སྒྱུ་རྩལ་གྱིས་མིའི་ལུས་སེམས་ལ་ཐེབས་པའི་གསོ་བཅོས་ནུས་པ་རགས་ཙམ་གླེང་བ།

རྩོམ་པ་པོ།:བདེ་མཆོག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-09 15:08:00 ཀློག་གྲངས།:

སྒྱུ་རྩལ་གྱིས་མིའི་ལུས་སེམས་ལ་ཐེབས་པའི་གསོ་བཅོས་ནུས་པ་རགས་ཙམ་གླེང་བ།
      མང་རའི་བདེ་མཆོག

        ནད་ནི་མིའི་སེམས་ཁམས་ལ་བརྟེན་ནས་བྱུང་བ་ཡིན་ལ། མིའི་སེམས་ཁམས་ལ་དགའ་སྐྱོ་ཆགས་སྡང་དང་ཉོན་མོངས་ཀྱིས་བསླད་པའི་དབང་གིས་སྒྱུ་རྩལ་བརྩམས་ཆོས་ཀྱི་རྣམ་པའང་སྣ་ཚོགས་སུ་སྣང༌། སྒྱུ་རྩལ་ཉམས་སུ་མྱོང་མཁན་གྱི་སེམས་ལའང་དེ་ལས་འཕྲོས་པའི་དགའ་སྐྱོ་ཆགས་སྡང་གི་ཤན་ཤུགས་ཐེབས་ཤིང་རང་ཉིད་ཀྱི་སེམས་ན་ཡིབ་པའི་ཉོན་མོངས་ཀྱི་བག་ཆགས་དེ་སད་པར་འཇོག་ཕྱིར། མིའི་ལུས་སེམས་གང་རུང་ལ་སྡུག་བསྔལ་དང་བདེ་བའི་ཚོར་བ་འབའ་ཞིག་སྟེར་བར་བྱེད་པ་སྟེ། འཇིག་རྟེན་ཆོས་བརྒྱད་ལས་རྙེད་ན་དགའ་བ་དང་མ་རྙེད་ན་མི་དགའ་བ། བསྟད་ན་དགའ་བ་དང་མ་བསྟད་ན་མི་དགའ་བ། སྙན་ན་དགའ་བ་དང་མ་སྙན་ན་མི་དགའ་བ་སོགས་ནི་འཇིག་རྟེན་སེམས་ཅན་གྱི་ཁྱད་ཆོས་སམ་ངོ་བོ་ཡིན་པས། ན་ཚའི་སྡུག་བསྔལ་གྱིས་ཀུན་ནས་མནར་བའི་ནད་པ་དག་ལ་མཚོན་ན་རྟེན་གཞིའི་ལུས་འཕེལ་ཟད་འཁྲུགས་པའི་དབང་གིས་བརྟེན་པ་སེམས་ཀྱང་འཕེལ་ཟད་འཁྲུགས་པ་གང་རུང་དུ་ངེས་པས་གོང་གི་ཁྱད་ཆོས་དེ་དག་ཀུན་ནས་ཀྱང་འབུར་དུ་ཐོན་པ་ཡིན་ནོ། །དེ་ཕྱིར་ང་ཚོས་ནད་པའི་སེམས་དགའ་བ་དང་མི་དགའ་བའི་དབྱེ་བ་དང་བསྟུན་ནས་ཡིད་འོང་གི་ཁོར་ཡུག་བསྐྲུན་པའམ། མཛེས་པའམ་སྙན་པ་ཡིད་དུ་འོང་བ། འཇམ་པ་ཞིམ་པ་སོགས་བབ་གང་མཐུན་གྱིས་ནད་པའི་སེམས་བདེར་ཕབ་ཅིང་ལྷོད་ན་དེ་ཉིད་ལ་སེམས་ཀྱི་ཐེག་ཆུང་བས་སྨན་དཔྱད་ཀྱི་གསོ་བཅོས་ལ་ཕན་པ་ལྷག་མེད་བསྐྲུན་ཐུབ་པར་སྙམ། དེ་བས་བྱ་བྱེད་སྨན་པའི་ལེའུར། ངག་ཚིག་སྙན་མོས་ནད་པ་སྤྲོ་སྐྱེད་ནུས། །ཞེས་གསུངས་པ་ལྟར་སྐད་ཆའི་སྒྱུ་རྩལ་གྱི་ནུས་པ་ཁྱད་དུ་འཕགས་པ་དང༌། སྨན་པའི་སྐད་ཆ་ལེགས་པས་ནད་པར་ཡིད་ཆེས་དང་དགའ་སྤྲོ་སྟེར་ཏེ། སྨན་པས་ནད་པ་མཐོང་མ་ཉིད་དུ་དེ་རིང་ངོ་མདངས་ཡག་པ་ལའང་ཞེས་པ་ལ་སོགས་པའི་ཚིག་གིས་ནད་པ་འཛུམ་དམུལ་ལེར་བྱེད་པ་དང༌། ནད་པ་ཡང་ཡིད་སེམས་སྤྲོ་ནས་སྨན་པར་སྙིང་ཉེ་བོ་བྱེད་པ་ལྟ་བུ་རེད། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རི་མོའི་སྒྱུ་རྩལ་ལ་བརྟེན་ནས་མི་གཤིས་ཀྱི་ཁྱད་ཆོས་ངོས་འཛིན་པ་དང༌། དེ་ལས་མིའི་རང་གཤིས་དང་བསམ་བློའི་འཁྱེར་སོ་ལ་དབྱེ་ཞིབ་བྱས་ནས། མི་གཞན་འབྲི་བའམ་རང་ཉིད་བྲིས་ནས་མི་དེའི་སེམས་ནད་ངོས་འཛིན་པ་དང་གསོ་བཅོས་བྱེད་པ་རེད། ཨ་རིའི་སྒྱུ་རྩལ་གསོ་བཅོས་ཚོགས་པ་དང་དབྱིན་ཇིའི་སྒྱུ་རྩལ་གསོ་བཅོས་ཚོགས་པ་གཉིས་ཀྱིས་སྒྱུ་རྩལ་གྱི་གསོ་བཅོས་ལ་བཀོད་པའི་ངེས་ཚིག་ཕྱོགས་བསྒྲིགས་ལས། སྒྱུ་རྩལ་གྱི་བཅོས་ཐབས་ཞེས་པ་ནི། (༡)སྒྱུ་རྩལ་གྱི་བྱ་འགུལ་སྤེལ་བར་བྱེད་པ་ཡིན། དཔེར་ན། རི་མོ། རོལ་མོ། གར། བརྐོས་རིས། རྫ་ཆས་སོགས་ཡིན། (༢)སེམས་ཁམས་རིག་པ་དང་སྒྱུ་རྩལ་གྱི་གཞུང་ལུགས་ཀྱིས་རྨང་གཞི་བྱེད་པ་སྟེ། དཔེར་ན། སེམས་ཁམས་དབྱེ་ཞིབ་ཀྱི་གཞུང་ལུགས་དང༌། སེམས་ཁམས་འཕེལ་རྒྱས་ཀྱི་གཞུང་ལུགས་དང༌། མིག་དབང་གི་ཚོར་ཤེས་གཞུང་ལུགས་སོགས་ཡིན།(༣)གསོ་བ་བོ་དང་གསོ་བྱ། སྒྱུ་རྩལ་བརྩམས་ཆོས་གསུམ་ཕན་ཚུན་འབྲེལ་བའི་རྨང་གཞིའི་སྟེང་བསྐྲུན་པ། དཔེར་ན། གསོ་བ་བོ་དང་གསོ་བྱ་བར་གྱི་ཕན་ཚུན་ལ་ཡིད་ཆེས་བྱེད་པའི་འབྲེལ་བ་དང༌། གསོ་བྱས་བརྩམས་ཆོས་རྩོམ་པ་དང་བརྩམས་ཆོས་ཀྱི་མྱོང་ཚུལ། གསོ་བ་བོས་བརྩམས་ཆོས་ལ་གདེང་འཇོག་དང་དབྱེ་ཞིབ་བྱེད་སྟངས་སོགས་ཡིན། (༤)རི་མོའི་སྒྱུ་རྩལ་གྱི་གསོ་བཅོས་ཀྱི་དམིགས་ཡུལ་ནི་སེམས་འཚུབ་པ་དང་ངལ་ཆེ་བ་སོགས་སྙོམས་པ་དང་མི་གཤིས་ལྡང་ཚད་ལྟར་བྱེད་པ་སོགས་ཡིན། ཅེས་གསུངས་ཤིང༌། སེམས་ཁམས་ཀྱི་བཅོས་ཐབས་འདི་ལ་སེམས་འཁྲུགས་པ་གསོ་རྒྱུ་གཙོར་བཟུང་ནས་འདོད་ཡོན་གྱི་མཁོ་ཚུལ་ལྟར་བཅོས་ན་ལེགས་པར་སྙམ་ལ། འདོད་ཡོན་ཡང་གསོ་རིག་གི་གཞུང་དུ་སྦྱར་ན་ཅུང་འོས་འཚམ་ཞིག་ཏུ་སྣང་ངོ༌།།
དང་པོ། སྒྱུ་རྩལ་དང་མིའི་བར་གྱི་འབྲེལ་བ། 
        སྒྱུ་རྩལ་ནི་མིའི་སེམས་ཀྱི་འགྱུར་པ་དང་བསྟུན་ནས་བྱུང་བ་དང༌། གང་ཟག་གི་དབང་བོའི་ཡུལ་དུ་གྱུར་པའི་མྱོང་ཡུལ་གྱི་རྣམ་པ་དེ་ལ་སྒྱུ་རྩལ་གྱི་རྣམ་པ་ཞེས་བརྗོད་རིགས་ཤིང༌། མྱོང་ཡུལ་གྱི་རྣམ་པ་དེ་ནི་དབང་བོའི་ཚོར་ཤེས་གང་རུང་གི་བག་ཆགས་ལས་བསྐྱེད་པའི་བདེ་སྡུག་གང་རུང་གི་རྣམ་པ་ཞིག་ལགས་ཏེ། སྐྱབས་མགོན་རིན་པོ་ཆེས། ང་ཚོའི་མྱོང་ཚོར་རྣམས་ཤུགས་ཆེ་བ་རང་གི་ལུས་སེམས་གཉིས་དང་འབྲེལ་ནས་བྱུང་བ་ཤ་སྟག་ཡིན། ཅེས་དང༌། ད་སེམས་ཀྱི་ཀུན་སློང་དང༌། བསམ་བློའི་འཁྱེར་སོའི་ཐོག་སྐད་ཆ་ཕྲན་བུ་བཤད་ན། གོང་དུ་བཤད་པ་ལྟར་ཕྱི་དངོས་པོའི་མཐུན་རྐྱེན་གྱིས་བདེ་བ་བསྐྱེད་པ་བཞིན་སྡུག་བསྔལ་དང་རྙོག་དྲ་ཡང་བཟོ་གི་ཡོད། ཅེས་གསུངས་པ་ཇི་བཞིན། མིའི་སེམས་ལས་ཉོན་གྱི་དབང་གིས་ཕྱིའི་དངོས་པོ་མཐོང་སྣང་སྣ་ཚོགས་སུ་སྣང་སྟེ། འདོད་ཡོན་ལས་བྱུང་བའི་ཚོར་བ་གང་རུང་ཤེས་པའི་བག་ཆགས་འདྲ་མིན་དུ་གྱུར་ནས་ལྟ་སྟངས་ཀྱང་སྣ་ཚོགས་ཤིག་འབྱུང་ངེས། མིའི་འཚོ་བའི་ཆུ་ཚད་དང་མི་ཚེའི་བདེ་བ་ཕུན་སུམ་ཚོགས་པར་བྱེད་པ་ལ་སྒྱུ་རྩལ་དང་འབྲལ་ཐབས་མེད་དེ། མཛེས་པ་ཡིད་འོང་གི་སྒྱུ་རྩལ་གྱི་རིགས་སམ་ཐབས་ཆག་རྫོབ་ཉམས་ཀྱི་སྒྱུ་རྩལ་གང་ཡིན་ཡང་མི་ལ་མཁོ་བ་ཡིན། སྒྱུ་རྩལ་གྱི་ཕན་ནུས་ནི་སྒྱུ་རྩལ་གྱིས་མིའི་རིགས་སམ་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཕན་ནུས་གང་འདྲ་ཞིག་ཐོན་ཐུབ་པ་དེ་ཡིན་ལ། སྒྱུ་རྩལ་བས་སྒྱུ་རྩལ་བརྩམས་ཆོས་རྩོམ་པའི་སྐབས་སུ་སྒྱུ་རྩལ་བར་སྐུལ་ལྕག་གི་སེམས་ཤུགས་བསྐྱེད་པ་སྟེ། དཔེར་ན། ཀྲུང་གོའི་རི་མོ་བས་རི་མོ་འབྲི་དུས་སེམས་ཁམས་དྭངས་པ་དང་སྐྱིད་སྣང་ཡོད་པ་མ་ཟད། ཡུན་རིང་གི་སྒྱུ་རྩལ་རྩོམ་པའི་ལས་ཀ་བསྒྲུབ་ན་ཚེ་རིང་བར་བྱེད། ཀྲུང་གོའི་ཆིང་རྒྱལ་རབས་ཀྱི་རི་མོ་བ་ཝང་ཡུས་ཞེས་པའི་ཤར་གྲོང་གི་རི་མོའི་དཔྱད་པར། རི་མོར་བསླབ་པས་སེམས་ཁམས་བདེ་བར་བྱེད། །སེམས་ཀྱི་ཉོན་མོངས་འཁྲུ་ཞིང་སུན་སྣང་སེལ། །འཚུབ་པའི་སེམས་པ་འབབ་ཅིང་བཏང་སྙོམས་འཛིན། །ཞེས་པས་ཀྱང་མཚོན་པར་ནུས་པ་སྟེ། སྒྱུ་རྩལ་བརྩམས་ཆོས་ཀྱིས་མིའི་ལུས་སེམས་གང་རུང་ལའང་ཚོར་བ་འདྲ་མིན་ཞིག་བསྐྱེད་ཅིང༌། དེ་ནི་མིའི་དབང་བོའི་ཡུལ་དུ་གྱུར་པའི་འདོད་ཡོན་ལས་འཕོས་པའི་མྱོང་བ་ཡིན་པ་དང༌། མྱོང་བ་དེས་མི་ལ་བདེ་སྡུག་གང་རུང་གི་ངེས་པ་སྟེར་ཕྱིར། གསོ་བཅོས་ཀྱི་དུས་ན་ནད་ངོས་དང་བསྟུན་ཏེ་བདེ་བའི་ཚོར་བ་འབའ་ཞིག་བསྐྲུན་པར་འོས་ཤིང༌། དེ་ཡང་སྒྱུ་རྩལ་གྱི་ངོས་ཐད་ནས་གསོ་རིགས་ལ། རྒྱུ་མཚན་ནི་སྒྱུ་རྩལ་མིའི་སེམས་ཀྱི་འགྱུར་པ་སྣ་ཚོགས་ཀྱི་གྲུབ་འབྲས་ཡིན་པ་དང༌། སེམས་ཀྱི་མྱོང་འབྲས་དེ་ཡང་སེམས་ཀྱི་སྟོང་ཆ་སྐོང་བྱེད་ཅིག་རེད། དེ་བས་ད་ལྟ་མི་ལུས་སྒྱུ་རྩལ་ཞེས་པ་མི་ལུས་གཅེར་བུར་ཉམས་སྣ་ཚོགས་སྟོན་པའི་རི་མོ་དང་འདྲ་པར་མང་དུ་ཡོད་པ་མཛེས་པར་འཛིན་ཞིང༌། སྒྱུ་རྩལ་གྱི་ཁྱད་ཆོས་ཁྱད་དུ་འཕགས་ཞེས་པ་ལྟ་བུའི་གདེང་འཇོག་བྱེད་པ་སོགས་ནི། གཟུགས་ལ་ཆགས་པའི་དབང་གིས་དེ་ཉིད་མཛེས་པར་མཐོང་བ་དང༌། དགེ་ཆོས་ཀྱིས། བཅོམ་ལྡན་འདས་ཀྱིས་ཞལ་ནས་འདི་སྐད་གསུངས། །གཟུགས་ཀྱི་ནང་ན་མཛེས་པའི་མཐར་ཐུག་པ། །སྐྱེས་པའི་མིག་ལ་བུད་མེད་གཟུགས་ཡིན་ཞིང༌། །བུད་མེད་མིག་ལ་སྐྱེས་པའི་གཟུགས་ཡིན་ཏེ། །འདི་ལས་ལྷག་པའི་མཛེས་པ་ངས་མ་མཐོང༌། །ཞེས་དང༌། དེ་བཞིན་དྲི་དང་རོ་དང་རེག་བྱ་ཡི། །འདོད་ཡོན་ལྷག་མ་གསུམ་ལ་སྦྱར་ཏེ་གསུངས། །ཞེས་གསུངས་པ་དང༌། སྒྱུ་རྩལ་ནི་མིའི་དགའ་སྐྱོ་ཆགས་སྡང་གི་མཚོན་བྱེད་ལགས་པས། སྒྱུ་རྩལ་རིགས་གང་འདྲ་ཞིག་ཡིན་རུང་དགའ་སྐྱོ་ཆགས་སྡང་གང་རུང་གི་ཚུལ་དུ་མངོན་པ་ཏག་ཏག་རེད།
༡ སྒྱུ་རྩལ་གྱི་དབྱེ་བ།
        སྒྱུ་རྩལ་གྱི་དབྱེ་བ་སྤྱིར་བཏང་དུ་རི་མོའི་སྒྱུ་རྩལ་དང༌། རོལ་དབྱངས་ཀྱི་སྒྱུ་རྩལ། གར་གྱི་སྒྱུ་རྩལ། རྩོམ་རིག་གི་སྒྱུ་རྩལ་ལ་སོགས་པར་དབྱེ་མོད། ད་ལྟ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་རང་བྱུང་གི་གནས་ལུགས་མང་བོ་ལ་ངེས་ཤེས་ཆེར་བསྐྱེད་པས། སྒྱུ་རྩལ་ཡང་རྣམ་པ་མང་བོ་ཞིག་ཏུ་དབྱེ་ཞིང༌། དཔེར་ན། སྒྱུ་རྩལ་གྱི་སྤྱི་ཚོགས་རིག་པ་དང༌། སྒྱུ་རྩལ་གྱི་མཛེས་རྩལ་རིག་པ། སྒྱུ་རྩལ་གྱི་སེམས་ཁམས་རིག་པ། སྒྱུ་རྩལ་གྱི་རིག་གཞུང་རིག་པ། སྒྱུ་རྩལ་གྱི་མིའི་རིགས་ཀྱི་རིག་པ། སྒྱུ་རྩལ་གྱི་དཔལ་འབྱོར་རིག་པ། སྒྱུ་རྩལ་གྱི་སློབ་གསོ་རིག་པ། སྒྱུ་རྩལ་གྱི་དོ་དམ་རིག་པ་ལ་སོགས་རིག་གཞུང་གཞན་དང་འདྲེས་པའི་དབྱེ་བ་མང་དུ་འབྱུང་ལ། འདིར་དབྱེ་བ་ནི་སྒྱུ་རྩལ་གསོ་རིག་དང་འབྲེལ་བའི་སྐོར་གྱི་དབྱེ་བ་དང༌། སྒྱུ་རྩལ་གསོ་རིག་དང་འབྲེལ་ཏེ་མིའི་ལུས་སེམས་གང་རུང་གི་ནད་གསོ་བར་ཕན་ཐབས་ཀྱིས་ཕྱེས་ན། སྒྱུ་རྩལ་གྱི་སེམས་ཁམས་ལ་ཐེབས་པའི་ནུས་པ་དང༌། སེམས་ཁམས་ཀྱི་ནད་རིགས་གསོ་བཅོས་ཀྱི་ཐད་ན་གནས་བབ་ཁྱད་འཕགས་ཤིག་ཡོད་པ་རྟོགས་ཐུབ། ད་ལྟར་མཐོང་ཐོས་གང་རིགས་ལ་སྒྱུ་རྩལ་མ་སྦྱར་བ་ཞིག་མེད་ཅིང༌། ནད་ཀྱང་མཐོང་ཐོས་གང་རིགས་ལ་མ་འབྲེལ་བ་ཞིག་མེད་པས་སྒྱུ་རྩལ་ཡང་དབང་བོ་ལྔའི་ཡུལ་དུ་གྱུར་པའི་འདོད་ཡོན་ལྔ་དང་རིགས་འདྲེས་ཀྱི་སྒྱུ་རྩལ་ཏེ། མིག་དབང་གི་ཡུལ་དུ་གྱུར་པའི་གཟུགས་མཛེས་ པའམ་མི་མཛེས་པར་ཕྱེས་པའི་སྒྱུ་རྩལ་དང༌། རྣ་དབང་གི་ཡུལ་དུ་གྱུར་པའི་སྒྲ་སྙན་དང་མི་སྙན་པར་ཕྱེས་པའི་སྒྱུ་རྩལ། སྣ་དབང་གི་ཡུལ་དུ་གྱུར་པའི་དྲི་ཞིམ་དང་མི་ཞིམ་པར་ཕྱེས་པའི་སྒྱུ་རྩལ། ལྕེ་དབང་གི་ཡུལ་དུ་གྱུར་པའི་རོ་ཞིམ་དང་མི་ཞིམ་པར་ཕྱེས་པའི་སྒྱུ་རྩལ། ལུས་དབང་གི་ཡུལ་དུ་གྱུར་པའི་རེག་བྱ་འཇམ་རྩུབ་ཏུ་ཕྱེས་པའི་སྒྱུ་རྩལ་བཅས་དབྱེ་ཞིང༌། འདི་གསོ་བྱ་གང་ཟག་གི་ལུས་སེམས་ཀྱི་ནད་གསོ་བ་ལ་ཕན་དང་མི་ཕན་པའི་སྒོ་ནས་འཇོག་ཅིང༌། དེ་ལྟར་དབྱེ་བས་རེ་རེ་ལའང་གཉིས་གཉིས་སུ་འགྱུར་པས་སྒྱུ་རྩལ་གྱི་དབྱེ་བ་ཉི་ཤུར་དགར་བཏུབ། གོང་དུ་གླེང་བའི་སྒྱུ་རྩལ་གྱི་དབྱེ་བ་སྤྱིར་བཏང་བ་དག་ཀྱང་འདིའི་ཁོངས་སུ་བསྡུ་ཆོག་པར་སྣང༌། དེ་ལས་གཟུགས་མཛེས་པ་ལ་སྒྲོལ་མ་ཞལ་འཛུམ་པ་ལྟ་བུ་དང་མི་མཛེས་པ་ལ་ཆོས་རྒྱལ་ཁྲོ་བ་ལྟ་བུ། སྒྲ་སྙན་པ་ལ་གླིང་བུ་རྒྱང་འབུད་ལྟ་བུ་དང༌། མི་སྙན་པ་ལ་དབྱེན་དང་ཕྲ་མའི་ཚིག་ལྟ་བུ། དྲི་ཞིམ་པ་ལ་བདུག་སྤོས་དང་ཤུག་པའི་དྲི་ལྟ་བུ་དང༌། མི་ཞིམ་པ་ལ་བོང་བ་ནག་ པོའི་དྲི་ལྟ་བུ། རོ་ཞིམ་པ་ལ་ཤིང་མངར་གྱི་རོ་ལྟ་བུ་དང༌། མི་ཞིམ་པ་ལ་ཏིག་ཏའི་རོ་ལྟ་བུ། རེག་བྱ་འཇམ་པ་ལ་བསྐུ་བྱུག་ལྟ་བུའི་རེག་བྱ་དང༌། རྩུབ་པ་ལ་གཏར་ག་ལྟ་བུའི་རེག་བྱ་སྟེ། འདི་དག་སོ་སོ་ཡང་ལུས་སམ་སེམས་ཀྱི་ནད་གཞི་ལ་ཕན་དང་མི་ཕན་པའི་དབྱེ་བས་ཁྱབ་ཅིང༌། དེ་ནི་དབང་བོས་འདོད་ཡོན་འཛིན་པར་བྱེད་པའི་ཆ་ནས་སྒྱུ་རྩལ་གྱི་རྣམ་པ་མང་དུ་འབྱུང་བས་ཤེས་སོ།།
༢ ལུས་སེམས་ཀྱི་འབྲེལ་བ། 
        སེམས་ལ་ཉོན་མོངས་ཀྱིས་སྒྲིབ་པ་མ་དག་པས་འཁོར་བ་ནས་ཡང་ཡང་དུ་འཁོར་ཞིང༌། ཟག་བཅས་ཀྱི་ལུས་རྟེན་ཡང་ནས་ཡང་དུ་ལེན་པས། ལུས་སེམས་གཉིས་ལའང་འབྲེལ་བ་གྲུབ་ཅིང༌། ཕ་མའི་ཁུ་ཁྲག་གི་ཆ་ནས་འཕེལ་བའི་རླུང་མཁྲིས་བད་ཀན་ལ་རྐྱེན་བྱས་ནས་ལུས་ཀྱི་ནད་བསྐྱེད་ལ། རྣམ་ཤེས་གསལ་རིག་གི་ཆ་དེ་འཐིབས་པར་བྱས་པས་སེམས་ནད་བསྐྱེད་པ་དང༌། ལུས་སེམས་འདྲེས་པའི་ཕུང་བོའི་གནས་སྐབས་ལ་དུག་གསུམ་ལུས་སེམས་གཉི་གའི་ནད་ཀྱི་རྒྱུར་འགྲོ་བ་རེད། ལུས་ནི་ཕ་མའི་ཁུ་ཁྲག་ལ་རྣམ་ཤེས་ཞུགས་ཏེ་ཉིང་མཚམས་སྦྱར་བ་ལས་གྲུབ་ཅིང༌། དེའི་དབང་རྟེན་ཁོག་པར་དབང་བོ་སྒོ་ལྔ་གྲུབ་སྟེ་དེ་ལ་རྣམ་ཤེས་བརྟེན་ནས་ཡུལ་འདོད་ཡོན་མྱོང་བའི་ལས་བྱེད། ལུས་ཀྱི་འབྱུང་བའི་ཆ་བསྐྱེད་པས་དབང་རྟེན་གྲུབ་ཅིང༌། དེ་ལ་དབང་བོ་ཆགས་པས་རྣམ་ཤེས་བརྟེན་པའི་གཞི་བྱེད། དབང་བོའི་རྣམ་ཤེས་ཀྱིས་དབང་བོའི་ཡུལ་དུ་གྱུར་པའི་འདོད་ཡོན་ལོངས་སྤྱོད་པ་སྟེ། དབང་བོ་དང་འདོད་ཡོན་གཉིས་ཀ་གཟུགས་ཡིན་ལ། གཟུགས་ནི་རྫས་རྡུལ་བརྒྱད་ཀྱིས་གྲུབ་ཅིང་དེ་ནི་ས་རྫས་མེ་རྫས་ཆུ་རྫས་རླུང་རྫས་ཏེ་རྫས་བཞི། གཟུགས་རྡུལ་དྲི་རྡུལ་རོ་རྡུལ། རེག་བྱའི་རྡུལ་བཞི་སྟེ་དེ་དག་འབྱུང་རུང་གི་ནུས་པ་ཕྲ་མོ་ལྡན་མིན་འདུ་བྱེད་དུ་ གྱུར་པ་ཞིག་ཡིན་ཞིང་འདིས་འདོད་ཁམས་ཀྱི་གཟུགས་ཐམས་ཅད་གྲུབ་པ་དང་གསོ་རིག་ཏུ་བཤད་པའི་ཟས་སྨན་ཡང་གྲུབ། སྐྱེས་བུའི་ཤེས་རྒྱུད་ཀྱིས་མ་བསྡུས་པའི་ཕྱི་གཟུགས་ཏེ། གཟུགས་སྒྲ་དྲི་རེག་བྱའི་སྐྱེ་མཆེད་དང༌། སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་དབང་བོ་ལྔ་དང༌། དེ་ལ་རང་གི་ཡུལ་དང་དབང་བོ་རྣམ་ཤེས་གསུམ་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བ་དབང་བོ་དང་བསྟུན་ཏེ་སྦྱར་བས་ལྔ་དང་ཡིད་དང་སྦྱར་བ་དྲུག་འབྱུང་བས། འདིས་འདོད་ཡོན་མྱོང་བའི་ལས་བྱེད་ཅིང༌། སོ་སོ་ཕན་ཚུན་འབྲེལ་བས་ཚོར་བ་བདེ་སྡུག་གང་རུང་གི་འབྲས་བུ་འབྱུང་བ་སྟེ། གདུང་བ་ཉམས་སུ་མྱོང་བའི་ཚོར་བ་སྡུག་བསྔལ། སིམ་པ་ཉམས་སུ་མྱོང་བའི་ཚོར་བ་བདེ་བ། བར་མ་ཉམས་སུ་མྱོང་བའི་ཚོར་བ་བཏང་སྙོམས་དང་གསུམ་ཡོད། དེ་དག་རིམ་པ་བཞིན་སྡུག་བསྔལ་དང་འགྱུར་པའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བཤད་དེ། འདི་ནི་དབང་བོས་འདོད་ཡོན་མྱོང་བ་ཚོར་བར་བསྐྱེལ་ཞིང༌། དེ་ལས་བྱུང་བའི་ཚོར་བ་བདེ་སྡུག་གང་རུང་གིས་ན་བ་གསོ་བར་ཕན་གནོད་བྱེད་ལ། ཚོར་བ་སྡུག་བསྔལ་དེ་ཡང་ཉོན་མོངས་ཀྱི་དབང་དུ་གྱུར་པ་ཡིན་པས་ནད་བསྐྱེད་པའི་རྒྱུ་རྐྱེན་དུ་འགྲོ་བ་རེད། ཁུ་ཁྲག་སེམས་གསུམ་འདུས་པ་ལས་གྲུབ་པའི་ལུས་འཕེལ་ཞིང༌། ལུས་ཉིད་སྨིན་པ་རྫོགས་པས་དབང་བོ་སྒོ་ལྔ་ལ་ཡང་དེ་མཐུན་གྱི་རྣམ་ཤེས་འཇུག དེས་ན་ཚའི་སྡུག་བསྔལ་མང་བོ་ཚོར་བར་བྱེད་ལ། ལུས་ཀྱི་ཕུང་བོ་རྣམ་ཤེས་ཀྱི་ཕུང་བོ་གཉིས་ཕན་ཚུན་བརྟེན་པའི་འབྲེལ་བར་གྲུབ་ཡོད། མ་རིག་པས་ནད་ཀྱི་རྒྱུ་བྱས་པས་ཟག་བཅས་ཀྱི་ཕུང་བོར་ནད་བཞི་བརྒྱ་རྩ་བཞི་འབྱུང་བར་འགྱུར། ཉོན་མོངས་ཀྱི་མཐུ་ཆེ་བས་སེམས་སེམས་བྱུང་མང་དུ་འབྱུང་བའམ་ལུས་སེམས་གནོད་པར་བྱེད་པའི་ནད་ཀྱི་རྒྱུ་བྱེད་དེ། དེ་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་ཉམས་སུ་མྱོང་བ་ལས་བསྐྱེད་པ་དང༌། རླུང་མཁྲིས་བད་ཀན་གསུམ་འཕེལ་ཟད་འཁྲུགས་པའི་དབང་དུ་སོང་བ་དུག་གསུམ་གྱིས་རྒྱུ་བྱེད་པ་དང༌། སེམས་ཉོན་མོངས་ལྷག་ཏུ་འཕེལ་བར་བྱེད་པས། ལུས་སེམས་གཉིས་ཀའང་འཕེལ་ཟད་འཁྲུགས་པར་འགྱུར་ཕྱིར། ལུས་སེམས་གཉིས་ངོ་བོ་དབྱེར་མེད་དུ་འདྲེས་པའི་སྣང་ཚུལ་ལས། ནད་ལ་རིགས་གཉིས་སུ་དགར་འོས་པར་སྙམ་སྟེ། ལུས་ཀྱིས་སེམས་ལ་བསྐྱེད་པའི་ནད་དང་སེམས་ཀྱིས་ལུས་ལ་བསྐྱེད་པའི་ནད་གཉིས། དཔེར་ན། དང་བོ་ནི་སྐྲན་ལ་སོགས་པའི་ནད་ངན་བྱུང་བ་ཤེས་ཏེ་ད་ནི་ང་མི་དྲག་གོ་སྙམ་པའི་ལུས་སེམས་ཀྱི་སྡུག་བསྔལ་འདྲེས་པས་མི་ལྕོགས་པ་ལྟ་བུ་དང༌། གཉིས་པ་ནི་བུ་ཡུལ་མཐར་གྱར་བས་མ་དྲན་པས་གདུང་ནས་སྙིང་གི་ནད་འབྱུང་བ་ལྟ་བུའོ།།
༣ ནད་དང་སྒྱུ་རྩལ་གྱི་རྒྱུའི་འབྲེལ་བ། 
        སྒྱུ་རྩལ་བརྩམས་ཆོས་ནི་རྩོམ་པ་བོའི་སེམས་ཀྱི་འགྱུར་བ་མཚོན་བྱེད་ཡིན་ལ། རྩོམ་པ་བོའི་སེམས་ཀྱི་འགྱུར་པ་ཕྱིར་མངོན་ནས་སེམས་ཀྱི་བདེ་བ་མཚོན་བྱེད་ཅིག་ཀྱང་ཡིན། དེ་བས་སེམས་ཀྱི་འགྱུར་བ་ཞེས་པ་ནི་ཉོན་མོངས་ཀྱི་དབང་དུ་གྱུར་པའི་དགའ་སྐྱོ་ཆགས་སྡང་གི་མངོན་ཚུལ་རེད་དེ། དགའ་སྐྱོ་ཆགས་སྡང་ནི་ཉོན་མོངས་དུག་གསུམ་ལས་འཕྲོས་པའི་སེམས་སེམས་བྱུང་ཡིན་པ་དང༌། འདི་ནི་ནད་སྐྱེད་བྱེད་རླུང་མཁྲིས་བད་ཀན་གསུམ་གྱི་རྒྱུ་ཡིན་པ་རེད། དེ་བས་སྒྱུ་རྩལ་བརྩམས་ཆོས་བྱུང་བའི་རྒྱུ་དང་ནད་བྱུང་བའི་རྒྱུ་ཉོན