ཨེ་ཛིའི་འགོ་ནད་སྔོན་འགོག་ཤེས་བྱའི་དྲིས་ལན།
རྩོམ་པ་པོ།:དབང་རྒྱལ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2011-10-28 11:39:00
ཀློག་གྲངས།:
10. སྦྲུམ་འགོག་འགྱིག་ཤུབས་ཇི་ལྟར་བེད་སྤྱོད་ཡང་དག་པ་བྱེད་དགོས་སམ།
(1) སྦྲུམ་འགོག་འགྱིག་ཤུབས་ཀྱི་གོ་ཆོད་པའི་དུས་ཚོད་དང་ཐོན་སྐྱེད་བཟོ་གྲྭ ཚད་ལྡན་དཔང་ཡིག་ལ་མཉམ་འཇོག་བྱེད་དགོས།
(2) སྦྲུམ་འགོག་འགྱིག་ཤུབས་གཉིས་ཡན་གྲ་སྒྲིག་བྱེད་དགོས། གལ་སྲིད་འཁྲིག་པ་སྤྱོད་དུས་སྦྲུམ་འགོག་འགྱིག་ཤུབས་རལ་སོང་ན། ལམ་སང་གསར་བ་ཞིག་བརྗེ་དགོས།
(3) ཐིམ་ཤུན་ཁ་ཕྱེ་དུས་སེམས་ཆུང་བྱེད་དགོས་པ་དང་། སྦྲུམ་འགོག་འགྱིག་ཤུབས་རལ་བར་དོ་སྣང་བྱེད་དགོས།
(4) ལག་པ་གཅིག་གིས་སྦྲུམ་འགོག་འགྱིག་ཤུབས་ཀྱི་སྣེ་མོའི་ལྒང་བུ་ཆུང་ཆུང་བཙིར་ཏེ་ལེབ་མོར་བཟོ་བ་དང་། ལག་པ་གཞན་གཅིག་གིས་སྦྲུམ་འགོག་འགྱིག་ཤུབས་ཕོ་མཚན་གྱི་རྩ་རྟིང་བར་དུ་ཐར་བཀྲམ་དགོས།
(5) ཕོ་མཚན་མཁྲང་པོར་ཆགས་པ་དང་ཕ་རོལ་པའི་མཚན་མ་དང་ཐུག་སྦྱོར་མ་བྱས་གོང་ནས་སྦྲུམ་འགོག་འགྱིག་ཤུབས་གོན་དགོས། འདི་ལྟར་བྱས་ན་གཤེར་ཁུ་འདྲེས་མི་ཡོང་།
(6) ཁུ་བ་ཐོན་པ་དང་ཕོ་མཚན་མཉེན་པོར་མ་ཆགས་གོང་དུ་མགྱོགས་པོར་སྦྲུམ་འགོག་འགྱིག་ཤུབས་ཕུད་དགོས། ལག་པ་གཅིག་གིས་སྦྲུམ་འགོག་འགྱིག་ཤུབས་ཀྱི་ཁ་བཙིར་ཏེ་སེམས་ཆུང་སྒོས་ཕུད་རྗེས། སྦྲུམ་འགོག་འགྱིག་ཤུབས་ཀྱི་ཁ་མདུད་པ་བརྒྱབ་ཏེ་ཁུ་བ་མི་ཐོན་པར་བྱེད་དགོས། ད་དུང་མངལ་ལམ་གྱི་གཤེར་ཁུ་ལག་པར་འགོ་བར་གཟབ་དགོས།
(7) སྦྲུམ་འགོག་འགྱིག་ཤུབས་གཅིག་ཐེངས་གཅིག་ལ་མ་གཏོགས་བེད་སྤྱོད་བྱེད་མི་ཆོག་སྟེ་ཡང་དང་བསྐྱར་གྱིས་བཀོལ་མི་རུང་། བེད་སྤྱོད་བྱས་ཟིན་པའི་སྦྲུམ་འགོག་འགྱིག་ཤུབས་དེར་དོ་བདག་འོས་འཚམ་བྱེད་དགོས། དཔེར་ན་ཤོག་བུའི་ནང་གཅུད་དེ་གད་སྙིགས་ཀྱི་སྒམ་ནང་གཡུག་དགོས།
11. དུག་རྫས་འཐེན་མཁན་དག་ལ་ཨེ་ཛིའི་ནད་ཇི་ལྟར་འགོས་པ་རེད།
