རྡོ་གྲུབ་ཆེན་གེ་སར་རིག་གནས་སྒྱུ་རྩལ་མདོ་ཙམ་གླེང་བ།

རྩོམ་པ་པོ།:འཇམ་དབྱངས་ཤེས་རབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-29 09:25:00 ཀློག་གྲངས།:

  བོད་ཁ་བ་རི་པ་སྤྱིའི་གླེང་སྲོལ་ལྟར་བོད་ཀྱི་སྲོལ་རྒྱུན་ཟློས་གར་རྣམ་ཐར་ཆེན་མོ་བརྒྱད་སོགས་ཀྱི་ཕྲིན་ལས་ཀྱི་བྱེད་པོ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཞེས་གྲགས་པ་དེ་ཉིད་ཀྱི་བཞུགས་གནས་"འཆི་མེད་ཐང་སྟོང་རྒྱལ་པོའི་ཕོ་བྲང་"རྡོ་གྲུབ་ཆེན་སྐུ་ཕྲེང་གསུམ་པ་སོགས་གྲུབ་རྗེ་སྐུ་འཕྲེང་རིམ་པས་མཚམས་སྒྲུབ་བཅད་རྒྱ་མཛད་པའི་གནས་མཆོག་དེ་ཉིད་ཀྱང་རྡོ་གྲུབ་ཆེན་དགོན་པའི་གཡོན་ཕྱོགས་བརྫི་མེད་བཀྲ་ལེབ་གོང་མའམ་རི་ཁྲོད་ལྷ་ཡི་དགའ་ཚལ་དུ་མཆིས་པ་དང་། སེང་ཆེན་མི་ཡི་ནོར་བུ་སྐུ་དངོས་ཀྱིས་རྡོ་གསེར་གྱི་ཁམས་འདི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཡིན་པའི་དན་རྟགས་སུ། རྡོའི་ལུང་བཟང་དང་རྒོད་ཚང་གཉིས་ཀྱི་དབར་དུ་ལྷ་རྟ་རྐྱང་ངུའི་རྟོད་ཕུར་རམ་འབྲུག་མོས་རྟ་བཏགས་སའི་ལྷ་ཤིང་ཤུག་པའི་སྡོང་བོ་"ཤུག་པ་ལྷ་མོ་"ཞེས་པ་ཤུག་པ་གཞན་དང་ཡེ་མི་མཚུངས་པའི་སྣུམ་ཤིག་གེ་བ་ཞིག་ཡོད་པ་དེ་དང་། གཞན་འབྲུག་མོས་ཆུ་ལེན་སའི་ཆུ་མིག་དང་། "རྡོའི་རྨོག་སྐེ་" ཞེས་པ་སེང་ཆེན་དགྲ་ལྷའི་རྒྱལ་པོའི་དབུ་རྨོག་གཏེར་དུ་སྦས་པར་གླེང་ཞིང་། བྲག་དེའི་ཚུགས་ཀའང་རྨོག་ཅིག་དང་ཧ་ཅང་འདྲ་མཚུངས་སུ་ཆགས་ཡོད། དེ་ནི་རྡོའི་ཨ་རུའི་ནགས་ཀྱི་འགབ་དང་རྡོའི་རྒུར་ཆུང་ཐང་གི་ཐད་སོ་ངོ་མ་དེར་ཡོད་དོ། ། ཤན་པ་དང་རྒྱ་ཚ་ཁྲོ་ཐུང་སོགས་ཀྱི་རྨོག་ཡིན་ཟེར་མཁན་ཡང་ཡོད་མོད་ལོ་རྒྱུས་ཡིག་ཆ་དག་མོ་ཞིག་ད་ཕན་མ་མཐོང་། དེའི་འདབས་སུ་རྨོག་སྐེའི་མཚོ་ཟེར་བ་དེ་ལ་རྐུབ་ཀྱང་མེད་ཟེར་སྲོལ་ཡོད་པ་མ་ཟད་དེའི་ནང་དུ་མཚོ་གླང་འོང་རྒྱུ་ཡོད་པ་ནི་འཇིག་རྟེན་རྙིང་བའི་སྐབས་ན་ཧ་ཅང་མང་བར་གླེངས། དཔེར་ན་སྔོན་ཆད་གནས་དེར་གླིང་ཐང་གཞུག་ཚང་ཟེར་བའི་ཁྱིམ་ཚང་ཞིག་ཡོད་ཅིང་། དེ་ཚང་གི་ཕྱུགས་གྲས་སུ་མཚོ་གླང་དེའི་རིགས་རྒྱུད་ཀྱང་མང་དུ་ཡོད་པ་སེམས་ཅན་གཞན་དང་མི་འདྲ་བ་ཞིག་ཡིན་པར་ཀུན་མཐུན་གྱིས་བཤད་དོ། །