་མོངས་དུག་གསུམ་གྱིས་བྱེད་ཅིང༌། ཉོན་མོངས་ལས་འཕོས་པའི་སེམས་ཀྱི་འགྱུར་པ་སྟེ་སྒྱུ་རྩལ་གྱི་རྣམ་པ་དེ་ཕྱི་གཟུགས་འདོད་ཡོན་གྱི་ཚུལ་དུ་མངོན་པ་དང༌། ཉོན་མོངས་ཀྱིས་རྒྱུ་བྱས་པས་འབྱུང་བཞི་འཕེལ་ཟད་འཁྲུགས་པའི་དབང་དུ་གྱུར་ནས་ནད་ཅན་དུ་མཐོང་བ་རེད། སྒྱུ་རྩལ་ཉོན་མོངས་ཀྱི་དབང་གིས་བྱུང་བའི་རྒྱུ་མཚན་གང་ཡིན་ཞེ་ན། སྒྱུ་རྩལ་ཞེས་པ་འདི་འཇིག་རྟེན་སེམས་ཅན་གྱི་བློའི་ཡུལ་ནས་བྱུང་བ་དང་བློའི་ཡུལ་དུ་རུང་བ་ཞིག་ཡིན་ཞིང༌། སེམས་ཀྱི་སྟོང་ཆ་སྐོང་བའི་སྨན་དང་འཚམ་པའང་ངང་གིས་ཤེས་ཐུབ། དེ་བས། སེམས་ཅན་ཏེ་སངས་མ་རྒྱས་པའི་གང་ཟག་ཐམས་ཅད་དང༌། སེམས་ཅན་ཞེས་པ་ནི་ཉོན་མོངས་ཅན་གྱི་དོན་ཡིན་ལ། འགྲོ་དྲུག་དང་ཐེག་པ་གསུམ་གྱི་གང་ཟག་ལ་བྱ་བ་ཡིན། འདིར་གཙོ་བོ་སོ་སོ་སྐྱེས་བུའི་ཐད་ནས་བརྗོད་ཅིང༌། ཉོན་མོངས་ཡོད་པའི་ཆ་ནས་སྒྱུ་རྩལ་དང་ནད་ཅེས་གང་ཡིན་རུང་སེམས་ཀྱི་དུག་གི་ངོ་བོས་གྲུབ་པ་རེད། སྒྱུ་རྩལ་གྱི་འཕེལ་རིམ་བརྗོད་ནའང་མི་རྣམས་ཀྱི་དགོས་མཁོའི་དབང་གིས་གཞན་གྱི་ལད་མོ་དང་དཔེ་རིས་ཀྱིས་འདོད་པ་མཚོན་པས། གར་དང༌། རི་མོ། ཡི་གེ གླུ་གཞས་ལ་སོགས་པའང་གཞི་གྲུབ་ནས་དགོས་འདོད་སྐོང་བའི་ཐབས་ཤེས་ཤིག་ཏུ་གྲུབ་པ་དང༌། དེ་བཞིན་དུ་འདོད་པའི་དབང་དུ་གྱུར་ནས་རླུང་མཁྲིས་བད་ཀན་གྱི་དུས་དང་མཚན་ཉིད་ལ་མཐུན་མི་མཐུན་པའི་ཟས་སྤྱོད་ལ་སོགས་པའི་སྤྱོད་ལམ་བསྟེན་ཆེར་གྱུར་པས། ལུས་ཟུངས་འཕེལ་ཟད་འཁྲུགས་པར་འགྱུར་སྲིད་ཕྱིར། ཕྱི་ནང་གི་གཟུགས་གང་གི་ཆར་གྱུར་པའི་སྒྱུ་རྩལ་ལམ་ནད་བཞི་བརྒྱ་རྩ་བཞི་གང་ཞིག་ལགས་ཀྱང་རྒྱུ་ཉོན་མོངས་དུག་གསུམ་གྱིས་བསྐྱེད་པ་སྟེ། དེ་ཡང༌། བྱ་མདོ་ཀླུ་བྱམས་རྒྱལ་ནས། སྤྱི་  ཚོགས་འཚོ་བ་དངོས་ཀྱི་ཁྲོད་དུ། ཡུལ་ཡིད་དུ་འོང་མི་འོང་དང༌། དགའ་ཁྲོ་འཇིགས་རུང་ལ་སོགས་པའི་རྐྱེན་གྱིས་སྨྱོ་བརྗེད་ཀུན་བརྟགས་གདོན་ནད་བཅས་ཤེས་པ་རང་བབས་སུ་མི་གནས་པའི་སེམས་ཁམས་ཀྱི་ནད་རིགས་བསྐྱེད་བཞིན་ཡོད་པ་ནད་ཐོག་ཏུ་སུས་ཀྱང་མཐོང་ཐུབ་པ་མ་ཟད། ཕྱི་ལུས་པོའི་ནད་རིགས་ལའང་སེམས་ཁམས་སྙོམས་མ་སྙོམས་པའི་དབང་གིས་དྲག་བསྐྱེད་གནོད་པ་གང་རུང་དུ་འགྲོ་བ་མཐོང་ཆོས་སུ་ལགས་ལ། དེ་ནི་ཕྱི་ནང་གསོ་རིག་ཚང་མས་རྩོད་མེད་དུ་ཁས་ལེན་པ་ཞིག་རེད། ཅེས་གསུངས་པ་ལས་ཀྱང་ཤེས་ནུས་ལ། སྨན་བླའི་མདོ་ཆོག་ཏུ། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་བྱའོ། །ཞེས་གསུངས་པ་ལྟར་བདེ་སྡུག་གང་གི་རྒྱུའང་ཆགས་སྡང་ཉེ་རིང་གཉིས་སུ་ལགས་ཏེ། བདེ་བ་ལ་ཆགས་ཤིང་དེ་དང་ཉེ་བར་བྱས་པས་བདེ་བའི་ཚོར་བ་འབའ་ཞིག་བསྐྱེད་པ་དང༌། སྡུག་བསྔལ་ལ་སྡང་ཞིང་རིང་བར་བྱས་པས་སྡུག་བསྔལ་བསྐྱེད། ཡང་འདི་ལས་ལྡོག་ན་སེམས་ལ་མི་སྐྱིད་པའི་ཚོར་བས་ཁྱབ་པར་ངེས་པས་དེར་བསྟུན་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་ཡང་མི་སྡུག་པར་མཐོང་བ་ཤས་ཆེར་འགྱུར། དཔེར་ན། སྡུག་བསྔལ་བར་གྱུར་པས་ཟས་མི་འདོད་ཅིང་གཉིད་མི་བདེ་བ་ལྟ་བུ་རེད། ཡང་ན། སེམས་གསོའི་ཚིག་དང་རང་གི་མྱོང་བ་དང་འདྲ་བའམ་འབྲེལ་བ་ཆེ་བའི་རི་མོ་དང་རྩོམ་རིག་བརྩམས་ཆོས་ལ་བལྟས་པས་སེམས་ཅུང་བདེར་འབབ་ཐུབ་པ་རེད། དེ་བས་ནད་དང་སྒྱུ་རྩལ་གཉིས་གའི་རྒྱུ་ནི་འདོད་ཆགས་ཞེ་སྡང་གཏི་མུག་ཡིན་ལ། སྒྱུ་རྩལ་ནི་རྒྱུ་དེ་ལས་སེམས་ཀྱི་མཁོ་ཚུལ་ལྟར་འཕེལ་ནས་བྱུང་བའི་ཕྱི་གཟུགས་འདོད་ཡོན་གྱི་རྣམ་པ་དང༌། ནད་ནི་རྒྱུ་དེ་གཟུགས་དང་འབྲེལ་ནས་འཕེལ་ཟད་འཁྲུགས་པར་གྱུར་པས་དབང་བོ་དང་དབང་བོ་བརྟེན་པར་བྱེད་པའི་ལུས་ཟུངས་ལ་གནོད་པར་འགྱུར་པ་དེའོ། །
གཉིས་པ། སྨན་དང་སྒྱུ་རྩལ་གྱི་འབྲེལ་བ། 
        སྨན་ཞེས་པ་ནི་ཕན་པའི་དོན་ཏེ་མིའི་ལུས་སེམས་ཀྱི་སྡུག་བསྔལ་སེལ་བར་བྱེད་པའི་རྫས་དང་སྤྱོད་ལམ་ལ་སོགས་པའི་ཕན་ཐབས་བསྟེན་པ་ཞིག་དང༌། སྒྱུ་རྩལ་ཡང་གོང་དུ་བརྗོད་པ་ཇི་བཞིན་རྩོམ་པ་བོའི་སེམས་ཀྱི་འགྱུར་བ་ཕྱིར་མངོན་ནས་བདེ་ཐང་སྙེག་པ་དེ་རེད། དེ་བས་སྒྱུ་རྩལ་ནི་སེམས་ཀྱི་བདེ་བའམ་ཚོར་བ་བདེ་བ་ཞིག་མངོན་འགྱུར་བྱེད་ཆེད་དུ་བྱུང་བ་ཡིན་ལ། འདིར་སྨན་དང་གསོ་རིག་ཐད་གཅིག་ཏུ་སྦྱར་བའང་གསོ་བྱ་ལ་ཕན་ཐབས་ཀྱིས་སྦྱོར་རིགས་ཏེ། སྒྱུ་རྩལ་གྱི་དབྱེ་བ་ལས་ལྕེ་དབང་གི་ཡུལ་དུ་གྱུར་པའི་ཞིམ་དང་མི་ཞིམ་པའི་རོའི་སྒྱུ་རྩལ་ནི་ཟས་དང་སྨན། ལུས་དབང་གི་ཡུལ་དུ་གྱུར་པའི་འཇམ་རྩུབ་ཀྱི་རེག་བྱའི་སྒྱུ་རྩལ་ནི་བསྐུ་བྱུག་དང་གཏར་ག མེ་བཙའ་ལ་སོགས་པའི་དཔྱད་དང༌། གཞན་རྣམས་ཀྱང་སྣ་སྨན་དང་ངག་ཚིག་སྙན་མོ་སོགས་ཀྱིས་མཚོན་ནུས་ཤིང༌། ཟས་སྤྱོད་སྨན་དཔྱད་བཞི་རུ་བཤད་པའི་ཟས་ནི་བཀྲེས་སྐོམ་གྱི་གདུང་བ་སེལ་ནུས་པའི་རྫས་སྤྱི་དང་ཡིད་ཀྱི་གཏད་སོ་ཞིག་སྟེ། ཁམ་གྱི་ཟས། རེག་པའི་ཟས། སེམས་པའི་ཟས། རྣམ་ཤེས་ཀྱི་ཟས་བཅས་བཞི་དང༌། སྨན་ནི་ཚེ་སྲོག་ལ་ཕན་ཞིང་ནད་སེལ་ནུས་པའི་དངོས་པོ་སྤྱིའི་མིང་ཡིན་ལ། དཔེར་ན། ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་སོགས་དང་བྱ་བྱེད་སྨན་པའི་ལེའུར།  ངག་ཚིག་སྙན་པས་ནད་པ་སྤྲོ་སྐྱེད་ནུས། །ཞེས་པ་ལྟ་བུ། དཔྱད་ནི་ལུས་ཀྱི་ཕྱི་ནས་བརྟག་པ་ཞིབ་མོས་དཔྱད་ནས་ནང་གི་ནད་ཕྱིར་འདོན་པའམ་ཞི་བར་བྱེད་པའི་རེག་བྱ་གཙོར་བསྟན་པའི་ཐབས་དང༌།     སྤྱོད་ལམ་ནི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལམ་དུ་འཁྱེར་བ་སྟེ། གྲུབ་པ་ལུས་ལས། ཉེས་པའི་ལས་ནི་རླུང་གིས་དབུགས་འབྱིན་རྔུབ། །བསྐྱོད་དང་ལས་སྤྱོད་ཤུགས་འབྱིན་གནོད་བྱ་རྒྱུ། །དབང་བོ་གསལ་དང་ལུས་རྗེས་འཛིན་པར་བྱེད། །ཅེས་གསུངས་པ་བཞིན་ཉེས་པ་དང་དབང་བོ་འདོད་ཡོན་བཅས་ཕན་ཚུན་ལ་རག་ལས་པ་མཚོན་ཞིང༌། གཟུགས་དང་ཁ་དོག་ཐ་དད་དུ་སྣང་བ་འཛིན་པར་བྱེད་པས་མཐོང་བྱེད་དང༌། དམར་སེར་སོགས་ཀྱི་ཁྱད་པར་འབྱེད་པས་མདོག་གསལ་ཞེས་སོ། །ཞེས་དང༌། མིག་དང་རྣ་བ་ལྕེ་རྣམས་ཀྱི་ཡུལ་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ཚིམ་པར་བྱེད་པས་ཚིམ་བྱེད་ཅེས་པ་བཞིན་ཉེས་གསུམ་དང་དབང་བོ་བཅས་ཕན་ཚུན་རྟེན་འབྲེལ་གྲུབ་པ་མཚོན། དེ་བས་འདིར་ལྕེའི་མྱོང་ཡུལ་གྱི་རོ་དྲུག་གི་སྨན་དང་སྒྱུ་རྩལ་འབྲེལ་ཏེ་མཐུན་པར་བཤད་ན། རྒྱུད་ལས། རོ་ནི་མངར་སྐྱུར་ལན་ཚྭ་ཁ་ཚ་བསྐ། །གོ་རིམ་བཞིན་དུ་འཚོ་བྱེད་སྟོབས་ཆེན་ཡིན། །ངོ་བོ་ལྕེ་ལ་གསལ་བས་རོ་ཞེས་བྱ། །ཞེས་སྨན་གྱི་ཐོག་མའི་ནུས་པ་རོ་དྲུག་གི་སྟེང་ནས་བཤད་དེ། རོ་སོ་སོའི་ནུས་པ་བསྟན་པ་ནི་སྦྱོར་བ་སྨན་ལས། མངར་སྐྱུར་ལན་ཚྭ་ཚ་བས་རླུང་འཇོམས་ཤིང༌། །ཁ་དང་མངར་དང་བསྐ་བས་མཁྲིས་པ་སེལ། །ཚ་སྐྱུར་ལན་ཚྭས་བད་ཀན་སེལ་བར་བྱེད། །ཅེས་གསུངས་པ་ལྟར་སྨན་མ་ཡིན་པའི་ཟས་སྐོམ་གཞན་གྱི་རོ་ཡིས་ཀྱང་ལས་དེ་བྱེད་ལ། དེ་ནི་གཙོ་བོ་འཚོ་བ་ཟས་ཀྱི་གནས་སྐབས་ལས་ཤེས་དགོས་པ་དང་ཟས་སྐོམ་སོ་སོ་ལྕེའི་ཡུལ་དུ་མྱོང་བ་ཡིན་པས་འདིར་སྒྱུ་རྩལ་དུ་འདོད་ཅིང༌། ཟས་སྐོམ་གྱི་རོ་ཡང་དེའི་སྡེབ་ཁ་ལས་སྨན་གྱི་སྡེབ་ཁ་ཇི་བཞིན་དུ་སྣ་ཚོགས་སུ་འགྱུར་ཞིང༌། སྨན་ཟོས་པས་མྱག་བཞུ་དྭངས་སྙིགས་ཕྱེས་ཏེ་ཞུ་རྗེས་གསུམ་དུ་འགྱུར་པས་རླུང་མཁྲིས་བད་ཀན་འཕེལ་ཟད་འཁྲུགས་གསུམ་སྙོམས་པའི་ལས་བྱེད། དེ་བཞིན་དུ་རོ་དྲུག་ཟས་སྐོམ་གང་ཟོས་པ་ཡང་རོ་སོ་སོའི་ནུས་པའི་དབང་གིས་ཉེས་པ་བསྐྱེད་པའི་རྐྱེན་ནམ་སྙོམས་པའི་གྲོགས་སུ་འགྲོ། དེ་་་བས་གོང་དུ་བརྗོད་པའི་དབང་བོའི་ཡུལ་དུ་གྱུར་པའི་མྱོང་བ་དེས་རྒྱུ་དུག་གསུམ་ལ་རྐྱེན་བྱས་ནས་ནད་འཕེལ་ཟད་དམ་སེལ་བའི་ཕན་གནོད་བྱེད་པ་རེད། དེ་བཞིན་དུ། སྨན་སྡེབ་ཚུལ་ལའང༌། རོ་སྡེབས་ནུས་སྡེབས་ཞུ་རྗེས་བསྡེབས་ཏེ་སྦྱར། །ཞེས་རོའི་ནུས་པའམ་ཁྱད་དུ་འཕགས་པ་ཤེས་ལ།  རྒྱུད་ལས། ཟས་དང་སྤྱོད་ལམ་མི་མཐུན་བསྟེན་པ་ཡིས། །བུ་གའི་རྒྱུ་ལམ་གནོད་པས་ནད་སྐྱེད་ལ། །མང་འབྱུང་འགགས་དང་གཞན་འགྲོ་འཁྲུག་པར་བྱེད། །གནོད་མེད་བུ་ག་དག་པས་བདེ་བར་འགྱུར། །ཞེས་ཟས་སྤྱོད་མ་མཐུན་པས་ཟུངས་རྒྱུ་བའི་བུ་གའང་ནད་རྒྱུ་བའི་ལམ་དུ་འགྱུར་ཅིང༌། འདི་ཉིད་རྒྱུ་བའི་ལམ་ནི་དབང་བོ་དང་འབྲེལ་བའི་ལམ་དྲུག་ཏུ་འཇུག་པས་སྨན་དང་གཟུགས་སྒྲ་དྲི་རོ་རེག་བྱ་མྱོང་བའི་ཚོར་བ་བདེ་སྡུག་སོགས་ཀྱང་དེ་རུ་རྒྱུ་བ་སྟེ། རྒྱུད་ལས། རུས་པ་རྣ་བ་རེག་བྱ་སྙིང་སྲོག་ལོང༌། །ཁྲག་རྔུལ་མིག་དང་མཆིན་མཁྲིས་རྒྱུ་མ་དང༌། །དྭངས་མ་ཤ་ཚིལ་རྐང་ཁུ་བཤང་གཅི་དང༌། །སྣ་ལྕེ་གློ་མཆེར་ཕོ་མཁལ་ལྒང་བ་རྣམས། ། ལུས་ཟུངས་དྲི་མ་དབང་བོ་དོན་སྣོད་ལྔ། །རླུང་མཁྲིས་བད་ཀན་རྒྱུ་བའི་ལམ་དུ་བཤད། །ཅེས་རྒྱུ་ལམ་དབང་བོ་འབྲེལ་ཏེ་འདོད་ཡོན་བཅས་ནད་བྱུང་བ་དང་བཅོས་པ་ལ་འབྲེལ་བ་རེད། དེ་བཞིན་དུ། རོ་དྲུག་ཟས་སྐོམ་གང་ཡང་མེ་དྲོད་ གསུམ་གྱིས་མྱག་བཞུ་དྭངས་གསུམ་ལ་བརྟེན་ནས་དྭངས་སྙིགས་གཉིས་སུ་འགྱུར་ཞིང༌། རོ་དྲུག་ཟས་སྐོམ་གོམས་དང་མ་གོམས་ཟས་སྤྱོད་དམན་ལྷག་ལོག་པས་ལུས་ཟུངས་དྭངས་སྙིགས་འབྱེད་པར་ཕན་གནོད་བྱེད། ཡང་རེག་བྱ་ལ་སོགས་པའི་དབང་དུ་གྱུར་པས་ནད་ཀྱི་འཇུག་ཚུལ་ལྟར་སྨན་གྱི་ནུས་པའང་པགས་ལ་གྲམས་ཤིང་ཤ་རུ་རྒྱས་པ་སོགས་རྒྱུ་ལམ་དང་འབྲེལ་བའི་ལས་བྱེད། མཆིན་པའི་མེ་ཏོག་མིག་ཡིན་ཕྱིར་མཆིན་པར་ནད་བྱུང་ན་མིག་ལའང་གནོད་བྱེད་པ་ལྟར་མིག་དབང་གིས་གཟུགས་སྣ་ཚོགས་མཐོང་བས་མཆིན་པར་ཡང་དེ་མཐུན་གྱི་ཕན་གནོད་བྱེད་པ་རེད། དོན་སྣོད་གཞན་ཡང་རང་རང་གི་དབང་བོའི་མེ་ཏོག་འབྲེལ་བས་གོང་ལྟར་འགྱུར་རོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།