སྐུ་ཞབས་རྒྱ་གྲོལ་ལགས་ལ་བཅར་འདྲི་ཞུས་པ།

རྩོམ་པ་པོ།:ལ་མོ་བཀྲ་ཚེ། ཡོང་ཁུངས།:ཆོས་གྲོགས་དྲ་ཚིགས། དུས་ཚོད།:2011-09-09 09:37:00 ཀློག་གྲངས།:
            བཞི་བ་སྤྱོད་མི་ཤེས་པའི་གནད་དོན་ནི་དཔེར་ན་དབུས་གཙང་གི་རྩོམ་རིག་སྒྱུ་རྩལ་སོགས་དཔེ་དེབ་མང་བོ་ཞིག་ཏུ་ཤད་སྤྱོད་སྟངས་བརྡ་སྤྲོད་དང་མི་བསྟུན་པར་གང་འདོད་བྱེད་ཀྱིན་ཡོད་པ་རེད། དཔེར་ན་ཚིགས་བཅད་མཐར་ཉིས་ཤད་དང༌། རྫོགས་ཚིག་སོགས་ཀྱི་མཐར་ཉིས་ཤད་མི་འབྲི་བར་ཆིག་ཤད་འབྲི་བ་དང་དེ་བཞིན་ཨ་མདོའི་གསར་སློབ་པ་འགའ་རེས་མི་ལ་མི་བུ་ཞེས་འབྲི་བ་དང་མི་བུ་ལ་མི་བུ་ཆུང་ཆུང་ཞེས་འབྲི་བ་སོགས་ནོར་འཁྲུལ་འབའ་ཞིག་རྒྱུགས་ཆེ་ལ། ལུ་གུ་ལ་ལུག་ཆུང་ཞེས་འབྲི་བ་དང༌། དགོངས་པའམ་བསམ་བློ་ལ་སྙིང་སྟོབས་ཞེས་བྲིས་ནས་དགག་སྒྲུབ་ཀྱི་སྙིང་སྟོབས་འགྱུར་ལོག་ལ་ལད་མོ་བྱས་ནས་ལོག་རྟོག་གི་སྙིང་སྟོབས་ལྟ་བུ་འབྲི་བ་སོགས་དགོད་བྲོ་ཞིང་སྙིང་རྗེ་བ་མང་དུ་མཐོང་རྒྱུ་ཡོད། འདི་ལྟ་བུ་འབྲི་བ་དབུས་གཙང་ལས་ཨ་མདོ་ན་མང་བོ་ཡོད་ཅིང༌། ལྷག་པར་བོད་ཡིག་གི་གཞི་མ་ཚུགས་པའི་ན་གཞོན་གྱི་ནང་དུ་དེ་འདྲ་མང་བོ་ཡོད་པ་རེད། དེ་བས་ཐ་སྙད་གསར་བའི་རྗེས་སུ་གཏན་ནས་རྒྱུགས་མི་རུང༌། དེ་བས་བོད་ཀྱི་སྐད་ཡིག་འདི་ཡར་རྒྱས་སུ་འགྲོ་བཞིན་ཡོད་ལ་དེ་དང་བསྟུན་ནས་ཉེན་ཁ་ཆེན་པོ་ཞིག་ལ་ཡང་འཕྲད་ཡོད་པ་རེད། དེ་བས་བདག་གིས་འདི་ལྟ་བུའི་བྱེད་ཐབས་སྤྱད་དགོས་སྙམ།
1 རྩོམ་ཡིག་འབྲི་དུས་ཡིག་ཐོག་ཏུ་རྒྱུགས་ཆེ་ལས་གཞན་པའི་ཨམ་སྐད་དང༌། དབུས་གཙང་གི་སྐད་དང་ཁམས་སྐད་མི་སྤྱད་པ་ནི་རྩོམ་པ་བོ་རང་གི་བོད་ཀྱི་སྤྱི་སྐད་ལ་སྲུང་སྐྱོབ་དང་དར་སྤེལ་བྱེད་པའི་ཆ་རྐྱེན་གཙོ་བོ་ཞིག་ཡིན། སྒྲུང་གཏམ་ལས་དམིགས་བསལ་གྱིས་སྤྱད་དགོས་བྱུང་ན་ཡང་དེ་ལ་མཆན་གསལ་བོར་དགོད་དགོས། ལྷག་པར་ཀུན་གྱིས་ཤེས་དགོས་པ་ནི་ཡིག་ཐོག་ཏུ་ཕལ་སྐད་སྤྱོད་པ་ནི་བོད་ཀྱི་བསྟན་བཅོས་ཀྱི་སྤྱི་སྐད་ལ་གཏོར་བརླག་ཆེན་པོ་བློས་མི་ཤོང་བ་གཏང་ངེས་རེད།
