སྒྱུ་རྩལ་གྱིས་མིའི་ལུས་སེམས་ལ་ཐེབས་པའི་གསོ་བཅོས་ནུས་པ་རགས་ཙམ་གླེང་བ།

རྩོམ་པ་པོ།:བདེ་མཆོག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-09 15:08:00 ཀློག་གྲངས།:
གསུམ་པ། གསོ་རིག་དང་སྒྱུ་རྩལ་འབྲེལ་བའི་ཕན་ཡོན། 
        མི་ན་བར་གནས་པར་འདོད་པས་གསོ་རིག་ལ་སྦྱངས་དགོས་པར་གསུངས་པ་ལྟར། གསོ་རིག་དང་འབྲེལ་བས་མིས་བདེ་བ་སྙེག་ཐུབ་ཅིང༌། རང་ཅག་གི་གསོ་རིག་འདི་ཉིད་བདེ་བ་སྒྲུབ་བྱེད་ཀྱི་རིག་གཞུང་ཞིག་ཡིན་པའང་མིའི་ལུས་སེམས་གཉིས་དང་འབྲེལ་བ་སྨོས་མི་དགོས་ཏེ། འདིའི་སྐོར་གྲུབ་པ་ལུས་ལས། ཆགས་ཚུལ་མཚན་ཉིད་གནས་ལུགས་དང་བཅས་གསལ་བོར་བསྟན་ལ། ལུས་ཉིད་འདྲ་བའི་དཔེ་དང་སྦྱར་ཏེ་གསུངས་པ་སྒྱུ་རྩལ་གྱི་ཐབས་སྤྱད་པས་ཀུན་ནས་ཁྱད་དུ་འཕགས་པ་དང༌། ལུས་ཀྱི་འཇིག་ལྟས་སུ་རྨི་ལམ་སྣ་ཚོགས་འབྱུང་བ་ནི་སེམས་ཀྱི་བག་ཆགས་ལས་བྱུང་བའམ་དབང་བོའི་ནུས་པ་ཐིམ་པས་རེག་བྱ་ལ་སོགས་ཀྱི་ཚོར་ཤེས་ཟད་དེ་ཉེས་པའི་ལས་བྱེད་པའི་རྟགས་རེད། དབང་བོ་མེད་པས་འདོད་ཡོན་མྱོང་མི་ཐུབ་པ་དང་འདོད་ཡོན་མྱོང་མ་ནུས་པས་སྲོག་འཚོ་བའི་སྐལ་བ་རྫོགས་པ་རེད། འཆི་ལྟས་ལས། ཤིན་ཏུ་ཉེ་བ་འབྱུང་བ་རྣམ་པ་ལྔ། །དབང་བོ་ལྔ་བོ་རིམ་པས་ཐིམ་པ་སྟེ། །ས་ནུས་ཆུ་ལ་ཐིམ་པས་གཟུགས་མི་མཐོང༌། །ཆུ་ནུས་མེ་ལ་ཐིམ་པས་བུ་ག་སྐམ། །མེ་ནུས་རླུང་ལ་ཐིམ་པས་དྲོད་རྣམས་སྡུད། །རླུང་ནུས་མཁའ་ལ་ཐིམ་པས་ཕྱི་དབུགས་ཆད། །མིག་གི་དབང་བོ་ཉམས་པར་གྱུར་པ་ཡིས། །གཟུགས་མི་གསལ་ཞིང་སྒྲ་ལ་ཐིམ་པར་འགྱུར། །རྣ་བའི་དབང་བོ་ཉམས་པར་གྱུར་པ་ཡིས། །སྒྲ་མི་གསལ་ཞིང་དྲི་ལ་ཐིམ་པར་འགྱུར། །ལྕེ་ཡི་དབང་བོ་ཉམས་པར་གྱུར་པ་ཡིས། །རོ་མི་གསལ་ཞིང་རེག་ལ་ཐིམ་པར་འགྱུར། །ལུས་ཀྱི་དབང་བོ་ཉམས་པས་རེག་མི་ཚོར། །ཞེས་གསུངས་པ་ལས་ཤེས་ཏེ། གཟུགས་མཐོང་ཞིང་སྒྲ་དྲི་རོ་རེག་བྱ་རྣམས་ཚང་བ་དང་དབང་བོ་མ་ཉམས་པས་ད་གཟོད་སྲོག་འཚོ་བར་ནུས་པ་དང༌། དབང་བོ་མ་ཉམས་པའང་འདོད་ཡོན་དང་བསྟེན་པས་འཚོ་བའི་ཡུན་བསྲིངས་ནུས་པ་སྟེ། དཔེར་ན། མི་ཞིག་མུན་ཁུང་དུ་ཡུན་རིང་དུ་སྡོད་མི་བཟོད་པ་ལྟ་བུ་རེད། དེ་བས་སྒྱུ་རྩལ་དང་འབྲེལ་བའི་བཅོས་ཐབས་ཀྱང་ཤིན་ཏུ་གལ་ཆེ་སྟེ། ཀློག་པ་བོ་ཞེས་པའི་དེབ་ཅིག་ཏུ། གློག་བརྙན་དང་བརྩམས་སྒྲུང་གི་ནང་དོན་ལ་བསྟུན་ནས་དུས་ཚོད་གཉིས་ལ་ངུ་ཤོམ་བྱས་པས་དགོང་མོ་གཉིད་ཤིན་ཏུ་བདེ་ཞིང་ལུས་སེམས་ཀྱི་བདེ་ཐང་ལ་ཕན་པ་ཆེན་པོ་འདུག་ཟེར། ཡང་སྐྱབས་མགོན་ཉིད་ཀྱིས། ལུས་ཀྱི་འཕྲོད་བསྟེན། རྒྱུ་ནོར་ལོངས་སྤྱོད། གྲོགས་བཟང་བོ་བཅས་གསུམ་ནི་བདེ་སྐྱིད་ཀྱི་ཆ་རྐྱེན་ཡིན་ཞིང་ཞེས་གསུངས་པའང་རླུང་ནད་ཅན་གྱིས་ཡིད་འོང་གྲོགས་བསྟེན་དགོས་པ་དང་ཤིན་ཏུ་མཐུན་ལ། གྲོགས་བཟང་བོའི་ངག་ཚིག་སྙན་མོ་ཡིད་ལ་འབབ་པ་དང༌། རོལ་དབྱངས་སྙན་མོར་ལོངས་སྤྱོད་པས་སེམས་བདེར་འབེབ་ཐུབ། སྒྲ་སྡུད་འཕྲུས་ཆས་ལས་འཇིག་རྟེན་སྟེང་ཆེས་མཛེས་པའི་སྐད་ཆ་ནི་རོལ་དབྱངས་རེད་ཅེས་དང༌། པཎ་ཆེན་མཆོག་གིས་སྐད་ཆ་ནི་སྒྱུ་རྩལ་ཞིག་ཡིན་ཞེས་པས་སྐད་ཆའི་སྒྱུ་རྩལ་གསོ་ རིག་དང་འབྲེལ་བས་ཕན་པ་ཤིན་ཏུ་ཆེ་བ་ཚོར། དེ་ནི་ངོས་བཟུང་རྟགས་ལས་ངན་གཡོ་སྐྱོན་བརྟག་དང་ཁ་དམར་གདགས་པ་ལྟ་བུ་རེད། གསོ་བ་རིག་པའི་ནང་དོན་ནི་གསོ་བྱ། གསོ་བྱེད། ཇི་ལྟར་གསོ་བ། གསོ་བ་བོ་བཅས་རེད་དེ། གསོ་བྱར་ནད་ཇི་ལྟར་བྱུང་བ་ནི་ཕྱི་ནང་གི་འབྱུང་བས་གྲུབ་པ་དང༌། འབྱུང་བས་བསྐྱེད་པའི་གཟུགས་ཀྱིས་ནད་བྱུང་མིན་ལ་གྲོགས་བྱེད་པ་ཡིན། གསོ་བྱེད་ནི་སྨན་དཔྱད་སོགས་ཡིན་པས་རོ་དྲུག་དང་བསྐུ་བྱུག་སོགས་ཀྱིས་ཕན་པ་སྟེར་བ་རེད། ཇི་ལྟར་གསོ་བ་ནི་ངོས་བཟུང་རྟགས་དང་གསོ་བྱེད་ཐབས་ཡིན་ལ། ནད་ངོས་འཛིན་དུས་ལྟ་རེག་དྲི་བའང་གཟུགས་སྒྲ་དྲི་རོ་རེག་བྱ་ལ་བརྟག་པ་དང་འདིར་མ་བརྟེན་པས་བརྟག་ཐབས་མེད་པ་ཇི་བཞིན་དང༌། གསོ་བ་བོའང་ངག་ཚིག་སྙན་མོ་དང་ཁ་དམར་གདགས