དེས་ཆུ་སེར་ངན་པ་སྙིགས་མ་ཅན་གྱི་ཟས་བཅུད(Protein)རྒྱུན་གཏན་མིན་པ་དེ་བྱུང་བར་བསམ།
Virus ཞེས་པའི་ནད་འབུ་ཕྲ་མོ།
Virus ཞེས་པ་འདི་ཤིན་ཏུ་ཕྲ་བའི་ནད་འབུ་འགོས་ཚབས་ཅན་སྲོག་ལྡན་གཞན་ལ་མ་བརྟེན་པར་ འཚོ་བ་དང་འཕེལ་བསྐྱེད་མི་ཐུབ་པ་ཞིག་ལ་ཟེར། དེ་འདྲ་ཞིག་རྙེད་པ་དེ་ལHepatitis B Virus ཞེས་བཤད་པ་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་ནང་མཐོང་བའི་ཆ་ནས་ཞུ་མི་ཐུབ་ཀྱང་། བོད་ཀྱི་གསོ་བ་རིག་པའི་གཞུང་དུ་སྲིན་གྱི་རིགས་མ་གསུངས་པའམ་ངོས་ལེན་མེད་པ་མ་ རེད། རྒྱུད་དུ་ནད་སྲིན་རིགས་ཀྱི་ལེའུ་ཟུར་དུ་གསུངས་ཡོད། དེ་ཡང་ཉེས་པ་གསུམ་དང་སྦྱར་ཏེ་རླུང་སྲིན། མཁྲིས་སྲིན། བད་སྲིན་ཞེས་དེ་རེ་རེ་ལའང་ནང་གསེས་ཀྱི་དབྱེ་བ་ཤིན་ཏུ་མང་པོ་དང་ནད་རྐྱང་པ་ ལྡན་འདུས་ཀྱི་རྣམ་པ་གང་ཡང་གསར་དུ་གྲུབ་ཕྱིན་ཆད་དེ་དེར་བརྟེན་པའི་སྲིན་གྱི་ རིགས་ཤིག་སྐྱེས་ཀྱི་ཡོད་པས་མདོར་ན་ལུས་ལ་སྲིན་འབུ་བརྒྱད་ཁྲི་ཙམ་གྱིས་ལུས་ འདི་སྲིན་གྱི་གོང་བུ་ལྟ་བུར་སྣང་བ་གསུངས་ཡོད།
Virusཞེས་པ་དེ་ནད་འབུ་ཕྲ་མོ་ཞིག་ཡིན་པར་བཤད་པ་ལྟར་བོད་ཀྱི་གསོ་བ་རིག་པར་སྲིན་རྣམས་ཉེས་པ་གསུམ་དང་སྦྱར་ནས་གསུངས་དགོས་པ་དེར་དམིགས་བསལ་དཔྱད་ཞིབ་དགོས་པའི་གནད་འགག་ཅིག་རེད་བསམ་གྱི་འདུག དེས་བོད་ཀྱི་གསོ་བ་རིག་པའི་གསོ་བཅོས་ཀྱི་ལྟ་བ་ཇི་ཡིན་གསལ་པོ་སྟོན་པ་དང་། ནད་སྲིན་དེ་རྣམས་ཀྱང་རྟེན་ཉེས་པ་གང་ཡིན་དང་བསྟུན་ནས་བཅོས་སེལ་བྱེད་པ་ལས་ནད་འབུ་དེ་རྐྱང་པ་བསད་གསོད་ཀྱི་ཚིག་འདི་བོད་ཀྱི་གསོ་བ་རིག་པའི་གཞུང་ལ་ཧ་ལམ་ཡོད་པ་མ་རེད། དཔེར་ན་སྲིན་སྨན་འཆི་མེད་སྲིན་སེལ་ཞེས་པའི་ཐ་སྙད་ཀྱི་གོ་དོན་ལས་བོད་ཀྱི་ གསོ་བ་རིག་པའི་གསོ་བཅོས་ཀྱི་ལྟ་བ་ཡང་དག་པ་དེ་ཤུགས་ལས་གསལ་པོར་ཤེས་ཐུབ། སྐབས་རེ་དངོས་པོའི་ནུས་པའི་ཐོག་ནས་སྨན་རྒྱུ་བྱེ་བྲག་པས་སྲིན་གསོད་ཅེས་ཡོད་པའང་དེ་ནི་དངོས་པོ་དེར་སྲིན་གསོད་པའི་ནུས་པ་ཞིག་ཡོད་པར་བསྟན་པ་ལས་སྨན་སྦྱོར་གྱི་སྐབས་སུ་སྨན་ནུས་འཇམ་བཙལ་བ་སོགས་ཀྱི་རིག་པས་སྲིན་དེ་གསོད་པ་མ་ཡིན་པར་སེལ་བའི་ཐབས་དང་དམིགས་པས་བོད་ཀྱི་གསོ་བ་རིག་པའི་ལྟ་གོམས་སྤྱོད་གསུམ་དང་འབྲེལ་བའི་ལག་ལེན་བཟང་པོ་ཞིག་རེད་བསམ་གྱི་འདུག
དེ་ཡང་སྨན་ནི་ཕན་པའི་དོན་དང་སྨན་པ་ནི་ཕན་པར་བྱེད་མཁན་གྱི་གང་ཟག་དེ་ལ་གོ་དགོས་ པས་རྒྱུད་དུའང་། འབུ་སྲིན་སོགས་ཀུན་རྟག་ཏུ་རང་འདྲར་བལྟ། །ཞེས་དང་། གོམས་པ་ཚད་མེད་བཞི་ཡི་ངང་དུ་གནས། །གསུངས་པ་ལྟར་ནད་འབུ་གསོད་པའི་ཀུན་སློང་གི་ཐོག་ནས་གསོ་དཔྱད་སྦྱར་ན། སྦྱར་བའི་སྨན་དང་སྦྱོར་མཁན་གྱི་སྨན་པ་གཉིས་ཀ་མིང་དོན་མཚུངས་པའི་སྨན་དང་སྨན་པར་འགྲོ་གི་ཡོད་མེད་ཀྱང་སོམ་ཉི་རེད་བསམ།
སྐབས་རེHepatitis Bནད་གཞིའི་སྐོར་འཕྲོས་མོལ་ཡོང་དུས་སྨན་བཅོས་ཀྱི་རྗེས་ནད་འབུ་དེ་ད་དུང་ཡོད་པར་སྣང་བར་བརྙད་དེ་ནད་འབུ་དེ་གསོད་བྱེད་ཀྱི་སྨན་ཤུགས་ཆེ་རུ་གཏོང་དགོས་སྐོར་གོ་བསྡུར་ཡོང་མི་སྲིད་པ་མ་རེད། དཔེར་ན་རྒྱུད་དུ། གསོ་བྱེད་ཀྱི་གཉེན་པོ་ཞེས་པའི་ཐ་སྙད་འདི་སྦྱར་བའི་སྐབས་སུའང་སྔོན་བྱོན་བོད་ཀྱི་གསོ་རིག་མཁས་དབང་རྣམ་པས་གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་ཞེས་པར་རྒྱུད་དུ་གསལ་བའི་སྐྱེ་རྒྱུན་གཅོད་པའི་སྦྱོར་བ་དེ་གསོ་བྱེད་གཉེན་པོའི་རྣམ་གྲངས་སུ་རྩིས་མེད་པའི་རྒྱུ་མཚན་གྱིས་བོད་ཀྱི་གསོ་བ་རིག་པའི་གསོ་དཔྱད་ཀྱི་ལྟ་བ་ཡང་དག་དེ་ཤུགས་ལས་རྟོགས་ཐུབ།
ནད་སྲིན་རྣམས་ཉེས་པ་གསུམ་དང་སྦྱར་དགོས་དོན་ནི། རྒྱུད་དུ། འོན་ཀྱང་ཉེས་པ་གསུམ་ལས་ནད་མི་འདའ། །གནོད་བྱ་བཅུ་ལས་ནད་ཀྱི་གནས་མི་འདའ། །དཔེར་ན་འདབ་ཆགས་བྱ་ཡིས་གར་འཕུར་ཡང་། །ནམ་མཁའི་མཐོངས་ལས་འཕུར་ས་མེད་པ་བཞིན། །བད་རླུང་གྲང་ལ་ཁྲག་མཁྲིས་ཚ་བས་ན། །དུ་མར་ཕྱེ་ཡང་ཚ་གྲང་གཉིས་སུ་འདུས། །ཞེས་པ་དང་། སྲིན་དང་ཆུ་སེར་ཚ་གྲང་ཐུན་མོང་གནས། །ཞེས་པའང་གསུངས་པས་སོ།།