2  མདོ་དབུས་ཁམས་གསུམ་གང་ཡིན་རུང་སུམ་རྟགས་དང་བསྟུན་པ་ནི་བོད་ཀྱི་སྐད་དང་སྲུང་སྐྱོབ་བྱས་པ་ཞིག་ཏེ། དཔེར་ན་རྐུ་མ་བརྐུས་ལྟ་བུའི་སུམ་རྟགས་ལ་མི་བསྟུན་པ་དེར་འཛེམ་དགོས། ད་ལྟའི་བརྡ་སྤྲོད་མཁན་པོ་འགས་ཀྱང་ས་གནས་ཀྱི་ཕྱོགས་ཞེན་གྱི་དབང་དུ་སོང་ནས་འདི་དག་བརྡ་སྤྲོད་དང་མཐུན་ཞེས་ཨུ་ཚུགས་བྱེད་ཀྱིན་པ་དེ་ནི་ཤིན་ཏུ་མི་ལེགས།
3  ད་ལྟ་དྲ་ཐོག་ཏུ་འཚང་ཁ་བྱེད་བཞིན་པ་མང་བོ་ཞིག་ནི་ན་གཞོན་ཡོན་ཏན་སྦྱངས་པ་དམན་པ་སྐོར་ཞིག་ཡིན་པས་དེ་དག་གིས་གང་འདོད་དུ་བཤད་པའི་ཡ་མ་ཟུང་མིང་དང་ཚིག་སྤྱད་པ་དེ་དག་གི་རྗེས་སུ་ཅལ་འགྲོགས་མི་བྱེད་པར་བོད་ཀྱི་བསྟན་བཅོས་ཀྱི་བརྡ་ལ་བྱང་བར་བྱེད་པ་དང་དེ་དག་སྤྱད་པ་ཤིན་ཏུ་གལ་ཆེ།
4  ཐ་སྙད་གསར་བ་དག་ལ་དཔྱད་བརྗོད་སྤེལ་བ་ཤིན་ཏུ་གལ་ཆེ། གལ་ཏེ་དཔྱད་བརྗོད་སྤེལ་ནས་བསྲེགས་བཅད་བརྡར་བའི་དཔེ་བཞིན་མ་བྱས་ན་བོད་ཀྱི་སྐད་ནི་འཛམ་གླིང་གི་ཆེས་ཐ་ཤལ་གྱི་སྐད་ཅིག་ཏུ་མི་འགྱུར་བའི་ངེས་པ་མེད། དེ་བས་ད་ལྟའི་ཐ་སྙད་གསར་བའི་དཔེ་ཆ་དག་ལ་མདོ་དབུས་ཁམས་གསུམ་གྱི་མཁས་པ་དག་གིས་འཛོམས་པར་བྱས་ནས་ཐ་སྙད་ལེགས་པོ་དག་བཀས་བཅད་ཀྱིས་གཅིག་མཐུན་དུ་སྤྱད་ན་ལེགས།
5  སྔོན་གྱི་ཐ་སྙད་དང་ལས་ཚིག  བདག་སྒྲ་སྤྱོད་སྟངས་སོགས་གཅིག་གྱུར་མིན་པའི་གནད་དོན་ལ་བཀས་བཅད་བྱེད་པ་ཤིན་ཏུ་གལ་ཆེ། དེ་དག་ཇི་ལྟར་སྤྱོད་པའི་ཐད་དུ་ང་ཚོས་ཆོལ་ཁའི་ཕྱོགས་ལྷུང་དང་མཁས་པའི་ཞེན་ཕྱོགས་བཅས་ཡོད་ཚད་དོར་ནས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་གྱི་བཀས་བཅད་ཀྱི་