  དེ་བཞིན་རྡོ་གྲུབ་ཆེན་གྱི་གདན་ས་སྔ་གཞུག་གསུམ་ཙམ་འབྱུང་བ་ལྟར་རྡོ་གསེར་གཉིས་ནི་རྡོ་གྲུབ་ཆེན་གྱི་གདུལ་བྱའི་ཞིང་སྣང་གི་གཙོ་ཤོས་ལགས་པས།  གསེར་གྱི་རྔ་ལ་སྟག་རྩེར་གསེར་བའི་ཉི་འབུམ་དར་ཡག་གི་བླ་མཚོར་གྲགས་པ་ད་ལྟའང་མ་ཉམས་པར་མཆིས་པ་སོགས་རྡོ་གྲུབ་ཆེན་གདན་ས་གོང་མར་གླིང་གེར་སར་དང་འབྲེལ་བའི་རི་བྲག་སོགས་གནས་མང་དུ་ཡོད།
  གཞན་རྡོ་གྲུབ་ཆེན་གྱི་ལྷ་སྡེ་འདིར་གླིང་གེ་སར་གྱི་སྒྲུང་གཏམ་རིང་མོ་མ་སྦྱངས་རང་འབབ་སུ་ཡོད་པའི་མི་སྣ་སོགས་ཡོད་པས་མཚོན་རྡོ་གྲུབ་ཆེན་དགོན་པ་ནི་གེ་སར་འདོན་སྒྲུབ་དང་། གེ་སར་བཅའ་བཟོ། གེ་སར་ཟློས་གར་འཁྲབ་སྟོན་སོགས་གླིང་རྗེ་གེ་སར་དང་འབྲེལ་བའི་རིག་གནས་དུ་མའི་འབྱུང་ཁུངས་སུ་གྱུར་ཡོད་པ་མ་ཟད་སྲོལ་རྒྱུན་ཟློས་གར་དུ་མའི་རྟེན་འབྲེལ་གཡང་དུ་ཆགས་པའི་གནས་མཆོག་ཞིག་གོ།  དེས་ན་གནས་འདིར་རྡོ་གྲུབ་ཆེན་ཡབ་སྲས་ཀྱི་སྐུ་རིང་ཙམ་མ་ཡིན་པར་གྲུབ་ཆེན་ཐང་སྟོང་རྒྱལ་པོ་སྐུ་དངོས་ཀྱིས་སྲོལ་རྒྱུན་ཟློས་གར་སོགས་མཛད་ཕྲིན་དུ་མ་ཞིག་སྤེལ་བར་ངེས་ཏེ། ཁོང་གི་ཕོ་བྲང་གི་ཤུལ་ད་ལྟའང་མ་ཡོད་པས་སོ།།
  རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་པ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་བོ་མཆོག་དང་། རིག་འཛིན་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཀྱང་སྐུ་ན་ཆུང་ངུའི་དུས་ནས་གེ་སར་ནོར་བུ་དགྲ་འདུལ་གྱི་རྣམ་ཐར་དང་རྟོགས་བརྗོད་ལ་དགྱེས་ཤིང་། གེ་སར་སྒྲུབ་པ་དང་། གེ་སར་ཕྱག་མོ། གེ་སར་བསང་གསོལ་མཆོད་བསྟོད་བཅས་ཀྱི་མཛད་སྲོལ་རྒྱུན་གཏན་དུ་གྱུར་ཡོད། ཁྱད་པར་དུ་རྡོ་གྲུབ་ཆེན་སྤྲུལ་སྐུ་རིག་པོ་ཚང་གིས་གེ་སར་ཅོག་ཙེ་སྒྲུབ་པ་དང་།  གེ་སར་འབེབས་པ་སོགས་སྐུ་ན་ཕྲ་བའི་དུས་ནས་གནང་སྲོལ་བདོག་ཅིང་།  དུས་རྒྱུན་སྔོན་གླིང་གི་དཔའ་རྟུལ་ཚོའི་ཆ་བྱད་འདི་དང་འདི་ལྟ་བུ་ཞེས་ཞལ་བཀོད་གནང་བ་ལ་མི་འཇིགས་པའི་ཐུགས་སྤོབས་གཟེངས་སུ་མཐོ་བས།  ཁོང་གིས་མཁྱེན་རྩལ་ལས་བྱུང་བའི་གེ་སར་འཁྲབ་སྟོན་གྱི་རྒྱུན་གསར་སྤེལ་གནང་བ་རེད་ལ།  སྔོན་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་དགོངས་སྲོལ་ལྟར་བོད་ཀྱི་རྣམ་ཐར་ཁག་གི་འཁྲབ་སྟངས་དང་གླུ་གཞས་ཀྱི་འགྱུར་ཁུགས་སོགས་ཀྱང་སྐྱེས་ཐོབ་ཀྱི་ཤེས་རབ་ཁོ་ན་ལ་བརྟེན་ནས་ཇི་བཞིན་མཁྱེན་གྱིན་ཡོད་པ་རེད།
  ཡང་རྡོ་གྲུབ་ཆེན་རིག་འཛིན་འཇའ་ལུས་རྡོ་རྗེའི་རྣམ་ཐར་རྒྱས་བསྡུས་དུ་མ་ལས་གསལ་བ་ལྟར། ཕྱི་ལོ་1953ལོར་༧རྡོ་གྲུབ་ཆེན་རིག་འཛིན་འཇའ་ལུས་རྡོ་རྗེས་དེ་དུས་བོད་མདོ་སྨད་ཕྱོགས་ན་སྲོལ་རྒྱུན་རིག་གནས་ཆ་ཚང་ལག་ལེན་དངོས་མྱོང་གི་བྲོ་བ་མ་ཉམས་པར་བཞུགས་པའི་བྱང་བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་སྡེ་ནས་བོད་ཀྱི་རྣམ་ཐར་ཟློས་གར་ཧ་ཅང་མང་བོ་ཞིག་གི་འཁྲབ་སྟོན་གྱི་རྒྱུན་བླངས་ཏེ།  རིམ་བཞིན་རྒྱལ་སྲས་དྲི་མེད་ཀུན་ལྡན།  འགྲོ་བ་བཟང་མོ།  མཁན་སློབ་ཆོས་གསུམ།   སྲོང་བཙན་སྒམ་པོ་སོགས་དགོན་སྡེ་འདི་ནས་འཁྲབ་སྟོན་བྱས་ཤིང༌སྔར་ཡོད་གེ་སར་རིག་གནས་སྒྱུ་རྩལ་ཡང་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། ཁྲབ། རྨོག གོ་རལ། སག་ཐག དར་ཕྲུ། ཚེ་མདུད། སྦ་ལྕག་སོགས་ཀྱང་ཉམས་དོད་པོ། འཇོན་པོ། ཡིད་འགུལ་ཐེབས་པ། བྱིན་རླབས་ཆེ་བ་སོགས་སུས་ཀྱང་འཁྱོངས་དཀའ་བ་དུ་མ་དང་།  གཞན་ཁས་འགུལ་ཕྲུགས་དང་། ལག་པ་རྡེབ་སྟངས། རྟ་འདོགས་ལུགས་དང་ཞོན་ལུགས། ཀི་བསོ་གཏོང་ལུགས། གྲལ་སྒྲིག་ཚུལ་ཞིག་གི་མཐའ་རྟེན་དང་བཅས་སྒྲིག་འཛུགས་དང་གོ་རིམ་ཡོད་པ། དད་ལྡན་མང་ཚོགས་ལ་དད་གུས་ངོ་མཚར་གྱི་སྤྲོ་སྣང་འགྱེད་པའི་ཁྱད་ཆོས་འབུར་དོད་ཡོད་པ་ཞིག་བསྐྲུན་པར་མ་ཟད། འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱི་རྟོགས་བརྗོད་རབ་དང་རིམ་པ་འཁྲབ་སྟོན་དགོངས་འཆར་དང་། འཁྲབ་ཚན་འདེམས་བཀོད་སོགས་སྲོལ་ག་མང་བོ་ཞིག་གསར་འཛུགས་གནང་ངོ་།། 
  ཡང་རྡོ་གྲུབ་ཆེན་རིག་འཛིན་འཇའ་ལུས་རྡོ་རྗེ་སྐུ་དངོས་ཀྱིས་རྣམ་ཐར་འཁྲབ་སྟོན་གྱི་ཐོག་མར་འཁྲབ་སྟོན་མི་སྣ་དག་ལ། བགེགས་བསྐྲད་དང་། ཕྱག་ནས་འཐོར་ཞིང་ཞལ་ཕུ་འདེབས་པ་བཅས་བྱིན་རླབས་མཛད་པས་འཁྲབ་ཞུགས་མི་སྣ་རེ་རེ་བཞིན་ཟིལ་ཤུགས་དང་། དངོས་ཉམས། འཕུར་བ་དང་ཆོས་སྐྱོང་བབ་པ་སོགས་ཤིན་ཏུ་ཡ་མཚན་པའི་ལོ་རྒྱུས་དུ་མ་བདོག  དེ་བཞིན་དུ་འཆམ་མཁན་མི་སྣ་གཅིག་ལའང་འཁྲབ་སྟོན་ཉིན་ཞག་དེའི་རིང་དུ་འཕྲལ་བྱུང་རྐྱེན་གྱིས་མི་ཚུགས་པ་ཙམ་དུ་མ་ཟད། སྤྱིར་ཡང་ཚེ་ཕྲེང་བར་ཆད་སེལ་ཞིང་། ཁ་ལས་ཀླུང་རྟ་དར་བའི་ཁྱད་ཆོས་དུ་མ་ཡོད་ཅེས་གནའ་རྒན་དག་གིས་གླེངས་སོ།།
  གོང་དུའང་མཚོན་ཙམ་བཀོད་པ་དེའི་ཕྱིར་རྡོ་གྲུབ་ཆེན་གེ་སར་ཟློས་གར་འཁྲབ་སྟོན་འདི་རྨ་ཡུལ་མགོ་ལོག་ཙམ་མ་ཡིན་པར་སྨད་མདོ་ཁམས་ཀྱི་གེ་སར་ཡིད་བཞིན་ནོར་བུའི་ཟློས་གར་འཁྲབ་སྟོན་གྱི་ཆེས་ཐོག་མ་དང་ལྟེ་གནས་གཙོ་བོར་གྱུར་ཡོད་དོ། །
  དེ་ནས་རིམ་བཞིན་གྲུབ་ཆེན་གླིང་སྤྲུལ་གྱི་སྐུ་ཚེ་དེ་ཉིད་དུ་མཚོ་སྔོན།  སི་ཁྲོན་སོགས་ཀྱི་དགོན་སྡེ་ཁག་སོག་དགོན་པ།  བ་སེ་དགོན་པ།  གླིང་འབུད་དགོན་པ།  སྡེར་ནང་དགོན་པ།  རེབ་གོང་གི་དགོན་སྡེ་ཁག  འཇོ་རོ་དགོན་པ།  གསང་ལུང་དགོན་པ་སོགས་སུ་རྣམ་ཐར་ཁག་ཅི་རིག་པའི་འཁྲབ་རྒྱུན་དེ་དབྱར་མཚོ་བཞིན་ཡུལ་གྲུ་ཀུན་ཏུ་འཕེལ་ལོ། །འོན་ཀྱང་ལོ་བཅུའི་རིག་གསར་གོད་ཆགས་སྐབས་སུ་སྤྱིར་སྲོལ་རྒྱུན་རིག་གནས་རྨད་དུ་བྱུང་བ་དུ་མ་ཉམས་རྒུད་དུ་སོང་བ་དང་།  ཁྱད་པར་དུ་སྐྱབས་རྗེ་རིག་འཛིན་འཇའ་ལུས་རྡོ་རྗེ་ཁོང་སྐུ་འདས་གྲོངས་སུ་ཕྱིན་པས་གེ་སར་ཟློས་གར་སོགས་རྣམ་ཐར་འཁྲབ་སྟོན་དག་ཀྱང་"སྐྱ་ཟད་སྔོ་རྡུག་"གི་གནས་སུ་ལྷུང་ངོ་། །
  ཡིན་ནའང་རྗེས་སུ་རྗེ་གང་གི་འཕྲིན་ལས་ཀྱི་བྱེད་པོར་བཀས་དབུགས་དབྱུང་ཐོབ་པའི་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་གིས་ཁམས་དབལ་ཤུལ་གསེར་རྟ་ནས་ཕྱི་ལོ1881དཔའ་བོ་ལྕགས་སྤྲེལ་ལོར་"གེ་སར་རིག་གནས་ཕོ་བྲང་"ཞེས་པ་ཆེད་བཙུགས་ཀྱིས་བསྐྱར་གསོ་གནང་ཞིང་།   དེ་དུས་གཟིགས་སྐྱོང་སྤྱན་འབེབས་གནང་མཁན་ལ། སེ་ར་ཡང་སྤྲལ་རིན་པོ་ཆེ་དང་།  