ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > བོད་ལྗོངས་མཐའ་མཚམས་ཀྱི་རྒྱ་བོད་ལོ་རྒྱུས་ཡིག་ཚང་ཡིག་སྒྱུར་ལེགས་སྒྲིག་དང་ཡིག་སྒྱུར་ཞིབ་འཇུག་གི་ཐེངས་གཉིས་པའི་སྙན་ཞུའི་ཚོགས་འདུ་བདེ་ལེགས་ངང་འཚོགས།
བོད་ལྗོངས་མཐའ་མཚམས་ཀྱི་རྒྱ་བོད་ལོ་རྒྱུས་ཡིག་ཚང་ཡིག་སྒྱུར་ལེགས་སྒྲིག་དང་ཡིག་སྒྱུར་ཞིབ་འཇུག་གི་ཐེངས་གཉིས་པའི་སྙན་ཞུའི་ཚོགས་འདུ་བདེ་ལེགས་ངང་འཚོགས།
རྩོམ་པ་པོ།:པདྨ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-01-12 14:40:34
ཀློག་གྲངས།:
ཉེ་ཆར། 2022ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གནད་ཆེན(22&ZD330)བོད་ལྗོངས་མཐའ་མཚམས་ཀྱི་རྒྱ་བོད་ལོ་རྒྱུས་ཡིག་ཚང་ཡིག་སྒྱུར་ལེགས་སྒྲིག་དང་ཡིག་སྒྱུར་ཞིབ་འཇུག་གི་ཐེངས་གཉིས་པའི་སྙན་ཞུའི་ཚོགས་འདུ་དེ་ནུབ་བྱང་མཐའ་མཚམས་རྒྱ་བོད་ལོ་རྒྱུས་ཡིག་ཚངས་ཞིབ་འཇུག་ལྟེ་གནས་སུ་འཚོགས།

ཐེངས་འདིའི་སྙན་ཞུའི་ཚོགས་འདུ་ལ་ལས་གཞི་འདིའི་དབུ་བཞུགས་ཆེད་མཁས། འབུམ་རམས་པའི་ཁྲིད་སྟོན་སློབ་དཔོན་ཆེན་མོ་ཆུ་སྐྱེས་དགེ་འདུན་བསམ་གཏན་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ། འབུམ་རམས་པའི་ཁྲིད་སྟོན་སློབ་དཔོན་ཆེན་མོ་བསོད་ནམས་དོན་གྲུབ་གཉིས་ཀྱིས་མཉམ་དུ་མདོ་འཛིན་བྱས་པ་དང་། ཞིབ་འཇུག་གི་ཁོངས་མིས་ལོ་ངོ་གཉིས་ལྷག་གི་ལས་ཀའི་སྤྱི་སྡོམ་སྙན་ཞུ་ཕུལ། གཙོ་བོ་བོད་ལྗོངས་མཐའ་མཚམས་ཀྱི་རྒྱ་བོད་ལོ་རྒྱུས་ཡིག་ཚང་མ་ལག་དང་བཅས་ཏེ་བསྡུ་སྒྲིག་དང་ཞིབ་འཇུག་གི་ཐད་ནས་གྲུབ་འབྲས་གང་འཚམས་བླངས་པ་དང་། འབྲེལ་ཡོད་ཞིབ་འཇུག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་མཐའ་མཚམས་ལོ་རྒྱུས་ཀྱི་གཞུང་རྟ་ལ་འགྲེལ་བརྗོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཐའ་མཚམས་བཅོས་སྐྱོང་གི་གཏམ་སྦྱོར་མ་ལག་ཅིག་འཛུགས་པར་རིག་གཞུང་གི་རམ་འདེགས་ཕུལ་བ་བཅས་ངོ་སྤྲོད་བྱས།