དེབ་ཆུང་ཞིག་བསྐྲུན་ཡོད་པ་དེར་བསྟུན་ན་དགེ་མཚན་ཆེ་བར་འདོད། ངའི་བསམ་ཚུལ་ཀྱང་དེ་བཞིན་ཏེ་དག་ཡིག་གསར་བསྒྲིགས་ཀྱི་ལས་ཚིག་གི་སྤྱོད་སྟངས་སྔོན་བྱོན་མཁས་པ་དག་གིས་བཞེད་པའི་སྙིང་བོ་བསྡུས་ཡོད་པས་ད་ལྟ་དེ་ལས་ལྷག་པའི་དཔེ་ཆ་ཞིག་མེད་པས་དེར་བསྟུན་ན་ལེགས་པར་འདོད་ལ། དེ་བཞིན་དུ་ད་ལྟ་ཚད་ལྡན་བྱེད་པའི་དག་ཡིག་གཉིས་ཏེ་བོད་རྒྱ་ཚིག་མཛོད་ཆེན་མོ་དང་དག་ཡིག་གསར་བསྒྲིགས་གཉིས་ལ་བསྟུན་ན་ད་ལྟ་འབྱུང་བཞིན་པའི་ཉོག་དྲ་འདི་དག་འབྱུང་མི་སྲིད་པར་འདོད་དོ།།
            ལྷག་པར་གལ་ཆེ་བ་ནི་ད་ལྟ་བོད་ཀྱི་ཡི་གེ་ལ་བཀས་བཅད་བཞི་བ་ཞིག་བྱ་དགོས་པ་དེ་ཡིན། དེའི་ཐད་དུ་ངས་བསམ་གཞིག་བྱས་མྱོང་ལ། བཀས་བཅད་བཞི་བ་ཇི་ལྟར་བྱེད་ཚུལ་ཐད་ལ་རྩོམ་ཡིག་ཅིག་ཀྱང་བོད་ལྗོངས་ཞིབ་འཇུག་ཏུ་སྤེལ་ཡོད་པས། ངས་བསྐྱར་བཟློས་ཀྱི་མང་བོ་མི་བརྗོད་དེ། རྩོམ་ཡིག་དེ་ཁྱེད་ལ་དཔྱད་གཞི་ཕུལ་ཆོག

ལ་མོ་བཀྲ་ཚེ།    དེང་གི་ཆར་ན་གཞོན་ཁག་ཅིག་རྩོམ་ཡིག་དང་རིག་གནས་ཀྱི་ཆུ་ཚད་མཐོ་ཙམ་སླེབས་ཡོད་ལ་རྩོམ་རྩལ་གྱི་ཁོ་ལག་ཇེ་ཆེར་རྒྱས་ཡོད་ནའང་དེ་ནི་རང་ཉིད་ཀྱི་སྙན་པ་ཆེར་རློམས་འདོད་པ་ཙམ་ལས་དོན་ངོ་མའི་ལག་ལེན་ཐོག་ཕྱིར་བཀྱེད་ཀྱིས་མི་རིགས་སམ་རིག་གནས་ཤིག་ལ་འགན་ཁུར་གྱི་བསམ་པ་ཞན་པས་ཁྱེད་ནས་དེའི་ཐོག་ལ་བསམ་ཚུལ་ཅི་འདྲ་ཡོད་མེད་གསུངས་དང་།

རྒྱ་གྲོལ་ལགས།  འདི་ནི་གནད་དོན་ཞིག་རེད། ཤེས་ཡོན་ཅན་མང་བོ་ཞིག་གིས་བོད་དོན་གླེང་བཞིན་ཡོད་མོད། བོད་ཀྱི་རིག་གཞུང་ལ་སྣང་མེད་དང་ཁྱད་གསོད་བྱེད་པའི་ཤས་ཆེ། དེ་དག་གིས་བོད་མི་རིགས་ཞེས་གླེང་བའི་དགོངས་པ་ངོ་མ་ལ་ཐེ་ཚོམ་ཟ་བཞིན་ཡོད། དེ་རྒྱུ་མཚན་གང་ཞེ་ན། མི་རིགས་ཀྱི་རིག་གནས་རྩ་མེད་དུ་བཏང་ན་མི་རིགས་ཞེས་པའི་གཞི་མེད་པས་སོ། །  