ཡར་ལུང་མཆོག་སྤྲུལ་བསྟན་པའི་ཉི་མ། མཁའ་འགྲོ་ཏཱ་རེ་ལྷ་མོ། རྡོ་གྲུབ་ཆེན་སྤྲུལ་སྐུ་ཐུབ་བསྟན་ཀློང་ཡངས་རིག་འཛིན་རྒྱ་མཚོ། སྤྲུལ་སྐུ་མཉམ་མེད། སྤྲུལ་སྐུ་མདོ་སྔགས་སོགས་སྐྱེས་ཆེན་བླ་སྤྲུལ་དུ་མ་དང་། ཟློས་གར་ཚོགས་མི་ཡང་གོང་གསལ་བླ་སྤྲུལ་མང་ཤོས་ཀྱིས་མཚོན་མི་སྣ་ཆ་འཛོམས་གྲངས་ཀ་འཕར་སྣོན་བཅས་ཀྱིས་གེ་སར་ནོར་བུ་དགྲ་འདུལ་གྱི་རྟོགས་བརྗོད་འཁྲབ་སྟོན་གྱིས་མཚོན།  བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་ཀྱང་སླར་གསོ་གནང་བས་གསེར་རྟ་རྫོང་། རྡོ་གྲུབ་ཆེན། དཀར་མཛེས་རྫོང་།  བསྟན་རྒྱས་དགོན། སྐྱིད་ལུང་དགོན། ཞིང་ཆེན་བོད་ཡིག་སློབ་གྲྭ། དམ་པ་རྫོང་།   འཛམ་ཐང་རྫོང་། ཉག་རོང་རྫོང་།  པདྨ་རྫོང་། མགོ་ལོག་ལུང་སྔོན་དགོན།  མགོ་ལོག་ཁུལ།  རྒྱལ་ས་པེ་ཅིན་སོགས་ནང་རྒྱལ་གྱི་ས་གནས་སོ་སོ་དང་།   རྒྱ་གར་འབྲས་ལྗོངས་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡང་གེ་སར་ཟློས་གར་འཁྲབ་སྟོན་དང་འཁྲབ་རྒྱུན་ཁྱབ་བརྡལ་དུ་བཏང་ངོ་། །གཞན་གེ་སར་རྟ་འཆམ་དང་། གེ་སར་ཞབས་བྲོ་སོགས་གསར་བཏོད་ཀྱི་རིམ་པའང་མང་དུ་བདོག་པ་དེ་ནི། བསྟན་པ་ཡང་དར་གྱི་ལྡེའུ་མིག སྲོལ་རྒྱུན་ཟློས་གར་འཁྲབ་སྟོན་གྱི་བྱེད་པོ། པདྨ་ཐེག་མཆོག་རྒྱལ་མཚན་ཡབ་སྲས་ཀྱི་མཛད་ཕྲིན་ལགས་པ་ཀུན་གསལ་ལྟར་རོ།།
  དེ་ལྟར་རྫོང་དང་ཁུལ་ཞིང་ཆེན་རྒྱལ་ཁབ་རིམ་པར་སོང་སྟེ་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་དང་སྦྲགས་འཛམ་གླིང་ཟློས་གར་སྟེགས་བུའི་མཛེས་སྡུག་ལ། སྔ་ན་མེད་པའི་གསོན་ཉམས་དང་བརྗིད་ཤུགས་ཤིག་བསྐྲུན་ཐུབ་ཡོད་པ་དེའང་། པདྨ་ཐེག་མཆོག་རྒྱ་མཚོས་གེ་སར་ཟློས་གར་རྐང་འཆམ་བརྒྱུད་གར་སྟེགས་སྟེང་དུ་གདན་དྲངས་པའི་ཆེས་ཐོག་མའི་གོ་རིམ་ཡིན་ནོ། ། དེས་ན་ད་ལྟ་གསེར་རྟ་གེ་སར་ཟློས་གར་ཚོགས་པ་ཞེས་མཚན་སྙན་རྒྱལ་ཕྱི་ནང་ཀུན་ལའང་གྲགས་པ་འདིའང་རྡོ་གྲུབ་ཆེན་གྱི་མཛད་ཕྲིན་ལས་བྱུང་བ་ལགས་སོ། །
