རྐང་པར་གནོད་པའི་ལྷམ་འདི་6པོར་གཟོབ།

རྩོམ་པ་པོ།: ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2026-08-17 08:45:07 ཀློག་གྲངས།:
       ཀུན་གྱིས་དོ་སྣང་བྱེད་པའི་དྲ་གྲགས་ལྷམ་རིགས6སྐོར་གྱི་བདེ་ཐང་གི་ཉེན་ཁའི་གསལ་འདེབས།
       ༡ ཁུང་བུའི་ལྷམ།
       ཐོན་རྫས་ཀྱི་ཁྱད་ཆོས་ནི། གྱོན་ཕུད་སྟབས་བདེ་བ་དང་། བཟོ་ལྟ་ཕུན་སུམ་ཚོགས་པ། རྒྱུ་ཆ་སྤོས་འགྱིག་ཡིན་པས་སྐམ་སླ་བ། དུས་ཡུན་ཐུང་ངུའི་ནང་ཐོག་ཁང་ནས་བབས་ཏེ་ཅ་ལག་ལེན་པ་དང་། ཆུ་རྐྱལ་རྫིང་བུའི་མཐའ་འཁོར་དང་ཁྲུས་ཁང་ལ་འགྲོ་བ་སོགས་གནས་སྐབས་སུ་གྱོན་ན་འཚམ་པོ་ཡོད།
       བདེ་ཐང་གི་ཉེན་ཁའི་གསལ་འདེབས།
       སྐྱི་པགས་བདེ་ཐང་གི་ངོས་ནས་བལྟས་ན། ཁུང་བུའི་ལྷམ་ལ་ཇུས་འགོད་ཀྱི་བཀག་རྒྱ་ངེས་ཅན་ཞིག་ཡོད་པ་སྟེ། མང་ཆེ་བ་རྔུལ་ཆུ་ལེན་མི་ཐུབ་པའིPVCརྒྱུ་ཆ་ཡིན། ལྷམ་གྱི་ངོས་ཁོ་ནར་ཁུང་བུ་ཁྱབ་ཡོད་པ་དང་། ལྷམ་གྱི་ནང་དུ་ཅུང་དམ་སྦྱར་ཡིན་པས། ཡུན་རིང་པོར་གྱོན་ན་ལྷམ་ནང་དུ་དྲོད་ཚད་མཐོ་བ་དང་བརླན་ཆེ་བས། རྐང་རྔོ་དང་རྔུལ་ཆུའི་འབྲུམ་སོགས་ཀྱི་ནད་འབྱུང་སླ། ཁྲོམ་རར་པར་དབང་རྐུ་སྤྱོད་དང་བཟོ་ཁང་ཆུང་གྲས་ཀྱིས་བེད་མེད་སྤོས་འགྱིག་དང་། གོང་ཁེའི་བཟོ་ལས་ཀྱི་འགྱིག་སྣོན་རྫས། སྤུས་ཞན་ཚོས་རྫས་སོགས་སྤྱད་ནས་བཟོས་པའི་སྤུས་ཞན་ཐོན་རྫས་གྱོན་ན། རྐང་པར་དམར་ཁྲ་འབྱུང་བ་དང་། ཟ་འཕྲུག་ལངས་པ། ཤ་ཤུན་འདོར་པ་སོགས་ནད་རྟགས་ཐོན་སྲིད།
       རྐང་མཐིལ་དང་སྒལ་གཞུང་གི་སྐྱེ་དངོས་ཤུགས་རིག་པའི་ཆ་ནས་བལྟས་ན། རྒྱུན་ལྡན་གྱི་ཁུང་བུའི་ལྷམ་གྱི་ལྷམ་མཐིལ་སྙི་མོ་ཡིན་ཞིང་། རྐང་གཞུ་འདེགས་སྐྱོར་བྱེད་པའི་ཆེད་ལས་ཀྱི་གྲུབ་ཆ་མེད་པས། ལྗིད་པོ་ཁུར་ནས་འགྲོ་སྐབས་རྐང་གཞུ་རྡིབ་པ་དང་། རྐང་མཐིལ་གྱི་ཤུགས་ཚད་མི་སྙོམས་པའི་སྣང་