རྡོ་གྲུབ་ཆེན་གེ་སར་རིག་གནས་སྒྱུ་རྩལ་མདོ་ཙམ་གླེང་བ།
དེའང་སེང་ཆེན་ནོར་བུ་དགྲ་འདུལ། ཡང་སེང་འཕྲུལ་གྱི་ལྡེའུ་མིག ས་ལ་བྱོན་པའི་སངས་རྒྱས། རྡོ་ལ་བབ་པའི་རང་བསྲེལ། གནམ་ཨ་སྔོན་མི་འགྱུར་ཀ་བ། ས་དོག་མོ་མི་འགྱུར་ཀ་གདན། སྒང་པ་བོད་ཀྱི་སྲོག་ཤིང་། ཚེ་ད་གང་སྐྱོབ་པའི་དཔོན་པོ། ཕྱི་མར་འདྲེན་པའི་བླ་མ། བདུད་འདུལ་ལས་ཀྱི་དབང་ཕྱུག རྣལ་འབྱོར་ཡོངས་ཀྱི་ཕོ་ཉ། རིག་འཛིན་ཡོངས་ཀྱི་སྤྱི་རྗེ། སྐྱེས་བུ་ཡོངས་ཀྱི་དགྲ་ལྷ། རྒྱ་བོད་གཉིས་ཀྱི་ནོར་བདག གོང་མ་ལྷ་ནས་བསྐོས་པ། བསྐོས་མི་ཨོ་རྒྱན་པདྨ། འོག་མ་ཀླུ་ནས་བཙུགས་པ། འཛུགས་མཁན་གཙུག་ནརིན་ཆེན། བར་མ་མི་ནས་གྲུབ་པ། སྒྲུབ་མི་ཐང་སྟོང་རྒྱལ་པོ། ཕྱི་བལྟས་ན་དགྲ་ལྷ་གོ་མཚོན་ཅན། ནང་སངས་རྒྱས་སྟོང་གི་རྣམ་སྤྲུལ། མགོན་ཨོ་རྒྱན་པདྨའི་རྒྱལ་ཚབ། ལྷ་རིགས་གསུམ་མགོན་པོའི་རྣམ་འཕྲུལ། སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་དགྲ་འདུལ་དཔའ་བོའི་ཚུལ་འཆང་བ། དྲག་པོ་དམག་གི་ཁ་ལོ་སྒྱུར་བ། སྨུག་པོ་ལྡོང་གི་རུས་རྒྱུད། ལྡོང་ར་ཁྲ་རྒད་པོའི་མི་རྒྱུད། རྨ་ཡུལ་གླིང་དཀར་སྟོད་ཀྱི་མངའ་བདག་དེ་ཉིད་ཆུ་གཉིས་ཆབ་མ་བརྡབ་འདྲ། བྲག་གཉིས་མདའ་སྒྲོ་གཤིབ་འདྲ། སྤང་གཉིས་བལ་སྟན་བཏིང་འདྲ། བྲག་སྦལ་བ་འདྲ་བའི་རྩ་བ། ས་སྐྱིད་སོའི་ཡག་གི་ཁ་མདོ་རུ། བསྐལ་པ་ས་སྟག་ཕྱི་ལོ་1038ལོའི་རྒྱལ་ཟླའི་ཚེས་བཅོ་ལྔ་ལ། ལྷ་ཨོ་རྒྱན་པདྨས་མཐུན་སྒྲུབ། དགྲ་ལྷ་ཝེར་མའི་དཔུང་གྲོགས་དང་བཅས་ཤིན་ཏུ་ངོ་མཚར་བའི་ལྟས་དང་འབྲེལ་སྐུ་བལྟམས་ཤིང་མཚན་ལ་ཇོ་རུ་ཞེས་ཐོགས་སོ།།
རིམ་བཞིན་བདུད་ཀྱི་བྱ་གླག་སྤུན་གསུམ་དང་མུ་སྟེགས་སྒོམ་པ་ར་ཙ་བཏུལ་ཞིང་། འདན་མའི་ནས་རྫོང་། མེ་རི་ཐོག་རྫོང་སོགས་མཐུ་དང་རྫུ་འཕྲུལ་གྱིས་ཆམ་ལ་ཕབ། ས་རྨ་ཡུལ་བདག་ཏུ་གཟུང་བ་དང་ས་བདག་དང་འབྱུང་པོ་ཨར་གཏད་སོགས་དགོས་པ་དུ་མར་གཟིགས་ཏེ་རྨ་ཡུལ་གཡང་གི་ར་བ་བདག་གིར་བཞེས། རེ་ཞིག་ནས་བྱང་ལྷ་རྟ་མགྲིན་དམར་པོའི་ལུང་བྱང་ལྟར་སྟག་རོང་དཔོན་པོ་ཁྲོ་རྒྱལ་དཔོན་གྱིས་གླིང་སྟོད་སྨད་བར་གསུམ་གྱི་ཕུ་ནུ་རྣམས་སྟག་རོང་གི་སྟོན་མོར་བསྡུས་ཏེ། གླིང་དཀར་མཆོག་དམན་ཀུན་ནང་ཚང་གྲོས་མཐུན་གྱིས་ལས་ཟོག་ནོར་བུ་ཆ་བདུན། གླིང་དཀར་གྱི་ཡ་བདག