དེ་བས་མི་རིགས་ཀྱི་ལ་རྒྱ་གླེང་བ་ནི་རིག་གནས་ཀྱི་ལ་རྒྱ་ལས་རིག་གནས་རྩ་མེད་དུ་བཏང་ནས་མི་རིགས་ཀྱི་སླད་དུ་འཆི་ཕོད་ཟེར་བ་ནི་མའི་ཆེད་དུ་མའི་མགོ་གཅོད་བཞིན་མའི་ཆེད་དུ་རང་སྲོག་བློས་གཏང་ཐུབ་ཅེས་བཤད་པ་དང་འདྲ། ད་ལྟ་དབུས་གཙང་གི་ན་གཞོན་མང་བོ་ཡང་དེ་དག་གི་རྗེས་སུ་རྒྱུགས་པ་ནི་ཡིད་སྐྱོ་བ་ཞིག་ཏུ་མཐོང་སོང༌། སྨད་ཚོང་མ་དང་རྐུན་མ་དག་གིས་མི་རིགས་འདིའི་མཚན་སྙན་དང་བདེ་ཐང་ལ་གནོད་པ་ལས་མི་རིགས་རྩ་མེད་དུ་གཏོང་མི་སྲིད་ལ། སྤྲང་བོ་ཇི་འདྲར་མང་ཡང་མི་རིགས་སྤྱི་ལ་གནོད་པ་གཏན་ནས་མེད། འོན་ཀྱང་ཤེས་ཡོན་ཅན་གྱི་བསམ་བློ་རུལ་བ་འདི་མི་རིགས་འདི་རྩ་མེད་དུ་གཏོང་བའི་ཉེས་པ་ཤིན་ཏུ་ཆེ། དེ་བས་མི་ཕལ་བ་ཞིག་ལ་བསམ་བློ་མེད་ན་དེ་ཡིད་སྐྱོ་བ་ཞིག་ཡིན་ཀྱང༌། ཤེས་ཡོན་ཅན་དག་གིས་བསམ་བློ་རུལ་བ་འདི་ནི་ཆེས་ཤིན་ཏུ་ཡ་ང་བ་ཞིག་ཡིན་པར་འདོད་དོ།།

ལ་མོ་བཀྲ་ཚེ།  ང་ཚོའི་སྤྱི་ཚོགས་འདིར་རིག་གནས་ཅན་གང་མང་ཞིག་ཡོད་རུང་དེ་རྣམས་རང་རང་སོ་སོའི་གནས་ས་གྲུ་ཟུར་ཞིག་ཏུ་ཁུམས་ནས་བསྡད་པ་ལས་ཕན་ཚུན་བསམ་བློ་བརྗེ་རེས་དང་མི་རིགས་སམ་རིག་གནས་ཤིག་གི་མ་འོངས་པའི་ཁ་ཕྱོགས་ལ་བསམ་ཏེ་འགན་སེམས་རྣལ་མ་ཞིག་གི་ཐོག་ནས་རིག་གཞུང་བགྲོ་གླེང་སོགས་གང་ཐད་ཀྱི་བྱེད་སྒོ་སྤེལ་མཁན་ཧ་ལམ་དཀོན་པས་དེའི་ཐད་ཁྱེད་རང་གི་བྱ་ཐབས་སམ་དགོངས་ཚུལ་ཅི་ཞིག་ཡོད་དམ།

རྒྱ་གྲོལ་ལགས།  བགྲོ་གླེང་གི་ཚོགས་འདུ་འཚོགས་པ་ནི་ཨ་མདོ་ན་དར་ཁྱབ་ཤིན་ཏུ་ཆེན་པོ་ཡོད། འོན་ཀྱང་ཉེ་བའི་ལོ་འགར་བགྲོ་གླེང་གི་ཚོགས་འདུ་མང་བོ་ཞིག་འཚོག་པར་སྔར་བཞིན་དཀའ་ཁག་ཆེན་པོ་ལ་འཕྲད་བཞིན་ཡོད། ང་ཡོད་པའི་ས་ཆ་འདིར་ཉེ་བའི་ལོ་འགའི་རིང་ལ་ཕལ་ཆེར་འཚོག་དཀའ་བའི་གནས་ཚུལ་འདུག    