ཚུལ་འབྱུང་སྲིད། ལྷམ་ལྷོད་པོ་དེས་རྐང་པ་ལྷམ་ནང་དུ་འདྲེད་འགུལ་བྱེད་དུ་འཇུག་པ་དང་། ལུས་པོས་རང་ཤུགས་སུ་གོམ་སྟབས་སྙོམ་སྒྲིག་བྱས་ནས་དོ་མཉམ་ཡོང་བ་བྱེད་དགོས། དུས་ཡུན་རིང་པོར་གྱོན་ན། ལོང་ཚིགས་དང་པུས་ཚིགས་ཀྱི་ཤུགས་ཐིག་ཡོ་སྤོ་བྱས་ཏེ་ཚབ་འབྱིན་རང་བཞིན་གྱིས་རྐེད་ཚིགས་ཀྱི་ཁུར་པོ་ཇེ་ལྗིད་དུ་གཏོང་ངེས། དེ་བཞིན་ལྷམ་མགོ་སྙི་མོའི་དངོས་ལུགས་འགོག་སྲུང་ནུས་པ་ཞན་པས། རྡུང་ཐུག་དང་རྐང་ཚིགས་འགྱུར་བ་སོགས་མྱུར་གཤིས་རྨས་སྐྱོན་འབྱུང་སླ།
       ༢ དྭངས་གསལ་ཆུ་ཤེལ་ལྷམ། (PVCདྭངས་གསལ་བསིལ་ལྷམ་དང་དྭངས་གསལ་ཀོ་ལྷམ།)
       ཐོན་རྫས་ཀྱི་ཁྱད་ཆོས་ནི། བཟོ་དབྱིབས་ཇུས་འགོད་ལེགས་པ་དང་། ལྷམ་ངོར་དྭངས་གསལ་གྱི་ཁྱད་ཆོས་ལྡན་པས། མང་ཆེ་བ་པར་ལེན་པ་དང་། དུས་ཡུན་ཐུང་ངུའི་སྤྱི་ཚོགས་འབྲེལ་འདྲིས་སྐབས་གྱོན་བཞིན་ཡོད།
       བདེ་ཐང་གི་ཉེན་ཁའི་གསལ་འདེབས།
       སྐྱི་པགས་བདེ་ཐང་གི་ངོས་ནས་བལྟས་ན། ལྷམ་དེ་རིགས་ལ་གྲུབ་ཆའི་ཞན་ཆ་ཡོད། PVCརྒྱུ་ཆ་ལ་རླུང་རྒྱུ་ལམ་མེད་པས་རྔུལ་ཆུ་ལེན་ཐབས་མེད་པ་དང་། ལྷམ་ནང་གི་དྲོད་ཚད་མཐོ་ཞིང་བརླན་ཆེ་བས་སྤྱིར་བཏང་གི་བསིལ་ལྷམ་དང་འགྲན་རྒྱུ་མེད། རྐང་མཛུབ་བར་དུ་རློན་པ་དང་། རྐང་རྔོ་དང་རྔུལ་ཆུའི་འབྲུམ་འབྱུང་སླ་བ་རེད། ཁྲོམ་རར་པར་དབང་རྐུ་སྤྱོད་དང་བཟོ་ཁང་ཆུང་གྲས་ཀྱིས་བེད་མེད་སྤོས་འགྱིག་དང་། གོང་ཁེའི་བཟོ་ལས་ཀྱི་འགྱིག་སྣོན་རྫས། སྤུས་ཞན་ཚོས་རྫས་སོགས་སྤྱད་ནས་བཟོས་པའི་སྤུས་ཞན་ཐོན་རྫས་གྱོན་ན་རྐང་པར་ཚོར་ཐལ་འབྱུང་སླ་བ་དཔེར་ན། འཕྲད་གཤིས་པགས་ཚད་སོགས་འབྱུང་སླ།