  རིག་གསར་རྗེས་སུ་རྡོ་གྲུབ་ཆེན་རང་དགོན་དུ་ཕྱི་ལོ་1991བོད་རབ་རྒྱལ་ལྕགས་ལུག་ཟླ་6ཚེས་6ལ། ༧རྡོ་གྲུབ་ཆེན་སྐུ་ཕྲེང་ལྔ་བ་ཐུབ་བསྟན་ཀློང་ཡངས་རིག་འཛིན་རྒྱ་མཚོ་མཆོག་སྐུ་དངོས་བསྐྱོད་ཀྱི་དབུ་ཁྲིད་ཡང་དག་པའི་འོག  མཆོག་སྤྲུལ་འཇིགས་མེད་དགེ་ལེགས་སམ་མོས་པ་ལགས་དང་སྒྲིག་བདག་གཉིས་སོགས་མི་གྲངས་དྲུག་ཅུ་ལྷག་ལས་གྲུབ་པའི་གེ་སར་ཟློས་གར་ཚོགས་པ་ཆེད་བཙུགས་ཀྱིས་སླར་ཡང་སྔར་ལས་ལྷག་པར་དར་རྒྱས་སུ་སོང་བ་སྟེ།  དེའང་རྟ་རྒྱུགས་རྒྱན་འཇོག  དཔའ་རྟུལ་ངོ་སྤྲོད། འདན་མའི་ནས་རྫོང་།   མངའ་རིས་གསེར་རྫོང་།  ཁ་ཆེ་གཡུ་རྫོང་།  རྟ་ཉོ་རྟ་ཚོང་། ལྷ་གླིང་གབ་རྩེ་དགུ་སྐོར། གེ་སར་ཞབས་བྲོ། མ་སེང་དགྲ་དྲུབས་སོགས་གེ་སར་ཟློས་གར་གྱི་སྐོར་དང་།  མཁན་སློབ་ཆོས་གསུམ།  དྲི་མེད་ཀུན་ལྡན་སོགས་རྣམ་ཐར་གཞན་དག་ཀྱང་དགོན་གནས་དུ་མར་ཁྱབ་སྤེལ་གནང་ཞིང་མགོ་ལོག་ཁུལ་སྟོན་སོགས་སུ་གོང་རིམ་གྱི་སྒྲིག་བཀོད་བཞིན་ཐེངས་དུ་མར་གེ་སར་ཟློས་གར་ཚོགས་པ་ཆེད་གཏོང་གིས་འཁྲབ་སྟོན་བྱས་ཤིང་། རང་དགོན་ནས་ཀྱང་སྔར་སྨྲོས་རྣམ་ཐར་དེ་དག་ཕལ་ཆེ་བ་ལོ་རེ་རེ་བཞིན་འཆམ་སྦྱང་ཟླ་གཅིག་ལྷག་དང་། དངོས་འཆམ་ལན་གཉིས་རེ་བཅས་ཉིན་བཅུ་ཡས་མས་ལ་བྱེད་སྲོལ་ཡོད་པ་སོགས་ལ་བརྟེན་ནས། རྡོ་འཛི་སྨར་གསུམ། གསེར་རྟ། དམ་པ། རོང་བྲག སྡེ་དགེ། རྫ་ཆུ་ཁ་བ། རྒྱལ་རོང་། དབལ་པཎ། རེབ་གོང་། མཚོ་སྔོན་པོ་སོགས་ནས་ལྟད་མོ་པ་ནམ་མཁའི་སྤྲིན་ལྟར་འདུ་བཞིན་པ་འདི་ག་ལགས་སོ།།   རྡོ་གྲུབ་ཆེན་ལྔ་བ་རིན་པོ་ཆེ་འདི་ནི་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གྱི་རྣམ་རོལ་ལགས་པར་ལུང་གིས་བསྔགས་པ་ལྟར། སྙན་ལུང་དགོན་སོགས་དགོན་སྡེ་ཁག་དང་ས་གནས་དུ་མར་ཁོས་གིས་འཇང་སྲས་འཁྲབ་སྟོན་གནང་ཚེ་དངོས་སུ་བབ་པ་བྱུང་བས་ཀུན་གྱིས་མཐོང་བཀུར་ཚད་མེད་ཐོབ་བོ།།
  ཡང་ཁོང་གིས་མངའ་རིས་གསེར་རྫོང་དང་། ཁ་ཆེའི་གཡུ་རྫོང་སོགས་ཀྱི་འཆམ་གསར་འཛུགས་དང་། དེ་དག་གི་དྲང་ལྡོག་མི་སྣ་ཡོངས་ཀྱི་དམག་འཆམ་གསར་བཏོད། དེ་བཞིན་དུ་རྩལ་སྦྱོང་བྱ་ཐབས། མདུང་སྐོར་དང་གྲི་གཡུག་ཚུལ་ཚུན་ཆད། དཔའ་རྟུལ་ཚོའི་གླུའི་གདངས་དབྱངས་གསར་སྒྲིག་དང་དག་བཅོས་ཡོ་བསྲང་བླ་མེད་གནང་། དེའི་ཕྱིར་དེ་དག་ལ་ཟློས་གར་རིག་པ་ལ་ཉམས་མྱོང་གི་དྲོད་ཐོབ་པ་དུ་མས་གུས་བཀུར་དང་གདེང་འཇོག་ཆེན་པོ་ཐོབ་པས་མཚོན་ཏེ་རྡོ་གྲུབ་ཆེན་གེ་སར་རིག་གནས་སྒྱུ་རྩལ་བླ་ནས་བླ་རུ་བཏེགས་སོ།།