དུག་རྫས་འཐེན་མཁན་དག་གིས་རྟག་པར་ཁབ་སྦུག་དང་ཁབ་མགོ་སོགས་སྨན་ཁབ་ཡོ་ཆས་ཐུན་མོང་གིས་སྤྱོད་པ་རེད། གལ་སྲིད་དེའི་ནང་གི་མི་གཅིག་ལ་ཨེ་ཛིའི་ནད་ཀྱི་ནད་དུག་འགོས་ཡོད་ན་སྨན་ཁབ་ཡོ་ཆས་དེ་དག་ལ་འབག་བཙོག་ཐེབས་ཡོང་ངེས་ལ། ཨེ་ཛིའི་ནད་ཀྱི་ནད་དུག་སྨན་ཁབ་ཡོ་ཆས་བརྒྱུད་ནས་དུག་རྫས་འཐེན་མཁན་གཞན་དག་ལ་འགོས་འགྲོ དེ་མིན། དུག་རྫས་ཀྱིས་དུག་རྫས་འཐེན་མཁན་གྱི་ལུས་སྟོབས་ཞན་པར་བཟོས་འགྲོ་བ་མ་ཟད། ཨེ་ཛིའི་ནད་ཀྱི་ནད་དུག་འགོ་ཚད་དང་ནད་གཞན་འབྱུང་ཚད་ཇེ་མཐོར་གཏོང་ངེས།
12. དུག་རྫས་ཞེས་པ་ནི་ཅི་འདྲ་ཞིག་ཡིན།
དུག་རྫས་ཞེས་པ་ནི་སྤྱིེར་བཏང་དུ་ཉལ་ཐ་དང་མ་ཧྥེ། ཉལ་ཐ་ཧེ་རུན། སོ་མ་ར་ཙ་དང་ཁོ་ཁ་དབྱིན། པེན་པིན་ཨན་རིགས་ཀྱི་དུག་རྫས(དཔེར་ན་དུག་འཁྱགས་ཆུ་དང་མགོ་འདར་རིལ་བུ་སོགས)ལ་བསྟན་པ་ཡིན། དུག་རྫས་ཀྱི་རིགས་ཧ་ཅང་མང་བ་ལ་ཆེས་ཐོག་མར་སྡོམ་རྩིས་བྱས་པ་ལྟར་ན། རྒྱལ་སྤྱིའི་སྤྱི་ཆིངས་དང་ཆིངས་སྲོལ་གྱིས་དོ་དམ་གཅུན་ཤུགས་ཐེབས་ཡོད་པའི་དུག་རྫས་ཀྱི་རིགས400ལྷག་ཡོད། ཉལ་ཐའི་རིགས་ཀྱི་དུག་རྫས་ལ་ཉལ་ཐ་དང་མ་ཧྥེ། ཡང་ན་ཉལ་ཐ་ཧེ་རུན(ཕྱེ་དཀར་ཉལ་ཐ)། དེ་དག་ཚང་མར་དུག་གི་རང་བཞིན་ཡོད་པ་དང་ དབྱིངས་ལ་ཚུད་སླ། དུག་རྫས་ཀྱི་གནོད་པ་གཙོ་བོ་ནི་དབྱིངས་ལ་ཚུད་སླ་བ་དེ་ཡིན། ཡུན་རིང་བོར་དུག་རྫས་འཇིབ་འཐེན་བྱེད་པ་དང་ཁབ་བརྒྱབ་ན་མིའི་གཟུགས་པོ་སྐམས་རིད་དུ་ཆགས་འགྲོ་ཞིང་། ལུས་སྟོབས་ཉམས་ཞན་དུ་འགྱུར་བ་དང་། གཉིད་ཡེར་བ། ཟས་ཀྱི་དང་ག་ཆད་པ། ཁྲོ་ལངས་སླ་བ། སྐྱུག་པ། འདར་ཡང་ལངས་པ་སོགས་ཀྱི་ནད་རྟགས་ཡོད་ལ། འཕྲུལ་སྣང་འབྱུང་སླ་བ་དང་། དབང་བོ་རྟུལ་བ། དྲན་ཤེས་ཉམས་ཤིང་ཡིད་འཛིན་ཞན་པར་འགྱུར་འགྲོ་བ་ལ་སོགས་པའི་དབང་གིས་འགོ་ནད་ལས་ཐར་བའི་ནུས་པ་མར་ཆག་ཅིང་དྲན་ཤེས་འཁྲུག་པར་འགྱུར། དེ་བཞི ན་དུག་རྫས་འཇིབ་འཐེན་མང་དྲགས་ན་དུག་ཕོག་སྟེ་ཤི་འགྲོ་བ་རེད།
13. གཤེར་ཁྲག་རྒྱག་དུས་ཨེ་ཛིའི་ནད་ལ་ཇི་ལྟར་སྔོན་འགོག་བྱེད་དགོས།
གཤེར་ཁྲག་རྒྱག་པ་དེས་ཤི་ཉེན་ལས་ཐར་བའི་ངོ་མཚར་གནས་ཚུལ་མང་པོ་ཞིག་བསྐྲུན་མྱོང་ཡོད། ཡིན་ནའང་། གལ་སྲིད་ཨེ་ཛིའི་ནད་ཀྱི་ནད་དུག་ཡོད་པའི་གཤེར་ཁྲག་བརྒྱབ་པ་ཡིན་ན་གཤེར་ཁྲག་རྒྱག་ཡུལ་མིའི་ནང་ཚང་མར་ཨེ་ཛིའི་ནད་ཀྱི་ནད་དུག་འགོས་འགྲོ་བ་ལས། སྟབས་ལེགས་པར་ཐར་ཐུབ་མཁན་གཅིག་