ལས་གཞི་འདི་ཉིད2023ལོ་ནས་ལས་མགོ་བརྩམས་པ་དང་། ལོ་དེའི་ཟླ8པར་ཞིབ་འཇུག་ལས་གཞི་ཆེན་མོའི་ཟུར་ལྔ་བའི་འགན་འཛིན་པ། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཞིབ་འཇུག་པ་ཆེན་མོ་སྙིང་ལྕགས་རྒྱལ་གྱིས་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ལོ་རྒྱུས་རྒྱུ་ཆར་རྩིས་ལེན་བྱས་པ་དང་། ཞིབ་འཇུག་ཚོགས་པས་སྔ་ཕྱིར་རང་སྐྱོང་ལྗོངས་ཀྱི་རྒྱུ་ཆ་ཉར་གསོག་གི་ལས་ཁུངས་མང་པོར་འབྲེལ་འདྲིས་ཀྱིས་ཡིག་ཚང་མང་པོ་བསྡུ་ལེན་བྱས། 2025ལོའི་ཟླ7པར། ལས་གཞི་ཆེན་མོའི་འགན་འཛིན་པ་སློབ་དཔོན་ཆེན་མོ་ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་ཞིབ་འཇུག་ཚོགས་པར་སྣེ་ཁྲིད་ཀྱིས་རྒྱུ་ཆ་བསྡུ་ལེན་གྱི་ཁྱབ་ཁོངས་རྒྱ་བསྐྱེད་དེ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་སོགས་བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་འབྲེལ་ཡོད་ཀྱི་ལས་ཁུངས་ཁག་ལ་རྟོག་ཞིབ་བྱས་ཤིང་། ཕྱོགས་ཡོངས་ནས་ཁ་ཐོར་དུ་ལུས་པའི་རྒྱ་བོད་ཡིག་ཚགས་དང་ས་གནས་ལོ་རྒྱུས། ཆོས་གཞུང་བསྟན་བཅོས། ངག་ཐོག་ལོ་རྒྱུས་རྒྱུ་ཆ་སོགས་ཕྱོགས་བསྒྲིགས་བྱས།
མིག་སྔར། ལས་གཞི་ཚོགས་པས«བོད་ལྗོངས་མཐའ་མཚམས་དང་འབྲེལ་བའི་རྒྱ་ཡིག་གི་ཡིག་ཚངས་ཕྱོགས་བསྒྲིགས།»(ཡིག་གྲངས་ཁྲི300ལ་ཉེ་བ།)དང«བོད་ལྗོངས་མཐའ་མཚམས་དང་འབྲེལ་བའི་བོད་ཡིག་གི་ཡིག་ཚངས་ཕྱོགས་བསྒྲིགས།»(ཡིག་གྲངས་ཁྲི400ལ་ཉེ་བ།)ཞེས་པའི་པོད་ཆེན་གཉིས་ཀྱི་བདག་ཉིད་ཅན་ཕྱོགས་བསྒྲིགས་བྱས་ཚར་ཏེ་རྨང་གཞིའི་ཡིག་ཚང་གི་ལས་ཀ་གྲུབ་ཡོད། སྔ་ཕྱིར་དུས་དེབ་ཁག་ཏུ་ལས་གཞི་དང་འབྲེལ་བའི་རིག་གཞུང་དཔྱད་རྩོམ27སྤེལ་བ་དང་། དེའི་ཁྲོད་དུ་སྲོག་ཤིང་དུས་དེབ་ཏུ་འཁོད་པའི་དཔྱད་རྩོམ14ཡོད། དུས་ཀྱི་རྒྱུན་རིང་བ་དང་ས་ཁོངས་ཁྱབ་རྒྱ་ཆེ་བ། རིགས་དང་རྣམ་གྲངས་ཕུན་སུམ་ཚོགས་པའི་སྐད་རིགས་སྣ་མང་གི་མཐའ་མཚམས་ལོ་རྒྱུས་ཀྱི་རྒྱུ་ཆའི་མཛོད་ཅིག་ཐོག་མར་བསྐྲུན་ཡོད།