       རྐང་མཐིལ་དང་སྒལ་གཞུང་གི་སྐྱེ་དངོས་ཤུགས་རིག་པའི་ཆ་ནས་བལྟས་ན། བཟོ་ལྟ་མང་ཆེ་བའི་ལྷམ་མཐིལ་སྲབ་ལ་མཁྲེགས་པོ་ཡིན་པ་དང་། རྐང་གཞུ་འདེགས་སྐྱོར་གྱི་ཇུས་འགོད་མེད་པ། ཡོམ་ལྷོད་ནུས་པ་ཞན་པ། ཡུན་རིང་པོར་ལངས་པ་དང་སོང་ན་རྐང་མཐིལ་ལ་ན་ཟུག་འབྱུང་སླ། བཟོ་ལྟ་འགའ་རེའི་ལྷམ་མགོ་ཅུང་དོག་པ་དང་། ཡུན་རིང་པོར་རྐང་མཛུབ་བཙིར་ན་རྐང་མཛེར་དང་ཤ་དྲེག་སྐྱེས་ནས་མདུན་མཐིལ་གྱི་རྒྱུན་ལྡན་གྱི་ཤུགས་ཁྱབ་ཚུལ་ལ་གནོད་སྐྱེལ་ངེས།
       ༣ རྐང་མཛུབ་བསིལ་ལྷམ།  
       ཐོན་རྫས་ཀྱི་ཁྱད་ཆོས་ནི། གྱོན་ཕུད་སྟབས་བདེ་བ་དང་། ལྷམ་ངོས་བསིལ་ཞིང་རླུང་རྒྱུ་བ། དུས་ཡུན་ཐུང་ངུའི་ནང་ཁྱིམ་དུ་སྡོད་པ། བྱེ་ཐང་དང་ཆུ་ནང་སོགས་ལ་གྱོན་ན་འཚམ་པས། ནམ་རྒྱུན་སྤྲོ་གསེང་ལ་སྤྱོད།
       བདེ་ཐང་གི་ཉེན་ཁའི་གསལ་འདེབས།
       སྐྱི་པགས་བདེ་ཐང་གི་ངོས་ནས་བལྟས་ན། རྐང་མཛུབ་བརྡར་ན་སྐྱི་པགས་ལ་གནོད་སྐྱོན་ཅུང་ཟད་འབྱུང་སྲིད། འདྲ་བཟོ་དང་སྤུས་ཞན་རིགས་ཀྱིས་འགྱིག་སྲ་མོ་དང་བཟོ་ལས་ཀྱི་བེད་མེད་རྒྱུ་ཆ་ཚུར་བསྡུས་ནས་བཟོས་པ་ཡིན་པས། མཐའ་རུ་སྤུ་ཚེར་མང་བས། གཙུབ་བརྡར་གཏོང་བ་དང་ཚ་བ་ཆེ་ཞིང་རྔུལ་ཆུ་བཞུར་ཚེ་རྐང་མཛུབ་ལ་ཚོར་ཐལ་བྱུང་ནས་སྐྲངས་དམར་འགྱུར་སླ།
       རྐང་མཐིལ་དང་སྒལ་གཞུང་གི་སྐྱེ་དངོས་ཤུགས་རིག་པའི་ཆ་ནས་བལྟས་ན། འགྲོ་སྐབས་རྐང་མཛུབ་ཀྱིས་མུ་མཐུད་དུ་ཤུགས་ཆེན་པོས་ལྷམ་ལ“འཇུ་ཐབས”བྱེད་དགོས་པས། རྐང་གཞུ་ལ་ཤུགས་ཐེབས་ཚད་རྒྱུན་ལྡན་མིན་པ་དང་། རྐང་ངར་གྱི་ཤ་གནད་ཡུན་རིང་པོར་དམ་པོར་བསྡམས་ན། རྐང་མཐིལ་རྒྱུས་སྐྱི་ཚ་ནད་དང་རྟིང་རྒྱུས་ཚ་ནད་འབྱུང་སླ། ཕྱི་རྟིང་མེད་པའི་ཇུས་འགོད་ཀྱིས་ལོང་ཚིགས་ཀྱི་བརྟན་བརླིང་རང་བཞིན་ཇེ་ཆུང་དུ་གཏོང་བ་དང་། འགྲོ་སྐབས་རྐང་ཚིགས་འགྱུར་སླ། ཡུན་རིང་པོར་རྒྱུན་ལྡན་མིན་པའི་གོམ་འགྲོས་ཀྱིས་རིམ་བཞིན་རྐང་པའི་ཤུགས་ཐིག་ལ་ཤུགས་རྐྱེན་ཐེབས་ཏེ། པུས་ཚིགས་དང་རྐེད་ཚིགས་ལ་ཤུགས་རྐྱེན་ཐེབས་སྲིད།
