ངོས་དང་པོ > ཆེད་དོན། > མི་སྣ་བཅར་འདྲི། > «གངས་དཀར་རི་བོ»ཡི་གཙོ་སྒྲིག་པ་ཀུན་བཟང་རྣམ་རྒྱལ་ལ་བཅར་འདྲི་ཞུས་པ།
«གངས་དཀར་རི་བོ»ཡི་གཙོ་སྒྲིག་པ་ཀུན་བཟང་རྣམ་རྒྱལ་ལ་བཅར་འདྲི་ཞུས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2026-03-25 08:48:57
ཀློག་གྲངས།:
རྩོམ་སྒྲིག་པ་ཞིག་གི་མྱོང་ཚོར།
—«གངས་དཀར་རི་བོ»ཡི་ལག་བསྟར་གཙོ་སྒྲིག་པ་ཀུན་བཟང་རྣམ་རྒྱལ་ལ་བཅར་འདྲི་ཞུས་པ།
རྩོམ་རིག་དུས་དེབ«གངས་དཀར་རི་བོ»ཡི་ལག་བསྟར་གཙོ་སྒྲིག་པ་ཀུན་བཟང་རྣམ་རྒྱལ་ནི་ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ་བོད་ཀྱི་རིག་གནས་ཀྱི་རྫོང་མཐུག་སའི་ཁམས་སྡེ་དགེ་རྫོགས་ཆེན་དུ་སྐྱེས། སློབ་གྲྭ་ཆུང་འབྲིང་སོགས་རིམ་གྱིས་འགྲིམས་ནས2006ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་ཤིང་། རྩོམ་རིག་དང་གསོ་བ་རིག་པའི་གནས་ལ་ཆེད་སྦྱོང་བྱས། ཞོར་དུ་ལོ་གསུམ་གྱི་རིང་ལ་སློབ་གྲྭའི་རྒྱང་སྒྲོག་པ་དང་གསོ་རིག་ཆེད་དེབ«གཡུ་ཐོག་འབོད་སྐུལ»གྱི་རྩོམ་སྒྲིག་པའི་འགན་ཁུར་བར་མ་ཟད། སློབ་གླིང་གི་བྱེད་སྒོ་སྣ་ཚོགས་དང་རྩོམ་རིག་འགྲན་སྡུར་ནང་དུ་ཞུགས་ནས་ཨང་དང་པོ་དང་གཉིས་པ་སོགས་ཀྱི་གཟིགས་བཟོས་བྱ་དགའ་མང་ཙམ་ཐོབ་པས་སློབ་གྲྭ་དེ་གའི་ཕུལ་བྱུང་མཐར་ཕྱིན་སློབ་མའི་གྲས་སུ་གཏོགས། སློབ་མཐར་ཕྱིན་རྗེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་སོགས་ནས་དངོས་སྦྱོང་ལེགས་པར་གྲུབ་རྗེས་འབའ་ཐང་རྫོང་སྤོ་བོ་ཡུལ་ཕྱོགས་ཀྱི་འཕྲོད་བསྟེན་ཁང་དུ་ལས་ཀ་གཉེར། ལས་ཞོར་དུ་ལྷོ་ནུབ་མི་རིགས་སློབ་ཆེན་ནས་བོད་སྐད་ཡིག་དང་རྩོམ་རིག་ཆེད་སྦྱོང་བྱས། 2014ལོའི་ལོ་མཇུག་ཏུ་དཀར་མཛེས་ཁུལ་གྱི་དུས་དེབ«གངས་དཀར་རི་བོ»རྩོམ་སྒྲིག་ཁང་དུ་ལས་གནས་སྤར། 