མིའི་ལུས་ཀྱི་ནད་འབུ་ཕྲ་མོ་དེ་རྣམས་སྔར་མེད་གསར་དུ་སྐྱེས་པའམ་སྔར་ཡོད་འཁྲུགས་ནས་ ནད་དུ་ཇི་ལྟར་འགྱུར་ཚུལ་ཡང་རྒྱུད་དུ། རྐྱེན་མེད་རྒྱུ་ལས་འབྲས་བུ་བྱུང་མི་སྲིད། །གསུངས་པ་ལྟར་ནད་སྲིན་དེ་རྣམས་རྐྱེན་མེད་པར་རྒྱུ་ལས་འབྲས་བུའི་ཚུལ་དུ་བྱུང་ བ་ནི་མི་སྲིད་དོ། །ཟས་སྤྱོད་སོགས་སྨན་ལྷག་ལོག་པའི་རྐྱེན་གྱིས་ཉེས་གསུམ་འཕེལ་ཟད་འཁྲུག་གསུམ་ གང་རུང་དུ་ནད་ཀྱི་ངོ་བོར་གྱུར་ནས་གནོད་བྱ་མ་རུང་བ་དྲི་མ་ཅན་དུ་གྱུར་པ་དེར་ དེ་མཚུངས་ཀྱི་ནད་སྲིན་ཉེས་པའི་ཁམས་དང་མཐུན་པ་སྐྱེས་པ་ནི། རྒྱུད་དུ། དེ་ལ་རྐྱེན་ནི་རླུང་མཁྲིས་བད་ཀན་གསུམ། །སྐྱེད་མཆེད་ཡུལ་དུས་ཟས་སྤྱོད་གདོན་རྐྱེན་གྱིས། །སྲིན་འཁྲུག་ལུས་ཟུངས་ཟོས་པས་གཉན་ནད་འབྱུང་། །གསུངས་པ་ལྟར་དང་། མཐོང་ཆོས་སུའང་། ཟས་ལྷག་སོགས་གང་བྱུང་དུ་ཟགས་པ་འཕྲལ་འཕྲལ་གཙང་སེལ་མ་བྱས་ཚེ་དེའི་ཐོག་འབུ་འཁོར་བའམ་སྐྱེས་པ་ཤོད་པ་དང་ཡང་ཆུ་ཡུར་སོགས་འགགས་ཡོད་ན་ཆུ་སྙིགས་བཙོག་པ་འཁྱིལ་ནས་རིམ་པས་འབུ་སྐྱེས་ནས་ནད་བསྐྱེད་པ་ནི་དེང་སང་ཡོངས་གྲགས་འཕྲོད་བསྟེན་ལམ་སྟོན་ནང་གསལ་བ་བཞིན། རྟེན་བཙོག་སྙིགས་ཀྱི་དྲི་མ་དེ་ཕྱི་ནང་གང་དུ་ཡོད་ནའང་བཙོག་པ་ཡིན་པས་དེ་ལས་ནད་དང་ནད་འབུ་སྐྱེ་བ་དང་མེད་ན་མི་འབྱུང་བའི་རྒྱུ་མཚན་གྱིས་བདེ་ཐང་དུ་གནས་ཐུབ་པ་ནི་གོང་དུ་རྒྱུད་ལས། རྐྱེན་མེད་རྒྱུ་ལས་འབྲས་བུ་བྱུང་མི་སྲིད། །ཅེས་པའི་འབྲས་བུ་ནད་དང་ནད་སྲིན་མི་འདོད་ན། རྒྱུ་བཙོག་སྙིགས་བསལ་དགོས་པ་ན། དེ་ཡང་རྒྱུད་ལས། རྒྱུ་མ་བཀག་པར་འབྲས་བུ་ཁེགས་མི་སྲིད། །ཅེས་དང་། ཡང་། རྒྱུ་མ་བཅོས་པར་འབྲས་བུ་གསོ་འདོད་པ། །དུག་རྩ་མ་ཕྱུངས་ལོ་མ་བཅད་བསྐྱུར་འདྲ། །ཞེས་དང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་གསུངས་པ་ལྟར། ནད་སྲིན་རྟེན་པའི་ཉེས་པ་ཇི་བཞིན་གཙོ་བཅོས་བྱས་ན་སྲིན་བུ་ངང་གིས་བསལ་འགྲོ་བ་ ཡང་རྒྱུད་དུ། དཔེར་ན་རྐུན་མོ་བསྟེན་པའི་རྗེ་བོ་བཞིན། །ཞེས་གསུངས་པས་སོ། །སྐབས་རེ་སྣང་དུ་ཡོད་པའི་ཕྱི་ལུགས་བརྟག་དཔྱད་ལ་ནད་སྲིན་དེ་སྔ་ཡོད་པ་མེད་པར(Negative)གྱུར་ན་ཡང་ནད་རྟགས་རྣམས་བསྐྱེད་མེད་དུ་གྱུར་པའི་རིགས་ཀྱང་ཡོད་འདུག མིའི་ལུས་ཁམས་ནང་ཟ་བཏུང་བཙོག་པའི་རིགས་ཤོར་བའམ་ཡང་ན་དམན་ལྷག་ལོག་པ་གང་རུང་ དུ་གྱུར་ནས་ཕོ་བའི་ནང་ཟ་བཏུང་འཇུ་བྱེད་ཀྱི་ལས་ཚུལ་བཞིན་དུ་མ་ཐུབ་པས་མ་ཞུ་བ་ བྱུང་བ་དང། དེ་དྭངས་སྙིགས་གཉིས་སུ་ལེགས་པར་འབྱེད་མ་ཐུབ་པར་སྙིགས་མའམ་བཙོག་པ་དེ་དྭངས་མ་རྒྱུ་བའི་རྩ་མིག་ཏུ་མཉམ་འདྲེས་ཤོར་བ་དེ་ཉིད་མཆིན་པར་འབྱོར་བ་མཁྲིས་པ་མདངས་སྒྱུར་གྱིས་ཟུངས་ཁྲག་ཏུ་བསྒྱུར་མ་ཐུབ་པར་མཆིན་གནས་སུ་རྒྱུན་རིང་ལྷག་ནས་ངན་ཁྲག་དང་ཆུ་སེར་ངན་པ་འཕེལ་བའི་ནད་དང་ནད་སྲིན་བསྐྱེད་པར་བྱེད་པ་དེ་ཕྱི་ལུགས་ཀྱི་འཕྲུལ་ཆས་ཀྱི་ཆེ་ཤེལ་ནང་རྙེད་པ་དེ་ཡོད་པར་ཁས་ལེན་བྱ་རྒྱུའི་ཐོག་བོད་ཀྱི་གསོ་བ་རིག་པའི་གཞུང་དུའང་ནད་སྲིན་སྐོར་གནའ་སྔ་མོ་ནས་གསུངས་ཡོད་པ་དེ་དོན་ལ་གནས་པའི་གསལ་ཆ་ཞིག་ཀྱང་རེད་བསམ་གྱི་འདུག
ཕྱི་ལུགས་ལའང་ནད་སྲིན་ཡོད་པར་སྣང་བ་ཙམ་མིན་པར་དེའི་རྒྱུ་རྐྱེན་ཇི་ཡིན་ཞིབ་འཇུག་གནང་རྒྱུའང་གསོ་བཅོས་དང་འབྲེལ་བས་གལ་ཆེན་པོ་མིན་ནམ་སེམས། སྐབས་རེ་ནད་འབུ་ཡོད་པ་སྣང་བ་དེ་ཕུགས་དེད་ཀྱིས་རྒྱུ་རྐྱེན་རྩད་གཅོད་སྐབས་གསལ་པོ་མེད་པའི་རིགས་ཀྱང་ཡོང་གི་འདུག་པ་ནི། དཔེར་ནHIVནད་འབུ་དེ་སྤྲེའུ་ནས་བྱུང་བ་དང་སྤྲེའུ་ལ་དེ་གང་ནས་བྱུང་ཡོད་མེད་གསལ་པོ་གསུང་རྒྱུ་མིན་འདུག