ངའི་བསམ་ཚུལ་ལྟར་ན་མཁས་པ་རྣམས་ལ་བསམ་བློའི་བགྲོ་གླེང་བྱེད་པའི་ཁོར་ཡུག་དེ་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ཀྱང༌། དེ་བས་ཀྱང་གལ་ཆེ་བ་ནི་བགྲོ་གླེང་ལས་གྲོས་གཞི་ཞིག་གཏན་ལ་ཕབ་ནས་བསྒྲུབ་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། ཚོགས་འདུ་མང་བོ་ཞིག་ནས་བཤད་བཤད་པའི་རྗེས་སུ་ལག་ལེན་ཀུན་གྱིས་བོར་ནས་བུད་འགྲོ། དེ་འདྲ་བྱས་ན་འབྲས་བུ་ལེགས་པོ་ཞིག་འབྱུང་མི་སྲིད། བགྲོ་གླེང་གི་ཚོགས་འདུ་ཞིག་ཡིན་ན་སྔོན་དུ་བསམ་རྒྱུ་ཞིག་དང༌། འཚོགས་དུས་ཐག་གཅོད་ཅིག  གྲོལ་ནས་བསྒྲུབ་རྒྱུ་ཞིག་དགོས་པ་རེད། དེ་ལྟ་བུའི་ཁོར་ཡུག་ཅིག་བསྐྲུན་པ་ལ་དགོས་གལ་ཤིན་ཏུ་ཆེན་པོ་ཞིག་ཡོད་ཀྱང་དེ་ལས་ལྷག་པར་བསྒྲུབ་པ་ལ་འགལ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དཀའ་ཚེགས་ཆེན་པོ་ཡོད། དེ་ནི་ང་རང་གིས་དངོས་སུ་དེ་འདྲའི་བྱ་བ་མང་བོ་བསྒྲུབས་པས་དཀའ་ངལ་དེ་དངོས་སུ་ཤེས་ཡོད།  དེ་ནི་གཅིག་ནས་མཁས་པ་དག་བགྲོ་གླེང་ལ་མི་དགའ་བའི་སྐྱོན་ཡོད་སྲིད་ཀྱང༌། དེ་ལྟ་བུའི་ཁོར་ཡུག་བསྐྲུན་དགོས་པ་ནི་དེ་བས་ཀྱང་གལ་ཆེ་བ་ཞིག་རེད། འོན་ཀྱང་དེའི་རྒྱུ་རྐྱེན་ནི་དངོས་གནས་ང་ཚོའི་དཀའ་ཁག་ཅིག་ཏུ་གྱུར་ཡོད་པས་སྔར་བཞིན་བྱེད་ཐབས་སྣ་ཚོགས་སྤྱད་ནས་བསྒྲུབ་དགོས་པ་རེད།

ལ་མོ་བཀྲ་ཚེ།  ད་སྐབས་ང་ཚོའི་སྤྱི་ཚོགས་འདིར་བོད་པ་མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་དང་གོ་རྟོགས་དམན་པས་ཆོས་ལུགས་ནི་ཕྱི་ཚུལ་ཙམ་ལས་མ་འདས་ཤིང་དེ་ནི་རང་བྱས་གཞན་ལ་ངོམས་རྒྱུ་ཙམ་ཞིག་ལས་དོན་ངོ་མའི་བྱམས་སྙིང་རྗེ་དང་བརྩེ་བ་སོགས་དང་བྲལ་ལ་གཞན་སྨོད་དང་འཚེ་བ་དབྱེན་སྦྱོར་སོགས་ཀྱི་ལས་ཅི་རིགས་ལ་འཇུག་ཅིང་ཐ་ན་ས་ག་ཟླ་བ་ལ་བསྐོར་བ་བྱེད་པར་འགྲོ་མཁན་མི་བརྒྱ་སྟོང་མང་པོ་ཡོད་རུང་དེའི་ནང་ས་ག་ཟླ་བ་ཞེས་པའི་དོན་སྙིང་ཅི་ཞིག་ཡིན་མིན་མི་ཤེས་པས་དུས་དེའི་རིང་དགེ་བའི་ལས་ཞིག་སྒྲུབ་ན་ཕན་ཡོན་ནམ་དགེ་བ་གང་ཙམ་ཡོད་པ་རྟོགས་མཁན་གྱི་སྐྱེ་བོ་ཧ་ཅང་ཉུང་བས་ཁྱེད་ནས་གསུངས་ན་དེའི་རྩ་བའི་གནད་དོན་དེ་གང་ལ་ཐུགས་ཡོད་དམ།

རྒྱ་གྲོལ་ལགས།  དངོས་གནས་འདི་འདྲ་རེད། ད་ལྟའི་བར་དུ་ང་ཚོ་བོད་མི་རིགས་ཀྱིས་ནང་བསྟན་ལ་དད་པ་བྱས་ཀྱང། དད་པ་བྱེད་པའི་ཁྱིམ་པ་མང་ཆེ་བ་ཞིག་ནི་ནང་བར་ཆ་རྒྱུས་ཅི་ཡང་མེད་པ་འབའ་ཞིག་རེད། ཁོང་ཚོ་ལ་མཚོན་ན་དད་པ་དང་བསྟན་པ་ལ་བཅང་བའི་ལྷག་བསམ་ཧ་ལས་པ་ཞིག་ཡོད་ཀྱང་ཁོང་ཚོའི་སེམས་ཀྱི་བསྟན་པ་དེ་བསྟན་པ་དངོས་གནས་པ་དང་རྒྱང་ཐག་རིང་དུ་གྱུར་པ་རེད། དེ་ནི་ཁོང་ཚོའི་སྐྱོན་མ་ཡིན་པར་ང་ཚོ་ཆོས་ལུགས་པའི་སྐྱོན་རེད། དེའི་རྒྱུ་མཚན་གང་ཡིན་ཞེ་ན། ད་ལྟའི་བར་དུ་དགེ་བཤེས་དང་བླ་མ་དག་གིས་བསྟན་པ་རིན་པོ་ཆེ་འདི་གྲྭ་སའི་མཁས་པའི་ཁྲོད་དུ་སྤེལ་བ་ལས་གྲོང་བ་ཕོ་མོ་ལ་ཁ་གསལ་དོན་གསལ་གྱི་སྒོ་ནས་འགྲེལ་བ་བྱེད་པར་དོ་སྣང་མ་བྱས་པའི་རྐྱེན་རེད། ད་ལྟ་མཁས་པ་མང་བོས་མང་ཚོགས་ལ་སྤེལ་བའི་དོ་སྣང་བྱེད་ཀྱིན་ཡོད་དེ། གྲོང་བ་ཕོ་མོ་མང་བོ་ཞིག་གིས་ཀྱང་ནང་བསྟན་ལ་སློབ་གཉེར་བྱེད་ཀྱིན་ཡོད། དེ་ནི་ཤིན་ཏུ་ལེགས་པོ་ཞིག་རེད། ངའི་སློབ་མའི་ནང་དུ་ཡང་གྲོང་བ་ན་གཞོན་ཕོ་མོ་བསྟན་པར་མཁྱེན་རྒྱ་ཡངས་པ་སྐོར་ཞིག་ཡོད། མུ་མཐུད་དུ་དགེ་བསྙེན་རྣམ་དཔྱོད་ཅན་དང་དེ་མ་ཡིན་པའི་ཁྱིམ་པ་དག་ལ་ནང་བསྟན་སློབ་གཉེར་བྱེད་པར་སྐུལ་བ་དང་སློབ་ཁྲིད་བྱེད་པ་ཤིན་ཏུ་གལ་ཆེ།  