2015ལོའི་ཟླ3པར་རྩོམ་སྒྲིག་གི་ལག་ལེན་དངོས་ལ་ཞུགས་ནས«གངས་དཀར་རི་བོ»ཡི་རྩོམ་པ་པོ་རྣམས་དང་ཁྱད་པར་དུ་ཁམས་ཕྱོགས་ཀྱི་བོད་ཡིག་རྩོམ་འབྲི་བ་དག་ལ་རྩོམ་རིག་གི་ལམ་ཁ་ཡངས་པོར་ཕྱེས་པ་རེད། ད་ལྟ་སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དཀར་མཛེས་ཁུལ་ལོ་ཙཱ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དུས་དེབ«གངས་དཀར་རི་བོ»ཡི་གཙོ་སྒྲིག་པ་གཞོན་པ།བོད་ཡིག་པར་མའི་ལག་བསྟར་གཙོ་སྒྲིག་པ་བཅས་ཀྱི་འགན་འཁུར་བཞིན་ཡོད། བརྩམས་ཆོས་འགའ་རེ«མི་རིགས་ཀྱི་རྩོམ་རིག»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ» «ཟླ་ཟེར» «གངས་ལྗོངས་ཉི་གཞོན» «མི་རིགས» «གངས་རྒྱན་མེ་ཏོག» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ» «ཤྭ་སྐྱ» «གངས་དཀར་རི་བོ»རྒྱ་ཡིག་པར་མ་སོགས་སུ་བཀོད་མྱོང་།

དྲི་བ། ཁྱེད་ཀྱིས་བལྟས་ན་ཕུལ་བྱུང་གི་རྩོམ་རིག་དུས་དེབ་ཅིག་ལ་ཁྱད་ཆོས་གང་དག་འཛོམས་དགོས།
ལན། ང་རང་གིས་བལྟས་ན་ཕུལ་བྱུང་གི་རྩོམ་རིག་དུས་དེབ་ཅིག་ལ་ཆ་རྐྱེན་དུ་མ་ཞིག་འཛོམས་དགོས་ཀྱང་། གཙོ་བོ་ཆ་རྐྱེན་འདི་དག་ངེས་པར་དུ་ཚང་དགོས་པར་འདོད། གཅིག ཡུལ་ཕྱོགས་ཀྱི་དབྱེ་ཁྱད་མེད་པར་ཕུལ་བྱུང་གི་རྩོམ་པ་པོ་མང་པོ་གསོ་སྐྱོང་བྱེད་པར་ནུས་པ་བླ་ལྷག་འདོན་ཐུབ་པ། གཉིས། རྩོམ་རིག་གསར་པའི་འཕེལ་ཕྱོགས་ལ་དང་དོད་བྱས་ནས་རྩོམ་པ་པོར་ཁྲིད་སྟོན་གྱི་ནུས་པ་འདོན་ཐུབ་པ། གསུམ། བརྩམས་ཆོས་ཀྱི་སྤུས་ཀ་ལ་ཁག་ཐེག་བྱས་ཏེ་ཀློག་པ་པོར་སྒྱུ་རྩལ་གྱི་ལོངས་སྤྱོད་འཛད་མེད་གནང་ཐུབ་པ། བཞི། རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭ་བསྡུས་ནས་རྩོམ་པ་པོ་རྒན་གཞོན་བར་དང་། རྩོམ་པ་པོ་དང་རྩོམ་སྒྲིག་པའི་བར་དུ་འབྲེལ་ལམ་ཡག་པོ་འཛུགས་པར་ནུས་པ་འདོན་ཐུབ་པ། ལྔ། ན་གཞོན་རྩོམ་པ་པོ་གསོ་སྐྱོང་དམིགས་སུ་འཛིན་པ་