  གོང་གསལ་གེ་སར་ཟློས་གར་གྱིས་མཚོན་རྣམ་ཐར་དེ་དག་གི་ཟློས་གར་འཁྲབ་གཞུང་ཡང་རྡོ་གྲུབ་ཆེན་རིག་འཛིན་འཇའ་ལུས་རྡོ་རྗེ་དང་།  རྡོ་གྲུབ་ཆེན་ཐུབ་བསྟན་ཀློང་ཡངས་རིག་འཛིན་རྒྱ་མཚོ།  པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། མཁན་པོ་བསོད་ནམས་ཉི་མ་རྣམས་ཀྱིས་དངོས་སུ་སྒྲིག་སྦྱོར་དང་ཟིན་བྲིས་མཛད་པ་ཤ་སྟག་ཡིན་ཏེ། ཆོས་རྒྱལ་དྲི་མེད་ཀུན་ལྡན། རྟ་རྒྱུགས་རྒྱན་འཇོག མངའ་རིས་གསེར་རྫོང་། ཁ་ཆེ་གཡུ་རྫོང་། རྟ་ཉོ་རྟ་ཚོང་། འགྲོ་བ་བཟང་མོ། འདན་མའི་ནས་རྫོང་། དཔའ་རྟུལ་ངོ་སྤྲོད་སོགས་འཁྲབ་གཞུང་གྲངས་བཅུ་ཕྲག་ལྷག་ལ་ཟིན་པ་དེ་དག་ལས་ཆུད་ཟོས་སུ་ཕྱིན་པ་རེ་ཟུང་ཕུད་གཞན་ད་ལྟ་དངོས་སུ་ཡོད་དོ། །
  བློ་ཆུང་ཁ་ཅིག་ན་རེ།  རྡོ་གྲུབ་ཆེན་གྱི་གེ་སར་ཟློས་གར་སྒྱུ་རྩལ་ནི་བྱང་བླ་བྲང་ནས་གདན་དྲངས་སོ་ཟེར་བ་ནི་ཡ་ཆ་སྟེ། བྱང་བླ་བྲང་བཀྲ་ཤིས་འཁྱིལ་ནས་བོད་ཀྱི་རྣམ་ཐར་ཆེན་མོ་གཞན་དག་གི་འཁྲབ་སྲོལ་དང་།  འབུད་དཀྲོལ། གྱེར་ཚིག སྟངས་སྟབས། ཆས་ཀ་ཡོ་བྱད། འབག་གོས་ཀྱི་བཟོ་དབྱིབས། རྩལ་སྦྱང་ཉམས་འགྱུར་སོགས་མང་བོ་ཞིག་ནང་འདྲེན་བྱས་པ་དང་། ལེགས་ཆ་གང་མང་ཞིག་མིག་དཔེར་བཟུང་བ་བཅས་ནི་བདེན་མོད། བྱང་བླ་བྲང་དགོན་དུ་གེ་སར་རྟ་རྒྱུགས་དང་། གེ་སར་གཡུལ་འགྱེད་སོགས་འཇིག་རྟེན་གསར་རྙིང་གང་དུའང་འཆམ་སྲོལ་མེད་པས། དེ་ལས་འཁྲབ་རྒྱུན་བླངས་པ་ནི་མོ་གཤམ་བུ་ཡི་འགྱིང་བག་དཔྱད་པ་དང་མི་མཚུངས་སམ། གདན་ས་དེ་ནས་གེ་སར་ཟློས་གར་འཁྲབ་སྟོན་མི་གནང་བའི་རྒྱུ་མཚན་ཡང་གེ་སར་དང་གནས་ཆུང་ཆོས་སྐྱོང་གཉིས་མ་འགྲིགས་པས་ཡིན་པར་གྲགས་པས་སོ།།  
  དེས་ན་སྒྲུབ་བརྒྱུད་དམ་པ་གོང་མའི་བཞེད་དགོངས་གཞིར་བྱས་རྡོ་གྲུབ་ཆེན་སློབ་ཚོགས་དང་བཅས་པའི་དག་སྣང་དང་གཏེར་འདོན་གྱིས་མཚོན་རྟེན་འབྲེལ་གྱི་གནད་བསམ་གྱིས་མི་ཁྱབ་པའི་མཐུ་ལས་གྲུབ་པར་ངེས་སོ།། སྤྱིར་ཡང་རིག་གནས་གང་ཞིག་དར་དགོས་ན་ཆེས་ཐོག་མར་དེའི་ཕན་རླབས་ཁས་ལེན་བཏུབ་ངེས་ཀྱི་ཁོར་ཡུག་རྣམ་དག་ཅིག་ཆགས་དགོས་པ་ནི