       ༤ རྐང་མཛུབ་ལོགས་འབྱེད་ལྷམ། (ཕག་སུག་ལྷམ་དང་རྟ་རྨིག་ལྷམ་ཡང་ཟེར།)
       ཐོན་རྫས་ཀྱི་ཁྱད་ཆོས་ནི། བཟོ་ལྟ་ལ་ཁྱད་ཆོད་མངོན་གསལ་ལྡན་པ་དང་། རྐང་མཛུབ་འབྱེད་པའི་ཇུས་འགོད་ཀྱིས་རྐང་མཛུབ་ལ་འགུལ་སྐྱོད་ཀྱི་བར་མཐོངས་ངེས་ཅན་བཞག་ཡོད། “མཐེ་བོང་ཕྱིར་མི་འགྱུར་བར་ཕན”ཞེས་དྲིལ་བསྒྲགས་བྱེད་ཀྱི་ཡོད། དེ་ནི་ཉེ་བའི་ལོ་ཤས་རིང་དར་སོ་ཆེ་ཤོས་དེ་ཡིན།
       བདེ་ཐང་གི་ཉེན་ཁའི་གསལ་འདེབས།
       སྐྱི་པགས་བདེ་ཐང་གི་ངོས་ནས་བལྟས་ན། རྐང་མཛུབ་བར་ཡུན་རིང་བརྡར་ན་སྐྱི་པགས་ལ་རྨས་སྐྱོན་ཕྲན་བུ་བཟོ་བ་དང་། ཐ་ན་ཆུ་བུར་འབྱུང་བ། ཚ་རླན་ཆེ་བའི་ཁོར་ཡུག་འོག་ཏུ་རྐང་རྔོ་སོགས་འབྱུང་ངེས་ཡིན། འདྲ་བཟོ་དང་སྤུས་ཞན་གྱི་ལྷམ་དག་གི་ངོས་དང་རྐང་མཛུབ་བར་གྱི་མཐུད་མཚམས་ཀྱི་རྒྱུ་ཆ་མཁྲེགས་པོ་ཡིན་པས། ལེགས་པོར་མ་བརྡར་ན་གཙུབ་བརྡར་གྱི་རྨས་སྐྱོན་འབྱུང་སྲིད། དེ་དང་ཆབས་ཅིག་རིན་གོང་དམའ་བའི་སྒོ་ནས་ཕྱིར་བསྡུ་བྱས་པའི་ཚོས་རྫས་བེད་སྤྱོད་ཚད་ལས་བརྒལ་ན། རྐང་བོལ་དང་རྐང་མཛུབ་བར་ལ་འཕྲད་གཤིས་པགས་ཚད་འབྱུང་སླ་བ་རེད།
       རྐང་མཐིལ་དང་སྒལ་གཞུང་གི་སྐྱེ་དངོས་ཤུགས་རིག་པའི་ཆ་ནས་ཚང་མར་དྲན་སྐུལ་བྱེད་དགོས་པ་ཞིག་ནི། ཁྲོམ་རའི་ཐོག་གི་སྤྱིར་བཏང་དྲ་གྲགས་མཛུབ་མོ་ལོགས་འབྱེད་ལྷམ་ལ་གསོ་རིག་གི་ཡོ་བཅོས་ནུས་པ་མེད། དེ་ནི་ཚོང་གཉེར་གྱི་དྲིལ་བསྒྲགས་ཐབས་ལམ་ཙམ་ཡིན་པ་དང་། ཐོན་རྫས་ཚད་ལྡན་གྱིས་རྐང་མཛུབ་ལོགས་སུ་འབྱེད་པ་ཙམ་ལས་རྐང་མཐིལ་གྱི་ཤུགས་ཐེབས་ཚུལ་ལེགས་བཅོས་དང་རུས་པ་ཡ་མ་གཟུགས་ཡོ་བསྲང་བྱེད་མི་ཐུབ། དྲ་གྲགས་ལྷམ་མཐིལ་ཡོངས་ཁྱབ་ཏུ་ལེབ་མོ་དང་སྲབ་མོ་ཡིན་པས། ཆེད་ལས་ཀྱི་རྐང་གཞུ་འདེགས་སྐྱོར་མེད་པས། ཡུན་རིང་པོར་གྱོན་ན་རྐང་མཐིལ་ལ་ན་ཟུག་འབྱུང་སྲིད། ལྷམ་དོག་པོས་ད་དུང་མདུན་མཐིལ་བཙིར་ནས་རྐང་མཐིལ་གྱི་ཤུགས་ཐེབས་ཚུལ་ལ་གནོད་སྐྱོན་ཆེ་རུ་གཏོང་བ་མ་ཟད། ཐ་ན་མཐེ་བོང་ཕྱི་ལ་སློག་པ་དང་རྐང་མཐིལ་གྱི་རྣམ་པར་འགྱུར་ལྡོག་གཏོང་གི་རེད། རྐང་པ་ཡོ་བཅོས་བྱེད་པའི་དགོས་མཁོ་ཡོད་མཁན་ཚོ་རུས་ནད་ཚན་ཁག་གི་སྨན་པའི་མཛུབ་ཁྲིད་འོག་ཆེད་ལས་ཀྱི་སྨན་བཅོས་ཡོ་བྱད་འདེམས་དགོས་པ་ལས། རྒྱུན་ལྡན་གྱི་རྐང་མཛུབ་ལོགས་འབྱེད་ལྷམ་ལ་བརྟེན་མི་རུང་།
       ༥ ལྷམ་མཐིལ་མཐུག་པོའི་གཟུགས་སྐྱེད་བསིལ་ལྷམ།
       ཐོན་རྫས་ཀྱི་ཁྱད་ཆོས་ནི། གཟུགས་པོ་ཇེ་མཐོར་གྱུར་བའི་མཐོང་སྣང་མངོན་གསལ་ཡིན་པ་དང་། མཐིལ་སྙི་མོའི་བཟོ་ལྟ་ཁ་ཤས་སུ་ཡོམ་གཅོག་གི་ཚོར་བ་མངོན་གསལ་ཡོད་པས། དེ་ལ་དགའ་པོ་བྱེད་མཁན་མང་པོ་ཡོད།
       བདེ་ཐང་གི་ཉེན་ཁའི་གསལ་འདེབས།
       སྐྱི་པགས་བདེ་ཐང་གི་ངོས་ནས་བལྟས་ན། པར་དབང་རྐུ་སྤྱོད་དང་སྤུས་ཞན་གྱི་ཝུ་སོབ་ལྷམ་མཐིལ་མཐུག་པོ་མང་ཆེ་བ་ནི་བེད་མེད་རྒྱུ་ཆ་ཚུར་བསྡུས་ཏེ་ཝུ་སོབ་ཏུ་བསྒྱུར་ནས་བཟོས་པ་ཡིན་པས། དྲི་ངན་སྣ་ལ་གཟན་ཞིང་། གནོད་ལྡན་དངོས་པོས་རྒྱུན་མཐུད་དུ་རྐང་བའི་སྐྱི་པགས་ལ་ཕོག་ཐུག་བཟོ་བ་དང་། ལྷམ་ངོས་གོང་ཁེ་བའི་སྤོས་འགྱིག་ཡིན་ན་ཚོར་སྐྱེད་ཚད་ཆེས་ཆེར་གཏོང་གི་རེད།
       རྐང་མཐིལ་དང་སྒལ་གཞུང་གི་སྐྱེ་དངོས་ཤུགས་རིག་པའི་ཆ་ནས་བལྟས་ན། ལྷམ་མཐིལ་གྱི་མཐུག་ཚད་ལི་སྨི་3ལས་མཐོ་བ་དང་རྒྱུ་ཆ་སྙི་དྲགས་ན། ལུས་པོའི་ལྗིད་ལྟེ་མདུན་དུ་བསྒྱུར་ནས་ལོང་ཚིགས་ཀྱི་བརྟན་བརླིང་རང་བཞིན་ཇེ་ཞན་དུ་འགྲོ་བ། འགྲོ་སྐབས་རྐང་ཚིགས་འགྱུར་སླ་བ། རྐང་གཞུ་ཡིས་འདེགས་སྐྱོར་མ་བྱས་ན་རྐང་མཐིལ་ལ་ཤུགས་ཐེབས་ཚད་འགྱུར་བ་དང་། རྐང་མཐིལ་རྒྱུས་སྐྱི་ཚ་ནད་འབྱུང་ཞིང་། མཐིལ་སྙོམ་རྐང་པ་ཇེ་སྡུག་ཏུ་གཏོང་བ། རྐང་བའི་ཤུགས་ཐིག་ཡོ་སྤོར་བྱས་ན་པུས་ཚིགས་དང་རྐེད་ཚིགས་ཀྱི་ཚབ་འབྱིན་ཇེ་ལྗིད་དུ་གཏོང་བ། དལ་གཤིས་པུས་མོའི་ནད་དང་རྐེད་ནད་སོགས་འབྱུང་སྲིད།
       ༦ པོ་ཁེན་ལྷམ། (ཤིང་གི་ལྷམ་མཐིལ་སྙི་མོ་ཅན་གྱི་བསིལ་ལྷམ།)
       ཐོན་རྫས་ཀྱི་ཁྱད་ཆོས་ནི། ལྷམ་མགོ་ཞེང་ཆེ་བས་རྐང་མཛུབ་མི་བཙིར་བ་དང་། ཚད་ལྡན་གྱི་ལྷམ་དེ་རིགས་རྐང་མཐིལ་དང་འཚམ་པ། བཟོ་ལྟ་ཁ་ཤས་ལ་རྨང་གཞིའི་རྐང་གཞུ་འདེགས་སྐྱོར་ཡོད་པས། སྤྲོ་གསེང་སྐབས་སུ་གྱོན་པར་འཚམ་པོ་ཡོད།
       བདེ་ཐང་གི་ཉེན་ཁའི་གསལ་འདེབས།
       སྐྱི་པགས་བདེ་ཐང་གི་ངོས་ནས་བལྟས་ན། ཕྱི་རྟིང་མེད་པའི་ཐུམ་སྒྲིལ་ཕྱེད་ཙམ་ཡིན་པས། རྟིང་པ་གས་པ་དང་། ཤ་ཤུན་འདོར་སླ། གལ་ཏེ་རྐང་རྗེན་དུ་ལྷམ་གྱོན་ན། རྔུལ་ཆུ་དང་པགས་ཤུན་འདྲེས་ནས་རྐང་རྔོ་འབྱུང་སླ་བ་རེད། ཁྲོམ་རའི་ཐོག་པར་དབང་རྐུ་སྤྱོད་འདྲ་བཟོ་འབོར་ཆེན་ཞིག་ཐད་ཀར་སྤུས་ཞན་གྱི་མིས་བཟོས་ཀོ་བ་དང་། འགྱིག་གི་ལྷམ་ངོས་སུ་བསྒྱུར་ནས་མཐའ་འགྲམ་རྩུབ་པོས་རྐང་པ་བརྡར་གྱི་ཡོད་པས། ཕྱི་ངོས་ཀྱི་རྫས་འགྱུར་བཟོ་ལས་བྱུགས་རིམ་གྱིས་རྐང་བར་ཚོར་ཐལ་འབྱུང་སླ་བ་རེད།
       རྐང་མཐིལ་དང་སྒལ་གཞུང་གི་སྐྱེ་དངོས་ཤུགས་རིག་པའི་ཆ་ནས་བལྟས་ན། པར་དབང་རྐུ་སྤྱོད་ཀྱིས་རྐང་གཞུ་འདེགས་སྐྱོར་གྱི་གྲུབ་ཆ་ཐད་ཀར་སྟབས་བདེ་རུ་བཏང་བ་དང་ཐ་ན་མེད་པར་བཟོས་པས། ལྷམ་མཐིལ་མཉེན་ཞིང་མཁྲེགས་གཤིས་མེད་པས། ཡུན་རིང་པོར་གྱོན་ན་རྐང་གཞུ་རྡིབ་པ་དང་རྐང་མཐིལ་ངལ་དུབ་འབྱུང་སྲིད། འོན་ཀྱང་། ཚད་ལྡན་ཐོན་རྫས་དངོས་ལ་རྨང་གཞིའི་འདེགས་སྐྱོར་ཡོད་མོད། ཡིན་ནའང་། འདེགས་སྐྱོར་གྱི་ཤུགས་ཚད་ཆེད་ལས་ལུས་རྩལ་ལྷམ་ལས་ཧ་ཅང་ཞན་པས། ཐག་རིང་པོར་རྐང་ཐང་ལ་འགྲོ་བ་དང་ཉིན་གང་བོར་ལངས་ནས་སྡོད་པའི་གནས་ཚུལ་འོག སྔར་བཞིན་སྲེ་ལོང་ལ་གནོད་བཟོས་ནས་ན་ཟུག་གཏོང་སྲིད་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།