ཀྱང་མེད། དེའི་སྟབས་ཀྱིས་གཤེར་ཁྲག་རྒྱག་པ་དང་གཤེར་ཁྲག་གྲུབ་རྫས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ནི་ཨེ་ཛིའི་ནད་ཀྱི་ནད་དུག་གཤེར་ཁྲག་བརྒྱུད་ནས་ཁྱབ་མཆེད་བྱེད་པར་སྔོན་འགོག་བྱེད་པའི་ཐབས་ལམ་གཙོ་བོ་ཡིན། རང་རྒྱལ་དུ་ད་ལྟ་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་ཡོད་པ་ནི་སྨན་བཅོས་ཁྲོད་དུ་སྤྱོད་པའི་གཤེར་ཁྲག་ཡོད་ཚད་ལ་ཨེ་ཛིའི་ནད་ཀྱི་ནད་དུག་གི་དུག་སྲིན་འགོག་པའི་རྫས་རྒྱུ་ལ་བརྟག་དཔྱད་ཚད་ལེན་བྱེད་དགོས་པ་དང་། བདེ་འཇགས་ཀྱིས་གཤེར་ཁྲག་བཀོལ་བ་འགན་སྲུང་བྱ་རྒྱུ་ནི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་འོས་འགན་ཡིན། ང་ཚོ་མི་རེ་རེས་ཀྱང་བདེ་འཇགས་ཀྱིས་གཤེར་ཁྲག་བཀོལ་བ་ལ་ལྟ་སྐུལ་གྱི་ནུས་པ་ཐོན་དགོས།
(1) དགོས་མེད་ཀྱི་གཤེར་ཁྲག་རྒྱག་པ་ལས་གཡོལ་ཅི་ཐབས་བྱེད་དགོས།
(2) གལ་སྲིད་ངེས་པར་དུ་གཤེར་ཁྲག་རྒྱག་དགོས་ན། གཤེར་ཁྲག་དེར་ཨེ་ཛིའིི་ནད་ཀྱི་ནད་དུག་གི་དུག་སྲིན་འགོག་པའི་རྫས་རྒྱུ་ལ་ཞིབ་དཔྱད་ཚད་ལེན་བྱས་ཡོད་མེད་ལ་བལྟ་ཆོག
(3) ལུས་སྟོབས་རྒྱས་པར་བྱེད་ཆེད་གང་བྱུང་དུ་གཤེར་ཁྲག་གི་གྲུབ་རྫས་མི་བཀོལ་བ།
14. ཅིའི་ཕྱིར་འོས་འགན་ཁྲག་སྦྱིན་གཏོང་བ་འདོན་སྤེལ་བྱེད་པ་ཡིན།
གཤེར་ཁྲག་ནི་ཚེ་སྲོག་ཁྲོད་མེད་དུ་མི་རུང་བའི་དངོས་པོ་རྩ་ཆེན་ཞིག་ཡིན།ནད་པ་མང་པོ་ཞིག་ལ་གཤེར་ཁྲག་དང་ཁྲག་གི་གྲུབ་རྫས་སྤྱད་དེ་སྲོག་སྐྱོབ་དགོས། དེ་ན་གཤེར་ཁྲག་གི་སྤུས་ཚད་ཚད་ལྡན་ཡིན་མིན་དེར་ཇི་ལྟར་ཁག་ཐེག་བྱེད་དགོས་སམ། འདི་ནི་མི་ཚང་མ་ཚད་ལྡན་གྱི་ཁྲག་མཛོད་ས་ཚིགས་སུ་ཕྱིན་ཏེ་འོས་འགན་ཁྲག་སྦྱིན་གཏོང་བའི་ལས་ལ་ཞུགས་རྒྱུ་དེར་ཐུག་ཡོད། ཚད་ལྡན་གྱི་ཁྲག་མཛོད་ས་ཚིགས་ཀྱིས་ཁྲག་སྦྱིན་གཏོང་མཁན་ཡོད་ཚད་ཀྱི་ལུས་པོར་བརྟག་དཔྱད་བྱེད་དགོས་པ་དང་ཚད་ལྡན་པ་མིན་པ་རྣམས་འདོར་དགོས། འདི་ལྟར་བྱས་ཚེ་ད་གཟོད་གཤེར་ཁྲག་གཙང་མ་ཡིན་ལ་གཤེར་ཁྲག་བཀོལ་བྱའི་མི་ཡང་བདེ་འཇགས་ཡིན། དོན་སྙིང་འདིའི་སྟེང་ནས་བཤད་ན་རིན་ཚབ་མེད་པར་ཁྲག་སྦྱིན་གཏོང་མཁན་དག་གིས་གཤེར་ཁྲག་ཐེངས་གཅིག་ལ་སྦྱིན་པ་བཏང་བ་དེས་གཤེར་ཁྲག་མཁོ་མཁན་ལ་བྱང་སེམས་ཐེངས་ཤིག་སྦྱིན་ཡོད་པ་མ་ཟད། རང་རྒྱལ་གྱིས་ཨེ་ཛིའི་འགོ་ནད་ཚོད་འཛིན་བྱེད་པའི་ཕྱོགས་ལའང་བྱས་རྗེས་བླ་མེད་ཅིག་བཞག་ཡོད་པ་རེད།