དེ་འདྲ་བོད་ཀྱི་གསོ་བ་རིག་པར་སྲིན་བུ་འཁྲུགས་པའི་ནད་ཀྱིས་མི་བདེ་བ་ཡོད་པ་དེའི་འཁྲུགས་པའི་གནས་ཀྱིས་སྲིན་བུ་ཉེས་པ་གང་དང་བསྡོངས་པ་ཡིན་མིན་ངོས་བཟུང་རྗེས་སྨན་བཅོས་བྱས་ན་ཕན་ཐོགས་ཆེ་བ་མཐོང་། དེ་མིན་ནད་སྲིན་ཡོད་དོ་ཅོག་ལ་ནད་བརྒྱ་སྨན་གཅིག་ལྟ་བུ་སྲིན་སྨན་གཅིག་གིས་འཐུས་པ་ནི་ལུགས་གང་ལའང་མ་མཐོང་།
ཕྱི་ལུགས་པསHepatitis Bནད་གཞི་འདི་གནས་ཁ་དང་བཤང་ལམ། མཚན་མ། ཁྲག་སོགས་དང་ཡང་ཕ་མའི་བརྒྱུད་འགོས་ཀྱི་ཡོད་པ་བཤད་པ་བཞིན་བོད་ཀྱི་གསོ་བ་རིག་ པར་འཁྲུགས་པའི་གནས་ཀྱིས་སྲིན་འབུའི་ནད་རིགས་བརྟག་ཅེས་གསུངས་པའི་མཁྲིས་ནད་ དང་བསྡོངས་པའི་སྲིན་དེ་རྒྱུད་དུ། མཁྲིས་སྲིན་སོ་མིག་པགས་གཞང་མཚན་མར་གནས། །ཞེས་གསུངས་པའི་གཙོ་བོ་སོ་དང་མིག་དང་པགས་པ། གཞང་དང་མཚན་མར་གནས་པ་དང་། མཁྲིས་གནས་ཁྲག་ཡིན་པས་ཁྲག་སྲིན་དང་ཡང་འབྲེལ་བ་ཆགས་ཡོད། འགོས་སྟངས་ཀྱང་འོ་བྱེད་པ་དང་འཁྲིག་སྦྱོར། ཁྲག་གསབ་སོགས་བརྒྱུད་འགོ་བ་དང་། ཕ་མའི་ས་བོན་ཉེས་པ་རླུང་མཁྲིས་བད་ཀན་གསུམ་གང་གི་སྐྱོན་དང་ལྡན་པ་དེའི་ས་བོན་ སྐྱོན་ཅན་ལས་བུའི་ལུས་ནང་ནད་གཞི་དེ་ལྟར་དུ་འཕེལ་བའང་བཤད་ཡོད་པས་ན་ཕྱི་ལུགས་ནས་བཤད་པའི་ནད་སྲིན་དང་གནས་དང་ནད་གཞི་འགོས་སྟངས་དང་བོད་ཀྱི་གསོ་བ་རིག་པ་ནས་ བཤད་པ་གཉིས་མཚུངས་བསྡུར་གྱི་རིག་པས་ཆེས་མི་འདྲ་བ་ལྟ་བུ་མ་མཐོང་།
མདོ་དོན། ལུས་ནང་སྲིན་བུ་བརྒྱད་ཁྲི་ཡོད་པར་བཤད་པ་དག་སྨན་གྱིས་གསོད་ཀྱང་མི་ཐུབ། བསད་ཀྱང་ཕན་པ་ལས་ཉེན་ཆེ་བ་ནི་དཔེར་ན་ཁྲག་སྲིན་ལྟ་བུ་རྒྱུན་དུ་ལུས་ལ་སྒྱུ་རྩལ་སོགས་ཀྱི་ཕན་པའི་ལས་བྱེད་པ་དང། འཁྲུགས་པའི་རྐྱེན་གྱིས་གཉན་ནད་ཀུན་དང་། མཛེ་ནད་ཀྱི་རྒྱུ་བྱེད་པར་གསུངས་པས་ན་འཁྲུག་བྱེད་ཀྱི་རྒྱུ་དེ་འགོག་པའམ་བཅོས་ཐབས་བྱ་རྒྱུ་དེ་གལ་ཆེན་པོ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com