་པ་སོགས་ཀྱིས་སྒྱུ་རྩལ་འདོད་ཡོན་དང་མཐུན་ཞིང་འདོད་ཡོན་ནད་བཅོས་པ་ལ་འབྲེལ་བ་གྲུབ་ཕྱིར་གསོ་རིག་སྒྱུ་རྩལ་དང་འབྲེལ་བས་ཕན་པ་ཤིན་ཏུ་ཆེ་བ་མཐོང༌། འབྲས་སྐྲན་གྱི་ཐོག་མའི་སྔོན་འགོག་ཅེས་པར་ཧབ་དགོད་ཀྱིས་འབྲས་སྐྲན་སྔོན་འགོག་བྱེད་ཟེར་བ་དང༌། ལུས་སེམས་གཉིས་འབྲེལ་ཏེ་བཅོས་པ་ནི་གསོ་བྱའི་སེམས་ཁམས་དང་བསྟུན་ནས་བཅོས་ཤིང་ནད་ཚབས་ཇེ་ཆེར་འགྱུར་བ་སོགས་ཀྱི་ངོ་བོ་ཇེ་ལེགས་སུ་བསྒྱུར་ཐུབ་པ་རེད་ཟེར། སྒྱུ་རྩལ་གྱི་ཕན་ཡོན་ནི་སྒྱུ་རྩལ་བརྩམས་ཆོས་གང་རུང་ཞིག་གམ་ཡང་ན་སྒྱུ་རྩལ་གྱིས་མིའི་རིགས་ལ་ཐེབས་པའི་རིན་ཐང་གིས་མཚོན་ལ། དེའི་ཕན་ནུས་ལ་སྐུལ་འདེད་ཀྱི་ནུས་པ། སྤྲོ་བསང་གི་ནུས་པ། བདེ་བ་མྱོང་ཐུབ་པའི་ནུས་པ། ཁ་གསབ་ཀྱི་ནུས་པ། བསླབ་བྱའི་ནུས་པ། གདེང་འཇོག་གི་ནུས་པ། རྗེས་དཔག་གི་ནུས་པ། ངེས་ཤེས་བསྐྱེད་པའི་ནུས་པ་སོགས་འབྱུང་བས། འདིར་གོང་གི་ནུས་པ་དེ་དག་མཛེས་ཆོས་སྟོན་པའི་ནུས་པ་དང༌། ངེས་ཤེས་བསྐྱེད་པའི་ནུས་པ། སློབ་གསོའི་ནུས་པ། བདེ་བ་མྱོང་ཐུབ་པའི་ནུས་པ་བཅས་ཀྱིས་མཚོན་ནས་གསོ་རིག་དང་སྦྱར་ཏེ་ཕན་པ་ཐོན་ཚུལ་བརྗོད་ན། མཛེས་ཁྱད་སྟོན་པའི་ནུས་པ་དཔེར་ན་སྨན་ཐུན་མཛེས་པར་བཟོས་ཏེ་བྱིན་ན། གཟུགས་མཛེས་པ་མྱོང་བའི་ཚོར་བ་བདེ་བས་སྨན་བཟང་བོ་ཞིག་རེད་སྙམ་པའི་ཡིད་ཆེས་ཀྱིས་ཕན་པ་ལྷག་ཏུ་བསྐྱེད་པ་ལྟ་བུ་དང༌། ངེས་ཤེས་བསྐྱེད་པའི་ནུས་པ་ཞེས་པ་ནི་སྒྱུ་རྩལ་བས་བརྩམས་ཆོས་རྩོམ་པའམ་མྱོང་བའི་སྐབས་སུ་གནས་ལུགས་རྟོགས་པའི་ངེས་ཤེས་བསྐྱེད་པ་དེ་ཡིན་ལ། འདི་ནི་གསོ་བྱེད་ལྟ་རེག་དྲི་གསུམ་ལ་བརྟག་པས་ནད་ཀྱི་གནས་ལུགས་རྟོགས་པ་ལྟ་བུ་དང༌། ཡང་ན་སྨན་ཐང་བརྒྱད་ཅུ་ལ་སོགས་པས་གསོ་རིག་གི་དོན་ཐམས་ཅད་བསྟན་ནས་རྒྱུད་དོན་ལ་ངེས་ཤེས་ལེགས་པར་བསྐྱེད་པ་ལྟ་བུ། སློབ་གསོའི་ནུས་པ་ནི་དཔེར་ན། སྨན་པའི་ནད་ཚབས་ཆུང་ཡང་རང་དགར་བསྐྱུར་མི་རུང་བའི་ཁ་ཏས་སྨན་འཐུང་དགོས་སྙམ་པ་སོགས་ལྟ་བུ། བདེ་བ་མྱོང་ཐུབ་པའི་ནུས་པ་ནི་གྲང་བའི་ནད་ལ་དྲོད་དུ་གྱུར་པ་དང་ཚ་བའི་ནད་ལ་བསིལ་དུ་གྱུར་པའི་སྨན་བསྟེན་པས་ནད་སེལ་བའི་བདེ་བ་མྱོང་བ་ལྟ་བུ་རེད། ལྷག་པར་རོལ་མོ་སྟེ་རྣའི་དབང་བོའི་ཡུལ་དུ་གྱུར་པའི་སྒྲས་ཕན་པ་ཤིན་ཏུ་ལེགས་ཏེ། རོལ་མོ་སྙན་པོས་བ་ལས་འོ་མ་མང་བོ་འབྱུང་བ་དང༌། བྱ་མོས་སྒོ་ང་མང་བོ་གཏོང་བ། རྩི་ཤིང་སྐྱེ་སྟོབས་འབར་བར་བྱེད་པ། རོལ་མོའི་མངལ་ཁྲིད་ཅེས་པས་བུའི་སེམས་ཁམས་དྭངས་པར་བྱེད་པ་དང་བདེ་ཐང་གིས་འཚར་ལོངས་འབྱུང་བར་འགྱུར་རོ། །ཞེས་གསུངས་པ་ལྟར་གསོ་རིག་དང་སྒྱུ་རྩལ་འབྲེལ་ན་ནད་ཐོག་ཏུ་ཕན་པ་རྒྱ་ ཆེར་འབྱུང་བར་གདོན་མི་ཟ་བས་ཞིབ་འཇུག་གི་དོན་སྙིང་ཟབ་མོ་ཡོད་པར་སྙམ་མོ། །

མཇུག་བསྡུ་བ།

        གསོ་རིག་ནི་མིའི་ན་ཚ་སེལ་བར་བྱེད་པའི་རིག་གཞུང་ཞིག་ཡིན་པ་དང༌། འདི་ལ་སེམས་ཀྱི་ནད་དང་ལུས་ཀྱི་ནད་གཉིས་སུ་དབྱེ་ཞིང༌། འདི་གཉིས་ཀྱང་ཕན་ཚུན་ལ་རྟེན་འབྲེལ་གྲུབ་པས་གཅིག་མ་བདེ་ན་གཞན་དེའང་མི་བདེ་བས་འདོད་ཡོན་སྒྱུ་རྩལ་དང་སྦྱར་ཏེ། གཙོ་བོར་སེམས་ནད་བཅོས་ཤིང༌། འདིར་བརྟེན་ནས་ལུས་ནད་ཚབས་ཆེར་འགྲོ་བའི་ཐད་ལ་འགོག་སྲུང་བྱེད་པ་དང༌། དེ་མ་ཚད་རང་གཞུང་དུ་སེམས་ཁམས་སྐོར་ཤིན་ཏུ་རྒྱས་པས་སེམས་ནད་ཀྱི་རིགས་ལ་རླུང་གི་ནད་ཅན་ལ་ཡིད་འོང་གྲོགས་བསྟེན་པ་དང་གདོན་ནད་གསོ་བའི་ཆོ་ག་ཕུན་སུམ་ཚོགས་པ་ལྟ་བུའི་ཕན་འབྲས་མངོན་གསལ་ཐོན་གྱི་ཡོད་པ་ཇི་བཞིན་རེད། ཡང་དཔེར་ན། ཁོ་རེ་ཡའི་བརྩེ་དུང་འཁྲབ་པའི་གློག་བརྙན་ཞིག་ཏུ། ཨ་མ་ལགས། མིའི་སེམས་འདི་ངོ་མ་ཡ་མཚན་ཞིག་རེད་ཅེས་བཤད་པ་ལྟར། མིའི་སེམས་ལ་འགྱུར་པ་སྣ་ཚོགས་ཀྱིས་བདེ་སྡུག་གི་ཚོར་བ་མང་དུ་སྟེར་རྒྱུ་འདུག་པས། ངས་ཀྱང་སེམས་འདི་ཇི་འདྲའི་ལྐོག་གྱུར་ཞིག་རེད་ཨང་སྙམ་ནས་འདིའི་ཕྱོགས་ལ་དཔྱད་པ་ཕྲན་ཙམ་བྱས་པ་ལགས་པས་ནོངས་འགལ་ཅི་ཡོད་སྐྱོན་སེལ་གནང་རོགས་ཞུ།
དཔྱད་གཞིའི་ཡིག་ཆ།
1. གསོ་རིག་རྒྱུད་བཞི། གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས1982ལོའི་ཟླ3པར་པར་དུ་བསྐྲུན།
2. ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་དང་འགྲེལ་བ་བཞུགས་སོ། །ས་པཎ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས1982ལོའི་ཟླ4བར་པར་དུ་བསྐྲུན།
3. མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས2004ལོའི་ཟླ3པར་པར་དུ་བསྐྲུན།
4. མ་ཎི་བཀའ་འབུམ། སྲོང་བཙན་སྒམ་པོས་བརྩམས། ཤིང་པར། སྡེ་དགེའི་པར་གཞི།
5. བྱམས་བརྩེའི་ནུས་སྟོབས། སྐྱབས་མགོན་རིན་པོ་ཆེས་བརྩམས། འབྲས་བློ་གླིང་དཔེ་མཛོད་ཁང༌།
6. དུས་རབས21པའི་བོད་ལུགས་གསོ་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ། མི་རིགས་དཔེ་སྐྲུན་ཁང་གིས2004ལོའི་ཟླ6པར་པར་དུ་བསྐྲུན།
7. འདོད་པའི་བསྟན་བཅོས། དགེ་འདུན་ཆོས་འཕེལ་གྱིས་བརྩམས།
8. ནང་བསྟན་སློབ་དོབ་སྐལ་བཟང་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །ཤེས་རབ་བསྟན་དར་གྱིས་བརྩམས། ཀོས་ནན་ནང་བསྟན་མཐུན་ཚོགས།
《南传佛教基本教义》 田比耶达西著 方之译 发音发行组发行 1993年第1版
《荣格性格哲学》荣格著 李德荣编译 九州出版社 2003年10月第1版
《弗洛伊德性格哲学》弗洛伊德著 杨音 召刚译 九州出版社2005年9月第1版
《基础心理学》沈德立编 华东师范大学出版社2003年8月第1版
《医学心理学》汪勇 王明旭主编 陕西人民出版社1998年第1版
《文艺心理学教程》童庆炳 程正民主编 高等教育出版社2004年1版
《美学原理》杨辛 甘霖主编 北京大学出版社)(第三版)
《艺术概论》高师《艺术概论》教材编写组 高等教育出版社 1999年6月第1版
《癌症的早期预防》郭振昌 樊海宁 编著 青海人民出版社 1998年第1版

བདེ་མཆོག ཨ་མདོ་མང་རའི་མི་ཡིན་ཞིང་བོད་ལྗོངས་གསོ་རིག་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནས་ཞིབ་འཇུག་སློབ་མའི་བསླབ་བྱ་མཐར་ཕྱིན་ནས་ད་ལྟ་མཚོ་སྔོན་སློབ་ཆེན་དུ་དགེ་རྒན་གནང་བཞིན་ཡོད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།