15. ཨེ་ཛིའི་ནད་ཀྱི་ནད་དུག་དེ་ཨ་མ་བརྒྱུད་ནས་བུ་ཕྲུག་ལ་འགོས་སྲིད་དམ།
ཨེ་ཛིའི་ནད་ཀྱི་ནད་དུག་འགོས་ཡོད་པའི་བུད་མེད་ཚོར་མངལ་སྦྲུམ་པའི་རྗེས་དང་བྱིས་པ་བཙའ་དུས། ནུ་ཞོ་ལྡུད་དུས་བཅས་སུ་ཨེ་ཛིའི་ནད་ཀྱི་ནད་དུག་བུ་ཕྲུག་ལ་འགོ་སྲིད། འགོ་ངེས་ཚད25-40%ཡིན་ཞིང་སྤྱིར་བཏང་ལྟར་ན30%ཡས་མས་ཡིན།
16. མ་བུ་ལས་འགོ་བའི་ཨེ་ཛིའི་ནད་དུག་ཇི་ལྟར་སྔོན་འགོག་བྱེད་དགོས།
ཐོག་མར་བུད་མེད་ལ་ཨེ་ཛིའི་ནད་ཀྱི་ནད་དུག་འགོ་མི་ཡོང་བར་སྲུང་སྐྱོབ་བྱེད་དགོས། འདི་ལྟར་བྱས་ཚེ་ནད་དུག་བུ་ཕྲུག་ལ་འགོ་མི་ཡོང་། གལ་སྲིད་ཨེ་ཛིའི་ནད་ཀྱི་ནད་དུག་ཕོག་ཡོད་པའི་བུད་མེད་ཀྱིས་སྔར་བཞིན་བུ་ཕྲུག་སྐྱེས་འདོད་ན་། དུས་ཚོད་ངེས་ཅན་རེ་ནང་དུ་སྨན་ཁང་དུ་ཕྱིན་ཏེ་བྱིས་པ་མ་བཙའི་སྔོན་གྱི་སྨན་པའི་མཛུབ་སྟོན་ལ་ཉན་དགོས་པ་དང་། མ་བུ་འགོ་མཆེད་གཅོད་པའི་ནད་དུག་འགོག་བཅོས་སྨན་རྫས་བསྟེན་དགོས། བྱིས་པ་བཙའ་དུས་གྲོད་གཤག་ཕྲུག་བཙའི་ཐབས་ལམ་སྤྱད་ཆོག བྱིས་པ་བཙས་རྗེས་མི་བཟོས་གཉོར་སྐྱོང་བྱེད་དགོས།
17. དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ སྤྱིར་བཏང་གི་འབྲེལ་འདྲིས་ཀྱིས་ཨེ་ཛིའི་ནད་འགོ་ཡོང་ངམ།
དུས་རྒྱུན་འཚོ་བའི་ཁྲོད་ཀྱི་འབྲེལ་འདྲིས་ཀྱིས་ཨེ་ཛིའི་ནད་ཀྱི་ནད་དུག་འགོ་མི་ཡོང་། གཤམ་གྱི་སྤྱོད་ལམ་འདི་དག་གིས་ཨེ་ཛིའི་ནད་འགོ་མི་ཡོང་།
(1) ཨེ་ཛིའི་ནད་འགོས་ཡོད་པའི་མི་དང་ལག་པ་འཇུས་པ། འཐམ་འཁྱུད། བྱིལ་རེག གུས་ལུགས་རང་བཞིན་གྱི་འོ་བྱེད་པ།
(2) ཨེ་ཛིའི་ནད་འགོས་ཡོད་པའི་མི་དང་མཉམ་དུ་ཟ་མ་ཟ་བ་དང་སྐོམ་ཆུ་འཐུང་བ། དེ་མིན་དཀར་ཡོལ་དང་ཐུར་མ། ཤེལ་ཕོར་སོགས་མཉམ་དུ་སྤྱོད་པ།
(3) ཨེ་ཛིའི་ནད་འགོས་ཡོད་པའི་མི་དང་སྤྱི་སྤྱོད་སྒྲིག་ཆས་མཉམ་དུ་སྤྱོད་པ། དཔེར་ན་གསང་སྤྱོད་དང་ཆུ་རྐྱལ་གྱི་རྫིང་བུ། སྤྱི་སྤྱོད་འཁྲུས་རྫིང་། ཁ་པར། སྤྱི་སྤྱོད་རླངས་འཁོར་ལ་སོགས་པ་ལྟ་བུ།
(4) ཨེ་ཛིའི་ནད་འགོས་ཡོད་མཁན་དང་མཉམ་དུ་གཞི་སྡོད་བྱེད་པ་དང་ངལ་རྩོལ་བྱེད་པ། ངལ་རྩོལ་ཡོ་བྱད་མཉམ་སྤྱོད་བྱེད་པ།
(5) ཉོ་ཆ་རྒྱག་པ་དང་སྒོར་མོ་བཀོལ་བ།
(6) གློ་ལུ་རྒྱག་པ་དང་ཧབ་ཆི་རྒྱག་པ། མིག་ཆུ་གཏོང་བ། རྔུལ་ཆུ་བཞུར་བ། གཅིན་པ་གཏོང་བ།
(7) ཤ་སྦྲང་དང་སྦྲང་ནག འབུ་ཀྲང་ལང་སོགས་འབུ་སྲིན་གྱིས་སོ་བརྒྱབ་པ།
18.རང་ཉིད་ལ་ཨེ་ཛིའི་ནད་འགོས་ཡོད་པར་དོགས་པ་ཡོད་ན་ས་གང་དུ་ཕྱིན་ཏེ་བརྟག་དཔྱད་ཚད་ལེན་བྱེད་དགོས།
སྤྱིར་བཏང་ལྟར་ན། ཐོག་མའི་དཔྱད་ཞིབ་རྩིས་ཐང་ཡོད་པའི་རྫོང་རིམ་པ་ཡན་གྱི་སྨན་ཁང་དང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་ཕྱིན་ཏེHIVདུག་སྲིན་སྔོན་འགོག་རྫས་རྒྱུ་ལ་ཞིབ་དཔྱད་ཚད་ལེན་བྱས་ཆོག ནད་གཞི་གཏན་འཁེལ་བྱེད་པར་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(CDC)སུ་ཞིབ་དཔྱད་ཚད་ལེན་བྱེད་དགོས།
19. དུས་ཚོད་ག་འདྲའི་ནང་དུ་ཞིབ་དཔྱད་ཚད་ལེན་བྱེད་དགོས།
ཉེན་ཚབས་ཆེ་བའི་སྤྱོད་ལམ་བྱུང་རྗེས་ཀྱི་གཟའ་འཁོར0དང6དང12ནང་ངམ་ཡང་ན་ལོ་ཕྱེད་ཀྱི་ནངHIVདུག་སྲིན་སྔོན་འགོག་རྫས་རྒྱུ་བརྟག་དཔྱད་ཚད་ལེན་བྱེད་དགོས། ལོ་ཕྱེད་ཀྱི་རྗེས་སུ་ད་དུངHIVདུག་སྲིན་སྔོན་འགོག་རྫས་རྒྱུ་བརྟག་དཔྱད་ཚད་ལེན་མ་བྱུང་ན་ཨེ་ཛིའི་ནད་ཀྱི་ནད་དུག་འགོས་མེད་པ་རེད། ཨེ་ཛིའི་ནད་འགོས་པའི་ཐོག་མའི་ཟླ་བ་གསུམ་ལ“འབྱུང་གྲབས་ཀྱི་དུས་སྐབས”ཞེས་བྱ། སྤྱིར་ནHIVདུག་སྲིན་སྔོན་འགོག་རྫས་རྒྱུ་དེ་འགོས་པའི་གཟའ་འཁོར2ཀྱི་རྗེས་སུ་མངོན་ཆོག་མོད།ཡིན་ནའང་འདིའི་སྐབས་སུ་ལུས་ཁམས་སུ་དུག་སྲིན་སྔོན་འགོག་རྫས་རྒྱུ་ལྡང་ངེས་པ་ཞིག་ཐོན་མེད་པས་ནད་འགོས་ཡོད་མེད་ལ་བརྟག་དཔྱད་ཚད་ལེན་བྱེད་ཐབས་མེད། ཉེན་ཚབས་ཆེ་བའི་སྤྱོད་ལམ་བྱུང་ཚེ་བརྟག་དཔྱད་ཚད་ལེན་བྱས་ཏེ་སྔོན་མར་ནད་འགོས་ཡོད་མེད་ལ་བརྡར་ཤ་གཅོད་དགོས། “འབྱུང་གྲབས་ཀྱི་དུས་སྐབས”སུ་ཨེ་ཛིའི་ནད་ཀྱི་དུག་སྲིན་སྔོན་འགོག་རྫས་རྒྱུ་ལ་བརྟག་དཔྱད་ཚད་ལེན་བྱེད་མི་ཐུབ་ནའང་། སྔར་བཞིན་འགོ་སླ་བའི་རང་བཞིན་ཡོད། དེའི་སྟབས་ཀྱིས་དུས་སྐབས་འདིར་འཁྲིག་པ་སྤྱོད་དུས་སྦྲུམ་འགོག་འགྱིག་ཤུབས་བཀོལ་དགོས།