སྐྱ་ལོའི་རྒྱུ་བདག སེང་ལྕམ་འབྲུག་མོའི་སྐྲ་བདག་བཅས་མགྱོགས་འདོ་བའི་རྒྱན་ལ་འཇོག་རྒྱུའི་གྲོས་ཐག་བཅད་པ་ལྟར་དམར་མོའི་རྒྱན་བརྩད་པས་སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་མཚན་བསྟོད་དང་བཅས་དཔའ་ཁ་གཟེངས་བསྟོད་བློ་ཡུལ་ལས་འདས་པ་དེ་མ་འགོག་མོའི་ལྷ་སྲས་ཇོ་སྐྱིད་དམ་པའི་ཐོད་སྐལ་དུ་བབ། དེ་དང་ཆབས་ཅིག་རྨ་ཤེལ་བྲག་གི་གཏེར་སྒོ་ཕྱེས་ཏེ། སྲ་བའི་གོ་ཁྲབ། རྣོ་བའི་མཚོན་ཆ། མཆོད་པའི་ལྷ་སྐུ། འདོན་པའི་དཔེ་ཆ་སོགས་གཏེར་རྫས་དུ་མ་སྤྱན་དྲངས་སོ།།
དེ་ནས་སྟོད་གླིང་གསེར་བ་མཆེད་བརྒྱད། བར་གླིང་འོམ་བུ་ཚོ་དྲུག སྨད་གླིང་དམུ་སྤྱང་སྡེ་བཞི། སྟག་རོང་ཤོག་ཆེན་བཅོ་བརྒྱད། འདན་སྡེ་ཁྲི་སྐོར་བཅུ་གཉིས་སོགས་ཀྱི་གླིང་གི་དཔའ་རྟུལ་རྣམས་ལ་དབང་བསྒྱུར་པ་སྟེ། མི་འགྱུར་གྲོས་མགོ་འཛིན་མཁན་ལྡོང་གི་སྤྱི་དཔོན་ཁྲ་རྒན། ཡབ་རྗེ་སེང་བློན་རྒྱལ་པོ། ཁུ་བོ་སྟག་རོང་ཁྲོ་རྒྱལ་ཏེ་ལྡོང་གི་ཕ་ཁུ་མཆེད་གསུམ། ཕུ་བོ་འབུམ་པ་ཞལ་དཀར། གསེར་བའི་ཉི་མ་འབུམ་ཐུབ། འོམ་བུའི་ཨ་ནུ་དཔའ་སེང་། དམུ་སྤྱང་རིན་ཆེན་དར་ལུ་སྟེ་ལྷ་སྲས་མཆེད་བཞི། ཨ་ནུ་རོང་ཚ་དམར་ལེབ། སྤྱི་དཔོན་སྣང་ངུ་གཡུ་སྟག སྲས་ཆུང་དགྲ་ལྷ་རྩེ་རྒྱལ། རོང་སྲས་ལྷ་རྒོད་འབུམ་ལུ། འདན་སྲས་གཡུ་འོད་འབུམ་མེ། འབྲུ་སྲས་ནམ་མཁའ་ཐོག་རྒྱལ། བཅོ་ལྔའི་དཔའ་གསར་ཟླ་བ་སོགས་གླིང་དཀར་པོའི་གཅེས་ཕྲུག་སྣང་ངུའི་ཚོགས་དང་། བཀའ་བློན་འདན་མ་བྱང་ཁྲ། དར་རྗེ་ཁྱུང་རྒྱལ་སེང་སྟག དགའ་བདེ་ཆོས་སྐྱོང་བེར་ནག་སྟེ་ཞེ་ཐུལ་ཁྲ་གླག་བྱང་གསུམ། གདོང་བཙན་པོའི་སྣང་ངུ་ཨ་དཔལ་སོགས་ཡང་ཐུལ་དམ་པ་མི་བདུན། སྟག་རོང་ཨ་ནུ་གཟིག་འཕེན། ཁྲོ་ཐུང་ཉ་ཚ་ཨ་བརྟན། གཟུ་ཆེན་ཝེར་མ་ལྷ་དར་སོགས་གླིང་གི་དཔའ་རྟུལ་སུམ་ཅུ། མ་ཡུམ་འགག་བཟའ་ལྷ་མོ་དང་། སྲུ་མོ་སེང་ལྕམ་འབྲུག་མོ། ནེའུ་ཆུང་ལུ་གུའི་ཚར་ཡག རྒྱ་བཟའ་ལྷ་དཀར། རོང་བཟའ་སྟོབས་ལྡན། རག་བཟའ་སྒེར་འཚོ་སོགས་མ་སྲུ་དྭངས་སྨན་གྱི་ཚོགས་ཏེ་ཁྲ་མོ་གླིང་དཀར་སྟོད་པའི་ལྷ་སྡེ་ཞེས་ལས་སྨོན་རྟེན་འབྲེལ་དཀར་པོའི་མཐུ་ལས་གྲུབ་པ་ལགས་སོ།།
དེ་ནས་འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་མཛད་འཕྲིན་གཡུལ་རྒྱལ་ལྷའི་རྔ་སྒྲ་ཆེན་པོ་ཕྱོགས་སུ་བསྒྲགས་པ་སྟེ། དཀར་ཕྱོགས་ལྷ་ཡི་དབུ་འཕང་བསྟོད་ཅིང་ནག་པོ་བདུད་ཀྱི་སྡེ་བཅོམ་པ། བཙན་ཡ་མེད་མགོ་ལ་རྡོག་པས་བསྣུན་ཅིང་ཉམ་ཆུང་ནུས་མེད་བྱམས་ཀྱིས་བསྐྱངས་པའི་ཚུལ་ནི། དེའང་འཇམ་དཔལ་རྩ་རྒྱུད་ལས། “དཔའ་བོ་བདུད་དགྲ་བདུད་འདུལ་བ།། བདུད་བཞིའི་འཇིགས་པ་སེལ་བར་བྱེད།། ཅེས་པ་ལྟར། ཡར་ཁམས་བྱང་མའི་རི་རྒྱུད་ནས་བདུད་ཀླུ་བཙན་ཐོད་མདའ་སྤྲད། ཨ་ཆེན་ཐང་བ་གྲུ་བཞི་ནས་ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད། འཇང་ཡུལ་མུན་པ་དགུ་རུག་ནས་འཇང་ས་དམ་རྒྱལ་པོ་ཐོག་གིས་བཏུལ། ལྷོ་མོན་རོང་ཁ་དགུ་དྲུག་ནས་མོན་ཤིང་ཁྲི་རྒྱལ་པོ་ཆམ་ལ་ཕབ་སྟེ་ཕྱོགས་བཞིའི་དགྲ་བཞི་བཏུལ་བས། དཔའ་མོ་ཨ་སྟག་ཀླུ་མོ། སྡིག་སྤྱོད་ཤན་པ་རྨེ་རུ། འཇང་སྲས་གཡུ་ལྷ་ཐོག་འགྱུར། མོན་དུང་སྐྱོང་སྟག་ལ་ཁྲི་དཀར་བཅས་ཕྱི་བློ་ཆེ་བཞི་གྲོགས་སུ་བཀུག སྟག་གཟིག་ནོར་རྫོང་། སོག་པོའི་རྟ་རྫོང་། བལ་པོའི་ལུག་རྫོང་། བྷེ་ར་ར་རྫོང་། ཨ་གྲགས་གཟི་རྫོང་། བྱེ་རུའི་བྱུར་རྫོང་། ཁ་ཆེའི་གཡུ་རྫོང་། ཞང་ཞུང་མུ་ཏིག་གི་རྫོང་། གྲུ་གུའི་གོ་རྫོང་། རུ་ནུབ་དར་རྫོང་། གངས་རི་ཤེལ་རྫོང་། མངའ་རིས་གསེར་རྫོང་། རྒྱ་གར་ཆོས་རྫོང་། རྒྱ་ནག་ཇ་རྫོང་སོགས་རྫོང་ཆེན་བཅོ་བརྒྱད། རྫོང་ཕྲན་རྩི་རྩི་གྲངས་མེད་བླངས་ཏེ། སྟག་གཟིག་ཞལ་དཀར་ལྡན་པ། སོག་སེར་བོའི་སྟག་དམར་སྟོབས་ཆེན། སྒང་ཨ་གྲགས་ཉི་མ་གྲགས་པ། བྱེ་རུའི་བཀའ་བློན་ཆོས་འགྲུབ། སོག་སྲས་ཀླུ་ཁྲི་ཟླ་འོད། གྲོང་མོའི་ཤི་བདུད་ཡ་མེད་སོགས་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་རྣམ་འཕྲུལ་རྒོད་ཅིང་ཧྲག་པའི་གླིང་དཀར་དཔའ་རྟུལ་བརྒྱད་ཅུ་གདན་གྲལ་འཛོམས་ཤིང་། མ་ནུས་བྱམས་ཀྱིས་བསྐྱངས། བཙན་པོའི་གོང་བ་མནན། ལྷ་འབངས་ཆོས་ཀྱིས་བསྐྱངས་པའི་མཛད་འཕྲིན་དཀར་བོ་སྒང་པ་བོད་ལ་གྲགས་ཆེ་བའི་གཏམ་རྒྱུད་དེ་སྤེལ་བ་ནས་བཟུང་། སྡེ་དགེ་གླིང་ཚང་རྒྱལ་པོ་དང་། མགོ་ལོག་འབུམ་པ་ཁག་གསུམ་སོགས་བོད་མདོ་དབུས་ཁམས་གསུམ་ལ་མཚན་སྙན་དང་སྐད་གྲགས་ཆོད་པའི་སྨུག་པོ་ལྡོང་གི་རུས་རྒྱུད་དང་། རྒྱལ་རྒྱུད། ས་གནས། མངའ་རིས། གཏེར་རྫས། འགྱུར་རྡོ། གླིང་དཀར་དཔལ་རྟུལ་རྣམས་ཀྱི་རྣམ་ཐར་དང་། གྲུབ་རྟགས། སྐྱེ་སྤྲུལ་སོགས་བར་མ་ཆད་པ་བྱུང་བར་བརྟེན་ད་ལྟ་འཛམ་གླིང་ཧྲིལ་པོར་གེ་སར་སྒྲུང་རྩོམ་སྙན་ངག་རིང་མོར་འབོད་པ་དེ་བྱུང་བར་གྱུར་པ་མ་ཟད། གེ་སར་སྒྲུབ་ཐབས། གེ་སར་ཚོགས་མཆོད། གེ་སར་གསོལ་ཁ། གེ་སར་བསང་མཆོད། གེ་སར་གཏོར་བཟློག གེ་སར་དབང་སྐུར། གེ་སར་གྱི་གཏོར་མའི་བཅའ་བཟོ། གེ་སར་མོ་རྡེལ། གེ་སར་སྒྲུང་། གེ་སར་མི་རྒྱུད། གེ་སར་གྲུབ་རྟགས། གེ་སར་ཐང་ག་དང་ལྡེབས་བྲིས་འཇིམ་བཟོ་འབག་བཟོ་གསེར་དངུལ་ཟངས་ལྕགས་ཤིང་སོགས་ཡོ་བྱད་དུ་མས་བརྐོས་འབུར་ལུག་གསུམ་ལས་གྲུབ་པའི་བཟོ་རྩལ་སྣ་ཚོགས། གེ་སར་ཟློས་གར་ལའང་རྐང་འཆམ་དང་། སྐྱ་འཆམ། གེ་སར་ཞབས་བྲོ་སོགས་མདོར་ན་ཞི་རྒྱས་དབང་དྲག་གི་གེ་སར་རིག་གནས་སྒྱུ་རྩལ་ནི་ཕ་མཐའ་མི་མངོན་པ་འདི་ག་ལགས་སོ།། དེའི་ཕྱིར་གེ་སར་སྤྲོ་འཚོག གེ་སར་དཔྱད་གླེང་། གེ་སར་མཆོད་སྒྲུབ་སོགས་གེ་སར་མིང་ཅན་གྱི་རིག་གནས་དུ་མ་ཁྱབ་བརྡལ་དུ་གྱུར་ཏོ། །