་ལོ་རྒྱུས་ཀྱིས་བྱིན་པའི་དངོས་སྣང་ཞིག་གོ། །དེས་ན་གོང་དུ་ཞུས་པ་ལྟར་གེ་སར་འདོན་སྒྲུབ་ཀྱི་རིག་གནས་དར་བ་ནས་གེ་སར་ཅོག་ཙེ་སྒྲུབ་པ་སོགས་གེ་སར་ཟློས་གར་འཁྲབ་སྟོན་གྱི་བར་དུས་ཡུན་ངེས་ཅན་དང་ཁོར་ཡུག་རྣམ་དག་ཅིག་དགོས་པ་ཧད་དེ་བལྟས་ན་མི་གསལ་ཡང་ལྷོད་ཀྱིས་དཔྱད་ན་གྲུབ་པར་ངེས་སོ། །དིང་སང་ལ་ལས་གློ་རྡེག་ཅིག་ཏུ་རྒྱུ་མཚན་ཅི་ཡང་མེད་པར་དེ་དུས་ནས་ཡོད་དོ། ། ཅིག་ཅིག་ནས་འཁྲབ་བོ། །ཟེར་བ་ཁོ་ནས་ཀྱང་གོ་ཆོད་པར་འདུག་ཀྱང་ཆེས་འགྲིག་དགོས་པ་ནི་ལོ་རྒྱུས་ཀྱི་སྒྲོམ་གཞི་ཡིན་ནོ། །
  ད་ལྟ་མཆོག་སྤྲུལ་ཐུབ་བསྟན་ཀློང་ཡངས་རིག་འཛིན་རྒྱ་མཚོས་རྡོ་གྲུབ་ཆེན་དགོན་དུ།  དམངས་དངུལ་ཁྲི་1000གིས་འཛམ་གླིང་སེང་ཆེན་རྒྱལ་པོའི་ཟློས་གར་ཁང་ཆེན་པོ་ཞིག་རྡོ་གྲུབ་ཆེན་རང་དགོན་དུ་འཛུགས་སྐྲུན་བྱས་ཡོད་པ་མ་ཟད།  དེའི་ནང་དུ་དམངས་དངུལ་ཁྲི་200ལྷག་གིས་རྒྱུ་ཟངས་གསེར་ལས་གྲུབ་པའི་གླིང་གེ་སར་རྒྱལ་པོ་མི་རྟ་གཉིས་ཆར་གཤག་ཚད་ཅིག་དང་། འབྲུག་མོ།  ནེའུ་ཆུང་། ལྷ་སྲས་མཆེད་བཞི།  འདན་སྲས། ཞེ་ཐུལ་ཁྲ་གླག་སྤྱང་གསུམ།  ཡང་ཐུལ་དམ་པ་མི་བདུན་སོགས་རྨི་ཕྱེད་སུམ་དང་།  གཞན་རྨི་གཉིས་ཚད་ཀྱི་དཔའ་རྟུལ་ལྷག་མ་རྣམས་དང་། མདོར་དཔའ་ཐུལ་སུམ་ཅུ་པོ་ཐམས་ཅད་ཀྱང་མི་རྟ་ཆ་འཛོམས་ཟངས་གསེར་བཀྲ་མས་མགར་རྡུང་བཟོ་རྩལ་ཁྱད་འཕགས་ཀྱིས་བསྐྲུན་ཡོད་དོ།། ད་ལྟ་གྲུབ་སྤྲུལ་ཀློང་ཡངས་རིན་པོ་ཆེས་ཁོང་གི་སྐུ་ཚབ་ལ་པདྨ་ཐེག་མཆོག་རྒྱ་མཚོ་ལགས་བསྐོས་ནས་ གེ་སར་འཁྲབ་སྟོན་སོགས་ཟློས་གར་སྒྱུ་རྩལ་གྱི་ཚད་ཇེ་མཐོར་བཏང་ནས་རྣམ་ཐར་ཁག་འཁྲབ་སྟོན་བྱས་དང་བྱེད་མུས་ཡིན་ནོ། །
  སྔོན་དང་ད་ལྟའི་བར་ཀུན་ཏུ་རྡོ་གྲུབ་ཆེན་དགོན་པའི་གེ་སར་འཁྲབ་སྟངས་དང་། ཁྲབ་རྨོག་གོ་རལ་སོགས་ཀྱི་བཟོ་སྟངས། ཉམས་ཀྱི་འགྱུར་བག སྦྱང་བ་གཏོང་སྲོལ་སོགས་ཀྱིས་མཚོན་སྲོལ་རྒྱུན་ཟློས་གར་ཁག་སོ་སོ་སློབ་ཏུ་ཕྱོགས་ཀྱི་དགོན་མ་ལག་བུ་སྡེ། ཆོས་བརྒྱུད་གཅིག་དང་མི་གཅིག་ཀུན་ཀྱང་སླེབས་དང་སླེབ་བཞིན་པ་ཡིན་ནོ།། 
 

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།