20. བརྟག་དཔྱད་བྱས་པའི་མཇུག་འབྲས་གསང་བ་བྱེད་ཐུབ་བམ།
བརྟག་དཔྱད་སྡེ་ཁག་དང་སྨན་པས་ངེས་པར་དུ་གསང་དགོས། གལ་སྲིད་གསང་བ་ཤོར་ན་ཁྱོད་ཀྱིས་བཅའ་ཁྲིམས་ལ་སྐྱབས་བཅོལ་ཆོག
21. ཉེ་ལོགས་ཀྱི་ཨེ་ཛིའི་ནད་ཀྱི་ནད་དུག་འགོས་ཡོད་མཁན་ལ་བལྟ་ཚུལ་ཇི་འདྲ་འཛིན་དགོས།
གལ་སྲིད་རང་གི་ཉེ་ལོགས་ཀྱི་མི་གང་ཞིག་ལ་ཨེ་ཛིའི་ནད་འགོས་ཡོད་པ་ཤེས་ཚེ་ཞེད་སྣང་སྐྱེས་མི་དགོས་ལ། དེ་ཚོར་རྒྱང་བཀྱེད་དང་དམའ་འབེབས་མཐོང་ཆུང་བྱས་ན་མི་འགྲིག ཨེ་ཛིའི་ནད་འགོས་ཡོད་པ་དག་ལ་བལྟ་ཚུལ་ཡང་དག་ཅིག་བཟུང་སྟེ་གདུང་སེམས་མཉམ་སྐྱེད་དང་བརྩེ་སེམས་བཅངས་ཏེ་གང་ནུས་ཀྱིས་ཁོ་ཚོར་རོགས་རམ་བྱས་ཏེ་རྒྱུན་ལྡན་ངང་འཚོ་བ་རོལ་བ་དང་ལས་ཀ་བསྒྲུབ་ཐུབ་པར་བྱེད་ཅིང་། ཁོ་ཚོའི་ནད་གཞི་བྱེར་འབྱམ་དུ་མི་འགྲོ་བར་བྱེད་དགོས། གལ་སྲིད་མི་གཞན་དག་ཁོ་ཚོར་ཞེད་སྣང་སྐྱེས་ཀྱིན་ཡོད་ན་ང་ཚོས་འགོ་ཁྲིད་དེ་ཁོ་ཚོའི་ཁྱིམ་དུ་ཕྱིན་ཏེ་མི་རྣམས་ཀྱི་འཇིགས་སྣང་གི་སེམས་དེ་འཇོམས་དགོས།
22. ཨེ་ཛིའི་ནད་འགོས་ཡོད་མཁན་གྱི་ཁྱིམ་མི་ལ་ལྟ་སྟངས་ཇི་འདྲ་འཛིན་དགོས།
ཨེ་ཛིའི་ནད་འགོས་ཡོད་མཁན་གྱི་ཁྱིམ་མི་ཚོས་རང་གི་གཉེན་ཉེ་ལ་ཨེ་ཛིའི་ནད་ཕོག་ཡོད་པའི་སེམས་ངལ་ཆེན་པོ་མྱངས་དགོས་པ་མ་ཟད་ནད་པར་གཉོར་སྐྱོང་ཡང་བྱེད་དགོས་པས་ཧ་ཅང་དཀའ་བའི་གནས་སུ་ལྷུང་ཡོད། ང་ཚོས་ཨེ་ཛིའི་ནད་འགོས་ཡོད་མཁན་གྱི་ཁྱིམ་མི་ལ་ལྟ་དུས་ཆགས་སྒོ་བྱུང་བའི་ཁྱིམ་ཚང་གཞན་མཐའ་དག་དང་འདྲ་བར་ཁོ་ཚོར་བརྩེ་སེམས་དང་རོགས་རམ་གང་ལེགས་བགྱི་དགོས། འདི་ནི་ཨེ་ཛའི་ནད་འགོ་ཁྱབ་ལ་ཚོད་འཛིན་བྱས་ཏེ་བདེ་འཇགས་ཀྱི་སྤྱི་ཚོགས་ཤིག་སྐྲུན་པར་དགོས་གལ་ཤིན་ཏུ་ཆེའོ། །
23. གལ་སྲིད་ཨེ་ཛིའི་ནད་འགོས་ཚེ་ཇི་ལྟར་བྱ།
གལ་སྲིད་སྟབས་མ་ལེགས་པར་ཨེ་ཛིའི་ནད་འགོས་པ་ཡིན་ན། འཚོ་བ་དང་སེམས་ཁམས་ལ་གནོད་རྐྱེན་ཚབས་ཆེན་ཐེབས་ཡོང་། ཡིན་ནའང་ཨེ་ཛིའི་ནད་ཀྱི་ནད་དུག་འགོས་པ་དེ་ཨེ་ཛིའི་ནད་ཀྱི་ནད་པར་ཆགས་པ་མ་ཡིན་ལ། ཨེ་ཛིའི་ནད་ཀྱི་ནད་དུག་འགོས་པ་དེ་ཨེ་ཛིའི་ནད་ཀྱི་ནད་དུག་དེ་མིའི་ཕུང་གསེང་ནས་དུས་ཡུན་རིང་པོ་བག་ལ་ཞ་བར་གནས་པ་ཡིན་ཞིང་། བག་ལ་ཞ་བའི་དུས་ཡུན་ནང་བདེ་ཐང་ཅན་གྱི་མི་དང་ཁྱད་པར་ཅི་ཡང་མེད། གནད་འགག་ནི་ནད་སྐྱེད་པའི་དུས་ཚོད་རིང་དུ་བསྲིངས་པ་དེར་ཐུག་ཡོད། ཁྱོད་ཀྱིས་གཤམ་གསལ་ལྟར་བསྒྲུབ་ཐུབ་ཚེ། རིམས་འགོག་ནུས་སྟོབས་མགྱོགས་པོར་ཇེ་ཞན་དུ་མི་འགྲོ་བ་དང་།ཨེ་ཛིའི་ནད་ཀྱི་ནད་དུག་གི་གྲངས་ཀ་ཡང་མགྱོགས་པོར་མང་དུ་མི་འཕེལ་བ་རྒྱུན་འཁྱོངས་བྱ་ཐུབ་སྟེ།
(1) དངོས་ཡོད་དང་ཁ་གཏད་ཐུབ་པ། རང་གིས་རང་ལ་དམའ་འབེབས་མཐོང་ཆུང་མི་བྱེད་པ། སེམས་ཁམས་སྙོམས་སྒྲིག་དང་སྤྲོ་སྣང་གི་སེམས་ཁམས་རྒྱུན་འཁྱོངས་བྱེད་པ།
(2) དུས་ཚོད་ངེས་ཅན་རེའི་ནང་དུ་སྨན་ཁང་ལ་ཕྱིན་ཏེ་བརྟག་དཔྱད་བྱེད་པ་དང་སྨན་པའི་མཛུབ་སྟོན་ལ་མཉན་པ།
(3) ནད་འགོ་བ་དང་པགས་སྐྱི་རལ་བར་འཛེམ་དགོས་པ་དང་ཧུར་ཐག་གིས་དམིགས་གཞི་ཅན་གྱི་སྨན་བཅོས་བྱེད་པ།
(4) གལ་སྲིད་ཁྱོད་ཀྱི་ལུས་ཁམས་བདེ་ཐང་ཡིན་ན་མུ་མཐུད་ནས་ལས་ཀ་བསྒྲུབས་ཆོག ལས་ཀ་ཡོད་པ་དང་ངལ་རྩོལ་བྱེད་ཐུབ་ན་རང་ཉིད་སེམས་ཁམས་བདེ་ཐང་ལ་ཕན་པ་མ་ཟད་དཔལ་འབྱོར་གྱི་ཡོང་སྒོ་ཡང་རྒྱུན་འཁྱོངས་བྱ་ཐུབ།
(5) ཉེན་ཚབས་ཆེ་བའི་སྤྱོད་ལམ་ལ་འཛེམ་པ།
(6) ཟས་བཅུད་འཛོམས་དགོས་པ་དང་ངལ་གསོ་ཡག་པོ་གཏོང་བ།
(7) ཆང་དང་ཐ་མག་གཅོད་པ་དང་གང་འཚམ་གྱིས་ལུས་རྩལ་སྦྱོང་བརྡར་བྱེད་དགོས་ལ། འཚོ་བར་ཆོས་ཉིད་ལྡན་དགོས། འདི་ལྟར་བྱས་ན་ཨེ་ཛིའི་ནད་སྐྱེད་པའི་དུས་ཚོད་རིང་དུ་བསྲིངས་ཐུབ་ལ་ཚེ་ཐག་ཀྱང་རིང་དུ་གཏོང་ཐུབ། ནམ་ཞིག་གི་ཚེ་མིའི་རིགས་ཨེ་ཛིའི་ནད་ལས་རྒྱལ་ཡོང་བར་ཡིད་ཆེས་བདོག་དགོས།
24. ཨེ་ཛིའི་ནད་ཀྱི་ནད་འགོས་ཡོད་པ་རྣམས་ཀྱིས་མི་གཞན་དང་ཇི་ལྟར་འབྲེལ་འདྲིས་བྱེད་དགོས།
ཨེ་ཛིའི་ནད་འགོས་ཡོད་པའི་མིས་རང་ཉིད་ལ་བདག་སྐྱོང་ཡག་པོ་བྱེད་དགོས་པར་མ་ཟད། མི་གཞན་ལའང་འབྲེལ་བ་ཡག་པོ་འཛིན་དགོས། རང་གིས་རང་ལ་མཐོང་ཆུང་མ་བྱས་ན་ད་གཟོད་མི་གཞན་གྱིས་ཁྱོད་ལ་མཐོང་ཆུང་བྱེད་མི་སྲིད།