ལས་གཞི་ཞིབ་འཇུག་གི་བརྒྱུད་རིམ་ཁྲོད། ཡན་ལག་གི་ཞིབ་འཇུག་བྱ་གཞི་ཁག་འཆར་གཞི་ལྟར་རིམ་ཅན་དུ་སྤེལ་ཡོད་ཅིང་། ཞིབ་ཕྲའི་གནས་ཚུལ་གཤམ་གསལ་ལྟར་ཡིན་ཏེ། ཡན་ལག་གི་ཞིབ་འཇུག་བྱ་གཞི་གཉིས་པ། “བོད་ལྗོངས་མཐའ་མཚམས་ཀྱི་རྒྱ་ཡིག་ལོ་རྒྱུས་རྒྱུ་ཆ་ལེགས་སྒྲིག་དང་ཞིབ་འཇུག”དང་། ཡན་ལག་གི་ཞིབ་འཇུག་བྱ་གཞི་གསུམ་པ། “བོད་ལྗོངས་མཐའ་མཚམས་ཀྱི་བོད་ཡིག་ལོ་རྒྱུས་རྒྱུ་ཆ་བསྡུ་སྒྲིག་དང་། ལེགས་སྒྲིག་དང་ཡིག་སྒྱུར”གཉིས་ཐོག་མའི་རྣམ་པ་འགྲུབ་ཡོད། དེས་ཕྱིས་ཀྱི་ཞིབ་འཇུག་ལས་དོན་ལ་ལོ་རྒྱུས་རྒྱུ་ཆའི་རྨང་གཞི་བརྟན་པོ་བཏིང་ཡོད། ཡན་ལག་གི་ཞིབ་འཇུག་བྱ་གཞི་དང་པོ། “བོད་ལྗོངས་མཐའ་མཚམས་ལོ་རྒྱུས”ནི་ཡན་ལག་གི་ཞིབ་འཇུག་བྱ་གཞི་གཉིས་པ་དང་གསུམ་པའི་ཞིབ་འཇུག་གྲུབ་འབྲས་ལ་བརྟེན་ནས་རྩོམ་འབྲི་བྱེད་བཞིན་པའི་སྒང་ཡིན། གཙོ་བོ་བོད་ལྗོངས་མཐའ་མཚམས་ཀྱི་ལོ་རྒྱུས་རིམ་ཅན་དུ་གསེད་བཀྲོལ་བྱ་རྒྱུ་དེ་ཡིན། ཡན་ལག་གི་ཞིབ་འཇུག་བྱ་གཞི་བཞི་པ། “བོད་ལྗོངས་མཐའ་མཚམས་ཀྱི་རྩོད་གཞིའི་ས་ཁུལ་གྱི་ལོ་རྒྱུས་ཡིག་ཚངས་ཞིབ་འཇུག”ནི་ཡན་ལག་གི་ཞིབ་འཇུག་བྱ་གཞི་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ཞིབ་འཇུག་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་འབྲི་འགོ་བརྩམས་ཏེ། རྩོད་གཞིའི་ས་ཁུལ་གྱི་འབྲེལ་ཡོད་ལོ་རྒྱུས་ཡིག་ཚང་སྔོག་འདོན་དང་དབྱེ་ཞིབ་གཏིང་ཟབ་བྱ་རྒྱུ་དང་། ཡན་ལག་གི་ཞིབ་འཇུག་བྱ་གཞི་ལྔ་པ་ནི་ཡང་བསྐྱར་ཡུལ་དངོས་བརྟག་དཔྱད་དང་འབྲེལ་ནས་རྩོམ་འབྲིའི་ལས་ཀ་རྫོགས་པར་བྱས་ཏེ། ཞིབ་འཇུག་གྲུབ་འབྲས་ཀྱི་ཡུལ་དངོས་ཀྱི་ར་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དེའོ། །

ཞིབ་འཇུག་གི་ལས་དོན་ནི་ཡིག་ཆ་ཕྱོགས་བསྒྲིགས་ཙམ་མིན་པར་ཞིབ་འཇུག་ཚོགས་པས་ཁུངས་ལུང་བརྟན་པའི་ལོ་རྒྱུས་རྒྱུ་ཆའི་རྨང་གཞིའི་སྟེང་བོད་ལྗོངས་མཐའ་མཚམས་ས་ཁུལ་གྱི་གནའ་ནས་དེང་གི་ལོ་རྒྱུས་འཕེལ་འགྱུར་གྱི་རྗེས་ཤུལ་ལ་རིམ་ཅན་དུ་གསེད་བཀྲོལ་བྱས་པ་བརྒྱུད། ཀྲུང་དབྱང་སྲིད་དབང་དང་བོད་ས་གནས་བར་གྱི་བདག་སྐྱོང་འབྲེལ་བ་དང་། དྲ་རྒྱ་ལྟའི་སྣ་མང་དཔལ་འབྱོར་མཉམ་འབྲེལ། ཆོས་ལུགས་རིག་གནས་མཉམ་འདྲེས་ཁྱབ་སྤེལ། དེ་བཞིན་དུས་རབས་རིམ་བྱུང་གི་མཐའ་སྲུང་མ་ལག་འཛུགས་སྐྲུན་སོགས་ཀྱི་སྲོག་ཤིང་གི་གྲོས་གཞིར་དཔྱད་བསྡུར་བྱས། ཡན་ལག་གི་ཞིབ་འཇུག་བྱ་གཞི་ཁག་གི་ཞིབ་འཇུག་སྒྲོམ་གཞི་གསལ་ཅིང་རིགས་ལམ་དམ་ཚགས་ཡིན་པས། “ཡང་མཐའ”ནས“མཐའ་ཁོངས”ནས“མཐའ་མཚམས”བར་གྱི་རིག་གཞུང་དོན་སྤྱི་རིམ་ཅན་དུ་རྒྱུས་ལོན་དང་། བོད་ལྗོངས་ས་ཁུལ་དང་མེས་རྒྱལ་གཉིས་ཁ་བྲལ་ཐབས་མེད་པའི་ལོ་རྒྱུས་ཀྱི་འབྲེལ་བ་དང་བདག་སྐྱོང་རྒྱུན་མཐུད་རང་བཞིན་ལ་རིགས་པས་ཁུངས་སྐྱེལ་བྱས་ཡོད། ལས་གཞི་འདིས་ཐོག་མཐའ་བར་གསུམ་དུ་རིག་གཞུང་ཞིབ་འཇུག་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ཟུང་འབྲེལ་བྱེད་པའི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། ཆིང་རྒྱལ་རབས་དུས་སྐབས་ཀྱི«བཀའ་ཤག་ཟིན་ཐོ།» «ཆུ་ལུག་ཞིབ་གཞུང་།» «བོད་ཀྱི་ལས་དོན་ཐག་གཅོད་ཀྱི་སྐོར་གྱི་སྒྲིག་ཡིག»སོགས་འགག་རྩའི་ཡིག་ཆར་ཀློག་འགྲེལ་གཏིང་ཟབ་བྱེད་པ་དང་ཕན་ཚུན་ར་སྤྲོད་བྱེད་པ། “མའེ་ཁི་མ་ཧུང་མཚམས་ཐིག”སོགས་ཕྱི་རྒྱལ་དང་འབྲེལ་བའི་ཡིག་ཚགས་ལ་དབྱེ་འབྱེད་བྱས་པ་བརྒྱུད། ནོར་འཁྲུལ་གྱི་ལོ་རྒྱུས་བརྗོད་སྟངས་ལ་དགག་པ་དང་། མཐའ་མཚམས་ལོ་རྒྱུས་ཀྱི་དོན་དངོས་གསལ་བར་བྱེད་པ། རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་སྲུང་སྐྱོང་བཅས་ལ་ལོ་རྒྱུས་ཀྱི་རྒྱུ་ཆ་དང་ཁྲིམས་ལུགས་ཀྱི་གཞི་འཛིན་ས་བརྟན་པོ་མཁོ་འདོན་བྱས་ཡོད།
ཐེངས་འདིའི་སྙན་ཞུའི་ཚོགས་འདུའི་སྟེང་། ཞིབ་འཇུག་བྱ་གཞིའི་ཚོགས་ཆུང་གི་ཁོངས་མི་བསོད་ནམས་དཔལ་ལྡན་དང་ལྷ་སྲུང་རྒྱལ་གཉིས་ཀྱིས་ལས་གཞིའི་གནས་ཚུལ་སྐོར་སྙན་ཞུ་བྱས། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་དང་། ལན་ཀྲོའུ་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སོགས་ཀྱི་ལས་ཁུངས་ནས་ཕེབས་པའི་ཆེད་མཁས་པ་དང་ཞིབ་སློབ་མ་བཅས་ཁྱོན་བསྡོམས་མི40ལྷག་ཙམ་ཚོགས་འདུར་ཞུགས། དེར་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་དང་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན། སློབ་དཔོན་ཆེན་མོ་བསོད་ནམས་དོན་གྲུབ་དང་། ལན་ཀྲོའུ་སློབ་ཆེན་གྱི་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན། སློབ་དཔོན་ཆེན་མོ་ཆོས་འཕེལ། ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོའི་སྐད་ཡིག་རྩོམ་རིག་སློབ་སྡེའི་ཀྲུའུ་རེན་དང་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན། སློབ་དཔོན་ཆེན་མོ་ཧན་ཞའོ་ཆིང་། ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོའི་སྐད་ཡིག་རྩོམ་རིག་སློབ་སྡེའི་ཀྲུའུ་རེན་གཞོན་པ་དང་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན། སློབ་དཔོན་ཆེན་མོ་རྡོ་རྗེ་དོན་གྲུབ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན། སློབ་དཔོན་ཆེན་མོ་དགེ་འདུན། སློབ་དཔོན་ཆེན་མོ་གཡུང་དྲུང་ཐར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་བསོད་ནམས་དཔལ་ལྡན་བཅས་ཞུགས། ཚོགས་ཐོག་ཏུ་ཆེད་མཁས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་ལས་གཞི་འདིར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད་པ་དང་། རིག་གཞུང་གི་རིན་ཐང་དང་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་པས། དུས་རབས་གསར་པའི་མཐའ་མཚམས་ལོ་རྒྱུས་དང་ས་ཁམས་ཞིབ་འཇུག་ཁྱབ་ཁོངས་ཀྱི་གྲུབ་འབྲས་གནད་ཆེན་ཞིག་ཡིན་སྟབས། ལོ་རྒྱུས་ཀྱི་རང་རྟོགས་ཇེ་དྲག་དང་། རིག་གནས་ཀྱི་ཡིད་རྟོན་ཇེ་བརྟན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོ་བསྐྱེད་པའི་ལྟ་ཚུལ་བཏོན།

སླད་མར། ལས་གཞིའི་ཚོགས་ཆུང་གིས་ལོ་རྒྱུས་ཡིག་ཆའི་ཞིབ་འཇུག་དང་དྲང་བཤེར། རྒྱལ་སྤྱིའི་རིག་གནས་ཞིབ་འཇུག་འབྲེལ་ལམ་དང་གླེང་མོལ་མུ་མཐུད་མདུན་སྐྱོད་དང་། ཞིབ་འཇུག་གྲུབ་འབྲས་གསར་གཏོད་དང་དོན་དངོས་སུ་འཇུག་པའི་གོ་རིམ་མགྱོགས་པོར་གཏོང་བ་བཅས་བརྒྱུད། རྒྱལ་ཁབ་ཀྱི་མཐའ་འཁོར་ལོ་རྒྱུས་ཡིག་ཆའི་མ་ལག་དང་། བདག་སྐྱོང་ནུས་པ་དེང་རབས་ཅན་དུ་གཏོང་བར་ཕན་ནུས་ལྡན་པའི་བསམ་བློ་དང་ནུས་པ་ཞིག་ཏུ་སླར་ཡང་ཞབས་འདེགས་ཞུ་རྒྱུར་འབད་བརྩོན་བྱེད་འཆར་ཡོད།
ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོའི་སྐད་ཡིག་རྩོམ་རིག་སློབ་སྡེའི་ཚོགས་འདུའི་ལས་དོན་ཚོགས་པ།
༢༠༢༦ལོའི་ཟླ༡པོའི་ཚེས༣ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号