སོགས་ཀྱི་ཁྱད་ཆོས་ལྡན་དགོས་པར་འདོད། དུས་དེབ«གངས་དཀར་རི་བོ»ཡི་ངོས་ནས་བརྗོད་ན་ཕུལ་བྱུང་གི་རྩོམ་རིག་དུས་དེབ་ཅིག་ཡིན་ཞེས་བརྗོད་པར་དཀའ་ཡང་། ལོ་ངོ་འདི་དག་གི་རིང་ལ་གཙོ་བོ་གསར་སྐྱེས་རྩོམ་པ་པོ་གསོ་སྐྱོང་གི་ལས་ཀ་དམིགས་སུ་བཟུང་ནས་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། མཛུབ་སྟོན་དགེ་རྒན་གདན་འདྲེན་ཞུས་ནས་གན་འཇོག་རྩོམ་པ་པོ་གསོ་སྐྱོང་བྱས་པ། «ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས»དཔར་དང་དཔར་བཞིན་པ་སོགས་རྩོམ་རིག་བྱེད་སྒོ་འདྲ་མིན་སྤེལ་བས། ད་ལྟ་དུས་དེབ«གངས་དཀར་རི་བོ»ཡིས་གསར་སྐྱེས་རྩོམ་མཁན་མང་པོ་ཞིག་གསོ་སྐྱོང་བྱས་དང་བྱེད་བཞིན་ཡོད་ཅེས་བཤད་ན་མི་ཆོག་པ་མེད་པར་སྙམ།དྲི་བ། རྩོམ་རིག་དུས་དེབ་ཀྱིས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཁྲོད་ནུས་པ་ག་འདྲ་འདོན་གྱིན་ཡོད།
ལན། བོད་ཡིག་གི་དུས་དེབ་རེ་རེས་རང་རང་གི་ཁྱད་ཆོས་དང་། ནུས་པ་མི་འདྲ་བ་དུ་མ་བཏོན་ཏེ་མི་རིགས་ཀྱི་རིག་གནས་སམ་རིག་གནས་ཀྱི་ཆ་ཤས་རེ་རེ་སྲུང་སྐྱོང་དང་འཕེལ་རྒྱས་ལ་ནུས་པ་འདོན་གྱི་ཡོད་པ་སྨྲོས་མ་དགོས་ལ། བྱེ་བྲག་རྩོམ་རིག་དུས་དེབ་རྣམས་ཀྱིས་རྩོམ་རིག་བརྩམས་ཆོས་ཁོ་ན་མ་གཏོགས་མི་འགོད་མོད། འོན་ཀྱང་། མི་རིགས་གང་ཞིག་གི་རྩོམ་རིག་བརྩམས་ཆོས་ནི་མི་རིགས་གང་དེའི་ལོ་རྒྱུས་ཀྱི་མེ་ལོང་དང་། དུས་སྐབས་ཤིག་གི་ཟིན་ཐོ། ཡང་ན་མི་སྒེར་གྱི་དགའ་སྐྱོ་ཆགས་སྡང་སོགས་བྲིས་ཤིང་། དེ་ཉིད་རྩོམ་རིག་དུས་དེབ་ལ་བརྟེན་ཏེ་ཁྱབ་སྤེལ་དང་བརྒྱུད་སྒྲོག་བྱེད་བཞིན་ཡོད་པས་རྩོམ་རིག་དུས་དེབ་ཀྱིས་ཆུང་ས་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ལ་ཕན་པ་དང་། ཆེ་ས་ནས་མི་རིགས་འདིའི་ཡུལ་སྲོལ་གོམས་གཤིས་དང་དམངས་ཁྲོད་རིག་གནས། མཛེས་དཔྱོད་ལྟ་བ། རིན་ཐང་ལྟ་བ་སོགས་རྒྱུན་འཛིན་དང་དར་སྤེལ་བྱེད་པར་ནུས་པ་ཆེན་པོ་ཐོན་བཞིན་ཡོད་པར་འདོད། དེ་འདྲའི་ནུས་པ་ཐོན་པ་ལ་ཀློག་པ་པོའི་ཡིད་སེམས་འགུགས་པའི་བརྩམས་ཆོས་ཡག་པོ་སྤེལ་བ་ནི་གལ་འགངས་ཆེ་བ་ཞིག་རེད། «གངས་དཀར་རི་བོ»ནི་རྩོམ་རིག་དུས་དེབ་ཅིག་ཡིན་པའི་ངོས་ནས། ང་ཚོས་སྟེགས་བུ་འདི་བརྒྱུད་དེ་གཙོ་བོ་རྩོམ་རིག་དུས་དེབ་གཅིག་གི་འགན་འཁྲི་དང་དུ་བླངས་ཏེ། བོད་ཡིག་གི་རྩོམ་འབྲི་བ་དང་། རྩོམ་རིག་ལ་བློ་སེམས་དཀར་བ་རྣམས་ལ་རྩོམ་ཡིག་འབྲི་བར་སྐུལ་འདེད་དང་། བརྩམས་ཆོས་དཔེ་སྐྲུན་གྱི་མཐུན་རྐྱེན་བསྐྲུན་པ་སོགས་བྱས་ཏེ་བོད་ཡིག་གི་རྩོམ་འབྲི་བ་དག་ལ་འཕྱར་བ་གྲུ་འདེགས་བྱས་ཏེ། གཞོན་སྐྱེས་རྩོམ་པ་པོ་མང་པོ་ཞིག་གསོ་སྐྱོང་བྱས་དང་བྱེད་ཀྱིན་ཡོད། ལས་ཀ་འདི་ནི་བོད་ཀྱི་རིག་གནས་སྤྱི་དང་། ཁྱད་པར་དུ་བོད་ཀྱི་སྐད་དང་ཡི་གེ་ལ་ཐད་ཀར་འབྲེལ་བ་ཡོད་པས། ལས་འདིས་བོད་ཀྱི་རིག་གནས་དང་སྐད་ཡིག་སོགས་རྒྱུན་འཛིན་དང་དར་སྤེལ་གྱི་ཕྱོགས་ལ་ནུས་ཚོད་ཀྱིས་ཞབས་འདེགས་ཞུ་བཞིན་ཡོད་ཅེས་བཤད་ན་མི་ཆོག་པ་མེད་པར་སྙམ།
དྲི་བ། བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་ཕྱོགས་ལ་ལྟ་སྟངས་ག་འདྲ་འཛིན་གྱིན་ཡོད།
ལན། ང་རང་རྩོམ་སྒྲིག་གི་ལས་ཀར་ཞུགས་ནས་མི་ལོ་བཅུ་ཙམ་འགོར་བ་དང་། མི་ལོ་བཅུ་ཙམ་གྱི་རིང་ལ་བོད་ཀྱི་དེང་རབས་རྩོམ་རིག་ལ་དང་དོད་བྱས་པ་བརྒྱུད་ནས་སེམས་ཚོར་འདི་འདྲ་ཞིག་བྱུང་སོང་སྟེ། སྤྱིར་གྲངས་ཀ་ཁོ་ནའི་དབང་དུ་བྱས་ནའང་། བོད་ཀྱི་དེང་རབས་རྩོམ་རིག་ནི་ཅིས་ཀྱང་འཕེལ་རྒྱས་ཀྱི་ལམ་ཁར་བགྲོད་དང་བགྲོད་བཞིན་ཡོད་ཅེས་བཤད་དགོས་པ་རེད་མོད། འོན་ཀྱང་། བསམ་བློ་ཡང་གཏོང་བྱས་ན། སྐབས་མང་པོ་ཞིག་ལ་གྲངས་ཀ་ལས་སྤུས་ཀ་གཙོ་ཞེས་པ་ལྟར། ད་ལྟ་རང་རེའི་བོད་རྩོམ་གྱི་སྤུས་ཀའི་ངོས་ན་ད་རུང་ཡང་འཕེལ་རྒྱས་ཀྱི་བར་སྟོང་ངེས་ཅན་ཞིག་ཡོད་པར་འདོད། དཔེར་ན་སྙན་ངག་དང་ལྷུག་རྩོམ་འབྲི་མཁན་མང་ནའང་སྤུས་ཀ་ཞན་པའི་བརྩམས་ཆོས་ཀྱིས་བརྒྱ་ཆའི་བསྡུར་ཚད་མང་ཙམ་ཟིན་ཡོད་པ་དང་། སྒྲུང་གཏམ་དང་འཁྲབ་གཞུང་ཕྱོགས་ཀྱི་བརྩམས་ཆོས་ཐོན་ཚད་ཉུང་བར་མ་ཟད། དེ་དག་གི་ལེགས་ཉེས་ལ་དཔྱད་གླེང་གནང་བའི་རྩོམ་རིག་དཔྱད་བརྗོད་འབྲི་མཁན་གྱི་དཔུང་སྡེ་ནི་དེ་བས་ཀྱང་ཉམས་ཆུང་བར་འདོད། དཔེར་ན་དུས་དེབ«གངས་དཀར་རི་བོ»ཡི་ངོས་ནས་གླེང་ན་ཡང་། ཡིག་ཟམ་དུ་སྙན་ངག་དང་ལྷུག་རྩོམ་སྐུར་མཁན་ནི་ཧ་ཅང་མང་ན་ཡང་།སྒྲུང་གཏམ་དང་དཔྱད་བརྗོད་སྐུར་མཁན་ཉུང་བ་དང་། དེ་ལས་ཀྱང་སྒྲུང་རིང་དང་འཁྲབ་གཞུང་སྐུར་མཁན་ནི་ཉིན་མོའི་སྐར་མ་ལྟ་བུར་སྣང་བས། འདིས་ངོས་ནས་བལྟས་ན་ཟུར་བལྟས་ལེབ་མཐོང་ཟེར་བ་ལྟར། བོད་ཀྱི་དེང་རབས་རྩོམ་རིག་གི་ད་ལྟའི་གནས་བབ་མཐོང་ཐུབ་མོད། ལོ་རེ་ལས་ལོ་རེར་སྤུས་ཀ་ཅན་གྱི་བརྩམས་ཆོས་ཇེ་མང་དུ་འགྲོ་བཞིན་འདུག་པ་དང་། བརྩམས་ཆོས་དེ་དག་ལ་དཔྱད་གླེང་ཡང་རབས་དང་རིམ་པ་བྱུང་དང་འབྱུར་བཞིན་འདུག་པར་བལྟས་ན། བོད་ཀྱི་དེང་རབས་རྩོམ་རིག་ཀྱང་སོར་ན་བསྡད་མེད་པར་མདུན་ནས་མདུན་དུ་འགྲོ་བཞིན་འདུག་སྙམ།
དྲི་བ། «གངས་དཀར་རི་བོ»ནི་ཟླ་ཟུང་དུས་དེབ་ཅིག་ཡིན་པའི་ཆ་ནས། དཀའ་ངལ་ཆེ་ཤོས་དེ་གང་ཡིན་ནམ།
ལན། «གངས་དཀར་རི་བོ»ཡི་ངོས་ནས་བརྗོད་ན། མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་བའི་དུས་རིམ་ཞིག་ལ་སླེབས་ཡོད་ཅེས་བརྗོད་དགོས་ཏེ། ད་ལྟ་མ་མཐའ་ཡང་བོད་ཡིག་གི་རྩོམ་འབྲི་མཁན་ཞིག་ཡིན་ན་དུས་དེབ་འདི་ཉིད་མི་ཤེས་མཁན་ཆེར་མེད་པ་དང་། ཁྱད་པར་དུ་ན་གཞོན་རྩོམ་འབྲི་བ་མང་པོ་ཞིག་གིས་དགའ་པོ་བྱེད་བཞིན་ཡོད་པ་ལྟ་བུ་རེད། དེ་ལྟ་ནའང་། དེབ་འདི་ལ་རྩོམ་སྐུར་མཁན་ཚོས་སོ་སོའི་བརྩམས་ཆོས་ལ་ཞུ་དག་ཡག་པོ་མི་གནང་བ་དང་། བརྩམས་ཆོས་སྐུར་