བྱེ་བྲག་ཏུ་རྡོ་གྲུབ་ཆེན་དགོན་གསང་ཆེན་དངོས་གྲུབ་དཔལ་འབར་གླིང་དུ་གེ་སར་རིག་གནས་སྒྱུ་རྩལ་གྱི་བྱུང་བ་མདོ་ཙམ་བསྙད་ན། སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པའི་གསལ་བྱེད་ཆེན་པོ་རྒྱལ་དབང་ཀློང་ཆེན་རབ་འབྱམས་ཀྱི་གཟུགས་སྐུ་སྒྱུ་མས་རྗེས་སུ་བཟུང་བའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེའམ་ཀུན་མཁྱེན་འཇིགས་མེད་གླིང་པ་པདྨ་དབང་ཆེན་རོལ་པ་རྩལ་གྱིས། ཇི་སྐད་དུ།“ཁམས་འདས་དད་པས་གསོ་ནུས་ཤིང་།། རྐྱེན་ངན་གཉེན་པོས་ཐུབ་པ་དང་།། ཅི་གསུང་ཚད་མར་སྒྲུབ་པ་ལ།། ལས་ཅན་གྱི་སློབ་མ་མི་ཟེར་རམ།། སྐྱེ་བ་དུ་མའི་ཕ་རོལ་ནས།། ལས་ཀྱི་འབྲེལ་བས་མཚམས་སྦྱར་བའི།། འཇིགས་མེད་ཕྲིན་ལས་འོད་ཟེར་ཁྱོད།། ཕན་ཚུན་མཐོང་ཐོས་འབྱུང་དཀའ་བའི།། ས་ཐག་རིང་བོ་དེ་ནས་སྙེག། ཟབ་ལ་རྒྱ་ཆེའི་ཆོས་ཀྱི་མཛོད།། ཐོབ་པར་དཀའ་བའི་སྐྱེས་ཁུར་ནས།། རང་གི་ཡུལ་ལ་ཕྱོགས་པ་འདི།། རྒྱ་མཚོར་དོན་གྲུབ་དེད་དཔོན་འདྲ།། ལས་དང་འབྲེལ་བ་མེད་སྲིད་ན།། ཡུལ་ཕྲན་གཅིག་ཏུ་གནས་བཅས་ཀྱང་།། ང་ཉིད་གཞན་ཕན་ལྷུར་བྱེད་པའི།། བྱང་ཆུབ་སེམས་དཔར་ག་ལ་མཐོང་།། སྐལ་བ་ངན་པའི་སློབ་མ་ཕལ།། རང་དོན་ཚགས་སུ་ཚུད་པའི་མཐར།། ཕྲིན་ལས་སྒྲུབ་ལ་བསྙེལ་བའི་བློས།། འབྲོས་པ་དག་དང་ཁྱོད་མི་འདྲ།། ཟན་གཡང་ཆོས་འཁོར་བསྐོར་བའི་ཚེ།། ཕ་བུའི་དམ་ཚིག་འབྲེལ་བའི་ཚུལ།། གནད་བྱང་ཐུགས་ཀྱི་སྒྲོམ་བུ་དང་།། མཐུན་པའི་དག་སྣང་ཁྱོད་ལའང་ཤར།། ཁྱོད་ཉིད་ཆུང་ངུར་གྱུར་དུས་ནས།། ང་ཉིད་དབེན་པར་བསྟེན་པ་ཡི།། མངོན་རྟོགས་ཇི་བཞིན་མཇལ་གྱུར་ནས།། གཏེར་གྱི་ལུང་བྱང་ཐོབ་པ་དེ།། ད་ལྟ་བཀའ་གཏེར་ཆོས་ཀྱི་མཛོད།། ཁྱོད་ལ་བསྐུར་ནས་མཐའ་འཁོབ་ཏུ།། བསྟན་པ་སྤེལ་བའི་ལུང་བསྟན་ཡིན།།” ཞེས་སོགས་རྡོ་རྗེའི་བཀས་དབུགས་དབྱུང་བཅས་ཟབ་གསང་འོད་གསལ་ཀློང་ཆེན་སྙིང་གི་ཐིག་ལེ་བློས་བྱས་ཡིད་དཔྱོད་ལས་འདས་པ་དེའི་བསྟན་པའི་བདག་པོར་རྡོ་གྲུབ་ཆེན་སྐུ་ཕྲེང་དང་པོ་འཇིགས་ མེད་འཕྲིན་ལས་འོད་ཟེར་མཆོག་མངའ་གསོལ་གཟེངས་བསྟོད་གནང་བ་ནས། རྡོ་གྲུབ་ཆེན་ལ་རྡོ་རྗེའི་གདུང་བཞི། འཇིགས་མེད་མི་བཞི། བུདྡྷ་མཆེད་དྲུག