(1) ནད་ཀྱི་གནས་ཚུལ་དྲང་མོར་རང་གི་བཟའ་ཟླ་ལ་བཤད་དགོས། ཨེ་ཛིའི་ནད་འགོས་ཚེ། སྔར་བཞིན་འཁྲིག་པ་སྤྱོད་ཆོག ཡིན་ནའང་རང་ཉིད་ལ་ནད་འགོས་ཡོད་པའི་གནས་ཚུལ་ཕ་རོལ་པོ་ལ་བཤད་དགོས། དེར་མ་ཟད་བདེ་འཇགས་ཀྱི་སྒོ་ནས་འཁྲིག་པ་སྤྱོད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ལ། སྦྲུམ་འགོག་འགྱིག་ཤུབས་བཀོལ་སྤྱོད་ཡང་དག་བྱས་ན་ནད་དུག་ཕ་རོལ་བོར་མི་འགོ
(2) ནད་ཀྱི་གནས་ཚུལ་བཟའ་ཟླ་དང་སྨན་པ་ལས་གཞན་པའི་མི་སུ་ལའང་མ་བཤད་ན་ཆོག་མོད། ཁྱོད་དང་མི་གཞན་དག་གི་བར་ལ་ཨེ་ཛིའི་ནད་འགོ་ངེས་པའི་སྤྱོད་ལམ་ཁེ་ཉེན་ཅན་འབྱུང་མི་རུང་།
(3) བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པ་ལྟར་ན། བསམ་བཞིན་དུ་ཨེ་ཛིའི་ནད་ཀྱི་ནད་དུག་འགོ་ཁྱབ་བྱེད་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན། དེ་བས་ན། བསམ་བཞིན་དུ་མི་གཞན་ལ་ཨེ་ཛིའི་ནད་གཏན་ནས་འགོ་བར་བྱེད་མི་རིགས།
(4) མི་གཞན་དང་སྨན་ཁབ་དང་སྐྲ་གྲི སོ་འདྲད་སོགས་ཀྱི་དངོས་ཆས་མཉམ་སྤྱོད་མི་བྱེད་པ།
(5) གཤེར་ཁྲག་དང་དོན་སྣོད། ཁུ་བ་སོགས་གནང་སྦྱིན་བྱེད་མི་རུང་། འདི་ལྟར་བྱས་ན་ཉེ་འཁོར་གྱི་མི་ཀུན་གྱིས་ཁྱོད་ལ་བརྩི་བཀུར་བྱེད་ངེས་ཡིན་པས། རང་ཉིད་ཀྱི་རྒྱུན་ལྡན་འཚོ་བ་དང་ལས་ཀར་ཕན་ཐོགས་ཡོད།
25. ཨེ་ཛིའི་ནད་དུག་འགོས་ཡོད་མཁན་དང་ཨེ་ཛིའི་ནད་པའི་འོས་འགན་དང་འགན་འཁུར་ནི་ཅི།
(1) ཨེ་ཛིའི་ནད་དུག་འགོས་ཡོད་མཁན་དང་ཨེ་ཛིའི་ནད་པས་སྨན་པའི་མཛུབ་སྟོན་ལ་ཉན་དགོས་པ་དང་འཕྲོད་བསྟེན་རིམས་འགོག་སྡེ་ཁག་གི་དོ་དམ་ལ་བརྩི་འཇོག་བྱ་དགོས།
(2) ཨེ་ཛིའི་ནད་པས་གནས་སྐབས་སུ་གཉེན་སྒྲིག་མི་་བྱེད་པ་དང་། ཨེ་ཛིའི་ནད་དུག་འགོས་ཡོད་མཁན་དག་གིས་གཉེན་སྒྲིག་རེ་ཞུ་བྱེད་ན་ཕྱོགས་གཉིས་ཀས་གསོ་རིག་ཕྱོགས་ཀྱི་བློ་འདྲི་དང་ལེན་བྱེད་དགོས།
(3) རང་ཉིད་ཨེ་ཛིའི་ནད་དུག་འགོས་ཡོད་མཁན་དམ་ཡང་ན་ཨེ་ཛིའི་ནད་པ་ཡིན་པ་ཤེས་བཞིན་དུ་མི་གཞན་ལ་འགོ་བར་བྱས་ན་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འོས་འགན་བདའ་འདེད་བྱེད་དགོས།
(4) ཨེ་ཛིའི་ནད་དུག་འགོས་ཡོད་མཁན་དམ་ཡང་ན་ཨེ་ཛིའི་ནད་པས་གཤེར་ཁྲག་དང་ཁུ་བ། དོན་སྣོད། ཕྲ་ཕུང་སོགས་གནང་སྦྱིན་བྱེད་མི་ཆོག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།