མཁན་མང་ཡང་སྤུས་ཀ་ཅན་གྱི་བརྩམས་ཆོས་སྐུར་མཁན་ཅུང་དཀོན་པ། ལྷག་པར་དུ་རྩོམ་རིག་དཔྱད་བརྗོད་ཀྱི་བརྩམས་ཆོས་སྐུར་མཁན་ཤིན་ཏུ་དཀོན་པའི་དཀའ་ཁག་གཅིག་དང་། མིག་སྔར་དུས་དེབ་ཁང་གི་ངོས་ནས་ལྟོས་བཅས་ཀྱིས་རྩོམ་ཡོན་དེ་ཙམ་མཐོན་པོ་སྦྱིན་ཐུབ་ཀྱི་མེད་པའི་དཀའ་ཁག་སྟེ་དཀའ་ཁག་ཆེ་ཤོས་གཉིས་འདུག་པར་འདོད་ལ། གཞན་ཡང་། ད་སྐབས་ནི་བརྡ་འཕྲིན་གྱི་དུས་རབས་ཤིག་སྟེ། ཡོད་ཚད་གློག་རྡུལ་གྱི་རྣམ་པ་ཅན་དུ་འགྱུར་གྱི་ཡོད་ཅིང་། རྒྱལ་ཕྱི་ནང་ཁག་གི་དུས་དེབ་གྲགས་ཅན་དང་། དཔེ་དེབ་གྲགས་ཅན་མང་པོ་ཞིག་ཀྱང་དེ་བཞིན་གློག་རྡུལ་གྱི་རྣམ་པ་ནས་དཔར་སྐྲུན་དང་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་མ་ཟད། ཀློག་པ་པོའི་ངོས་ནས་ཀྱང་ས་ཐག་རིང་ཐུང་གི་ཁྱད་མེད་པར་གང་ས་ནས་ལྟ་ཀློག་ཐུབ་ཀྱི་ཡོད་ནའང་། «གངས་དཀར་རི་བོ»ཡི་ངོས་ནས་དཔལ་འབྱོར་སོགས་ཀྱིས་ཆ་རྐྱེན་གྱི་དབང་གིས་ད་སྔ་ད་རུང་སྲོལ་རྒྱུན་གྱི་ཤོག་གུའི་དཔར་སྐྲུན་ཙམ་ལ་བརྟེན་ནས་ཀློག་པ་པོའི་འདོད་བློ་བསྐང་དགོས་ཀྱི་ཡོད་པས། ཀློག་པ་པོ་མང་པོའི་ལག་ཏུ་འཕྲོད་མི་ཐུབ་པ་ནི་ཆེས་དཀའ་ཁག་ཆེ་ཤོས་འདིའང་འདུག་ལ། འབྱུང་འགྱུར་དཀའ་ཁག་འདི་ལ་ཅིས་ཀྱང་འགྱུར་བ་གཏང་སྟེ། ས་ཕྱོགས་གང་སར་ཡོད་པའི་བོད་ཡིག་གི་ཀློག་པ་པོ་རྣམས་ཀྱི་འདོད་བློ་བསྐང་ཐུབ་པའི་ཉི་མ་ཞིག་འཆར་ན་སྙམ་པའི་རེ་གཞག་ནི་ཧ་ཅང་ཆེ་བ་ཡིན་མོད། དཔལ་འབྱོར་གྱི་མཐུན་རྐྱེན། ལས་ཀ་བའི་ལག་རྩལ་སོགས་ཀྱིས་དཀའ་ཁག་འདི་ད་དུང་དུས་ཡུན་ཐུང་ཐུང་ནང་སེལ་མི་ཐུབ་པ་འདྲ།

དྲི་བ། ཁྱེད་རང་ཚོས་གསར་སྐྱེས་རྩོམ་མཁན་སྔོག་འདོན་དང་གསོ་སྐྱོང་ཐད་ལ་ནུས་པ་གང་འདྲ་འདོན་གྱི་ཡོད།