རྡོ་རྗེའི་མཚན་ཅན་བཅུ་གསུམ། དཀྱིལ་འཁོར་འཛིན་པ་བརྒྱ་རྩ་སོགས་སློབ་ཚོགས་མཐའ་ཡས་ཀླས་པ་བྱུང་བ་ལས། མཆོག་གྱུར་རྡོ་རྗེའི་གདུང་གཉིས་ཀྱི་ཡ་གྱལ་ཁྲག་འཐུང་བརྟུལ་ཞུགས་ཀྱི་དཔའ་བོ་ཆེན་པོ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དེ་ཉིད་མ་མཁའ་འགྲོའི་ལུང་བསྟན་ལྟར། ཕྱི་ལོ་1825ལོར་རྨ་ཡུལ་པདྨ་རི་མཐོར་གྲྭ་འཁོར་བཞི་བཅས་བྱོན་པས་གླིང་ལྷ་རྣམས་ཀྱི་བསུ་བ་དང་ངོ་མཚར་བའི་ལྟས་བཟང་སྣ་ཚོགས་བྱུང་ཞིང་། པདྨ་རྒྱལ་པོའི་ཕྲིན་ལས་ཀྱི་སྤྲུལ་པ་གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི་སྒྲུབ་གནས། "སེང་ལུས་སྒོམ་ཁང་ཁྲ་མོ"ར་ཞག་བདུན་བཅད་རྒྱ་མཛད་པ་ན། མ་གཅིག་གྲུབ་པའི་རྒྱལ་མོ་མངོན་སུམ་མིག་གི་སྤྱོད་ཡུལ་དུ་གྱུར་ནས་ཚེའི་དབང་བསྐུར། སྲིང་མོ་རྒོད་ལྕམ་དཀར་མོས་ཚེ་བཅུད་གསོས། གླིང་གི་བླ་ཟོག་དང་ཕ་ཆོས་སོགས་ཀྱི་གཏེར་ཁ་ཕུལ་བས་མཚོན་ཏེ། དུས་དང་དུས་སུ་སེང་ཆེན་ཡིད་བཞིན་ནོར་བུ་སོགས་གླིང་ལྷ་རྣམས་ཀྱིས་ཞལ་གཟིགས་ལུང་བསྟན་ཐོབ། ཁོང་གིས་ཀྱང་འཛམ་གླིང་གེ་སར་ལྷ་འཁོར་གྱི་བསང་མཆོད་བཀྲ་ཤིས་དཔལ་གྱི་ཉི་མ། དགྲ་འདུལ་རྗེའི་བསང་མཆོད། དངོས་གྲུབ་རོལ་མཚོ། དགྲ་འདུལ་སེང་ཆེན་རྒྱལ་པོའི་གཏོར་བཟློག་བསྡུས་པ་གནམ་ལྕགས་མཚོན་གྱི་འཁོར་ལོ། གེ་སར་སྐྱེས་བུའི་སྒྲུབ་ཐབས་ཡིད་བཞིན་དབང་རྒྱལ། དགྲ་བླ་གླིང་རྗེ་ནོར་བུ་དགྲ་འདུལ་གྱི་བསྟོད་བསྐུལ་དྲང་སྲོང་ཁྲོས་པའི་རྔམ་གླུ་སོགས་ཐུགས་དགོངས་པ་ཆོས་ཀྱི་ཀློང་ལས་སྤྱན་དྲངས།
གོང་གི་རྡོ་རྗེའི་མཚན་ཅན་བཅུ་གསུམ་གྱི་ཡ་གྱལ་གྱི་ལུང་ཐུགས་མཆོག་རྡོ་རྗེས" བོད་མིའུ་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་"ཞེས་པའི་རུས་མཛོད་སྐད་གྲགས་ཅན་དེ་བརྩམས་ཤིང་། དེའི་ནང་དུ་སྨུག་པོ་ལྡོང་གི་མི་རྒྱུད་དང་བྱུང་བ་རྣམ་དག་མེས་པོའི་ཞལ་ཤས་ལྷད་ཀྱིས་མ་གོས་པར་བྲིས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com