ལན། 2015ལོ་ནས་བཟུང་བོད་ཡིག་དུས་དེབ«གངས་དཀར་རི་བོ»ཡི་དཔྱད་གླེང་ཚོགས་འདུ་དང་གསར་སྐྱེས་རྩོམ་པ་པོ་གསོ་སྦྱོང་ཚོགས་འདུ་སོགས་ལོ་རེ་བཞིན་དུ་སྤེལ་ནས་ད་ལྟའི་བར་དུ་ལོ་བཅུ་འགོར་ཡོད། ལོ་དེ་དག་གི་རིང་ལ་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོ་རྒན་པ་དང་རྩོམ་རིག་ཆེད་མཁས་པ་སུམ་ཅུ་ཙམ་ཆེད་དུ་གདན་འདྲེན་ཞུས་ནས་གསར་སྐྱེས་རྩོམ་འབྲི་བ་བརྒྱ་ཕྲག་ལྔ་ལྷག་ལ་གསོ་སྦྱོང་གི་གོ་སྐབས་སྤྲད་པ་དང་། 2018ལོར་ཁུལ་ཡོངས་ཀྱི་གཞོན་སྐྱེས་རྩོམ་པ་པོ་བཅུ་ལ་ལོ་གཅིག་གི་རིང་གན་རྒྱ་བཞག་ཅིང་། གན་འཇོག་རྩོམ་པ་པོ་དེ་དག་ལ་མཛུབ་སྟོན་དགེ་རྒན་གདན་ཞུ་བྱས་ཏེ་རྩོམ་འབྲིའི་ནུས་པ་དང་འདུན་པ་སྐྱེད་སྲིང་གཏོང་བ་སོགས་བྱས་པས་ས་གནས་ཀྱི་རྩོམ་པ་པོའི་དཔུང་སྡེ་གསར་པ་ཚུགས། ད་དུང་སི་ཁྲོན་མི་རིགས་སློབ་གླིང་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་གཙོས་དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་དུས་དེབ«གངས་དཀར་རི་བོ»སློབ་གླིང་དུ་སྐྱོད་པའི་བྱེད་སྒོ་སྤེལ་ནས་སློབ་མ་ཚོར་བོད་ཡིག་གི་རྩོམ་རིག་འབྲི་ཀློག་ལ་སྐུལ་སློང་བྱས་པ་དང་། དུས་དེབ«གངས་དཀར་རི་བོ»དཔེ་མཛོད་ཁང་དུ་ཉར་བ་ཁོ་ན་ཙམ་མ་ཡིན་པར་ཀློག་པ་པོའི་ལག་ཏུ་དེབ་སྒོ་སྐྱེལ་གྱི་ཚུལ་དུ་ཕུལ་བ་སོགས་ཀྱི་ཐབས་ལམ་སྤྱོད་དེ་དུས་དེབ་དང་ཀློག་པ་པོའི་བར་ལ་ཟམ་པ་ལྟ་བུའི་མཐུན་རྐྱེན་བསྐྲུན་པས། ད་ལྟའི་ཆར་ཁུལ་ཡོངས་ནས་རྩོམ་རིག་ལ་དགའ་མོས་ཅན་གྱི་གཞོན་སྐྱེས་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད། དེ་བཞིན་དུ«ཁམས་ཁུལ་གྱི་རྩོམ་པ་པོའི་བརྩམས་ཆོས་གཅེས་བཏུས»དང་། ཕྱི་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་གྱི་སྒྲུང་ཐུང་བདམས་བསྒྱུར་བྱས་པའི«ཕ་རོལ་གྱི་ལྟད་མོ»དཔར་སྐྲུན་འགྲེམ་སྤེལ་བྱས་ཤིང་། «ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས»ཞེས་པ་གསར་དུ་བཏོད་དེ་ད་སྔར་དེབ་བཅུ་གསུམ་དཔར་སྐྲུན་བྱས་ཟིན་པ་དང་། ད་དུང་ཡང་དཔེ་ཚོགས་འདི་ཉིད་ཀྱི་རྩོམ་སྒྲིག་དང་དཔར་སྐྲུན་མཐུན་རྐྱེན་བྱེད་པའི་ལས་རྒྱུན་བསྐྱངས་དང་སྐྱོང་བཞིན་ཡོད།དྲི་བ། ཁྱེད་ལ་དུས་ཡུན་རིང་བོའི་རྩོམ་སྒྲིག་བྱ་བའི་མྱོང་ཚོར་ག་ཚོད་འདུག
ལན། རྩོམ་སྒྲིག་གི་ལས་ཀར་ཞུགས་པའི་མྱོང་ཚོར་གྱི་ངོས་ནས་བརྗོད་ན། རང་ངོས་ཀྱི་ཐོབ་བྱ་དང་གཞན་ངོས་ཡར་ཐོན་དང་བཅས་ཕྱོགས་གཉིས་ནས་གླེང་བར་འདོད་དེ། རང་ངོས་ཀྱི་ཐོབ་བྱ་ཆེ་ཤོས་ནི། རྩོམ་སྒྲིག་གི་ལས་ཀར་ཞུགས་པ་ནས་བཟུང་རྩོམ་པ་པོ་དང་རྩོམ་རིག་ལ་འབྲེལ་འདྲིས་ཇེ་ཆེར་སོང་བའི་དབང་གིས། རང་ཉིད་ཀྱང་སྔར་ལས་ལྷག་པའི་སྒོ་ནས་རྩོམ་རིག་ལ་དགའ་པོ་ཆགས་ཏེ་དཔེ་ཀློག་དང་རྩོམ་འབྲིའི་ཕྱོགས་ལ་འབད་བཞིན་ཡོད་པ་དེ་ནི་རང་ངོས་ཀྱི་འཐོབ་བྱ་དེ་ཡིན་ལ། གཞན་ངོས་ཀྱི་ཡར་ཐོན་ནི་རང་ནུས་ཀྱིས་གསར་སྐྱེས་རྩོམ་པ་པོ་མང་པོ་ཞིག་ལ་གོ་སྐབས་བྱིན་པ་དང་། རྩོམ་རིག་ལ་བློ་སེམས་དཀར་བའི་གཞོན་སྐྱེས་རྩོམ་པ་པོ་མང་པོ་ཞིག་ལ་རྩོམ་སྐུལ་དང་འབྲེལ་འདྲིས་བྱས་ཏེ་གསོ་སྐྱོང་བྱས། དགོས་པའི་དུས་སུ་སྙིང་ཕུར་བརྡབས་པ་སོགས་བྱས་སྟབས། མིག་སྔར་གཞོན་སྐྱེས་རྩོམ་པ་པོ་མང་པོ་ཞིག་བལྟས་བལྟས་རིག་རིག་ལ་འཚར་ལོངས་འབྱུང་བཞིན་འདུག་པས། མི་ཚེ་ད་ལ་མ་ཐུག་གི་བར་དུ་རྩོམ་སྒྲིག་གི་ལས་ཀ་གཉེར་བ་དེ་མི་ཚེའི་གཟི་བརྗིད་ཅིག་ཡིན་པར་རློམ་དགོས་བྱུང་ལ། ད་རུང་མུ་མཐུད་དུ་འབད་དགོས་པའི་ཆོད་སེམས་བརྟན་པོ་ཞིག་ཀྱང་རྙེད་བྱུང་། དེ་བས། མཇུག་མཐར་བརྗོད་འདོད་པ་ནི། ང་རང་མི་ཚེ་འདིར་རྩོམ་རིག་དུས་དེབ་གཅིག་གི་རྩོམ་སྒྲིག་པ་དང་། ལྷག་པར་དུ«གངས་དཀར་རི་བོ»ཡི་རྩོམ་སྒྲིག་པ་ཞིག་ཏུ་གྱུར་པ་ནི་ཚེ་རབས་དུ་མར་བསགས་པའི་འབྲས་བུ་དང་། ང་ཡི་བསོད་ནམས་ཡིན་སོང་ཞེས་བརྗོད་འདོད་བྱུང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号