ངའི་བསམ་པར་གྲོང་བ་དག་གི་ནང་བའི་བསྟན་པའི་ཤེས་ཡོན་ཡར་རྒྱས་སུ་འགྲོ་བ་ལ་བླ་མ་དགེ་བའི་བཤེས་གཉེན་དག་གིས་གྲོང་བ་ཕོ་མོ་དག་ལ་རྒྱུན་ཏུ་ནང་བསྟན་གྱི་རྒྱུན་ཤེས་སྐོར་གསུང་རྒྱུ་དང༌། གྲྭ་བ་དག་གིས་དུས་རྒྱུན་གྱི་ཁ་བརྡའི་ཚུན་ཆད་དུ་ནང་བསྟན་གྱི་སྐོར་བརྗོད་བྱར་བཟུང་ནས་ཁ་བརྡ་བྱེད་པ། ཁ་གསལ་དོན་གསལ་གྱི་དཔེ་ཆ་མང་བོ་བརྩམས་ནས་རིན་མེད་གཟིགས་བྱེད་པ། ནང་བསྟན་ཁ་གསལ་གྱི་བཀའ་སློབ་གནང་བའི་འོད་སྡེར་གྱི་རིགས་བཟོས་ནས་རིན་མེད་གཟིགས་འབུལ་བྱེད་པ།  ནང་བའི་ལས་འབྲས་དང་བྱམས་སྙིང་རྗེ། ཉམས་ལེན་བློ་སྦྱོང་གི་སྐོར་གྱི་གློག་བརྙན་ནམ་ཁ་ཐུང་གློག་བརྙན་བཟོ་བ། ནང་བསྟན་གྱི་རྩོམ་རིག་དར་སྤེལ་དུ་གཏོང་བ་བཅས་བྱས་ན་ཕན་པ་ཆེ་བར་འདོད་ལ། བདག་གིས་ད་ལྟ་སྒྲུབ་བཞིན་པའི་ནང་བསྟན་ཤེས་རབ་གསུང་རབ་དངོས་འབུལ་ཁང་ཀྱང་དེའི་ཕྱོགས་ལ་སྤོས་པའི་གོམ་པ་དང་བོ་ཡིན་པས། ང་ཚོ་མཉམ་འབྲེལ་བྱས་ཀྱང་རུང་ལ་སོ་སོར་བསྒྲུབ་ཀྱང་ཆོག  འདི་ནི་མི་རེ་གཉིས་ཤིག་གི་བསྒྲུབ་དགོས་པ་ཞིག་མིན་པར་བོད་ཀྱི་དགོན་སྡེ་ཀུན་གྱིས་བསྒྲུབ་དགོས་པ་ཞིག་རེད་སྙམ། ལྷག་པར་པོ་ཏ་ལ་ལ་དཔལ་འབྱོར་གྱི་ཆ་རྐྱེན་ལེགས་སྙམ་པས་དེའི་ཕྱོགས་ན་འབད་པ་བྱས་ན་གཞན་ལས་ཕན་ཁྱད་ཆེ་བར་འདོད་དོ།།

ལ་མོ་བཀྲ་ཚེ། ངེད་ཆོས་གྲོགས་དྲ་བ་གཉེར་ནས་ལོ་ལྔ་ལ་ཉེ་ཞིང་མཇུག་ཏུ་ཁྱེད་ནས་ངེད་དྲ་བའི་རྩོམ་རིག་སྤེལ་ཕྱོགས་སོགས་ཀྱི་ཐད་ལ་དགོངས་ཚུལ་ཅི་ཞིག་ཡོད་དམ།

རྒྱ་གྲོལ་ལགས།  དྲ་བའི་མིང་ལ་ཆོས་གྲོགས་ཞེས་པ་ལས་དོན་དུ་ཆོས་གྲོགས་སུ་འགྱུར་བའི་ཕྱོགས་ལ་བསྙེག་ན་འགྲིག   དེང་དྲ་བ་སྣ་ཚོགས་མང་བོ་ཡོད་པ་རེད། ཁྱེད་ཅག་གིས་དྲ་བ་ནི་པོ་ཏ་ལ་དང་འབྲེལ་བ་དམ་ཟབ་ཡོད་པས་དྲ་བ་གཞན་བཞིན་ཡིན་མིན་བཅོ་བརྒྱད་སྤེལ་ན་མི་ལེགས་པར་པོ་ཏ་ལའི་རིག་གནས་སྤེལ་དགོས་པ་རེད། པོ་ཏ་ལའི་རིག་གནས་ཞེས་པ་བདག་གིས་བཏགས་པ་སྟེ། བོད་མི་རིགས་ཀྱི་རིག་གནས་སྲོག་ཤིང་བྱ་དགོས་པ་དེ་རེད། དེ་བས་ཁྱེད་ཅག་གིས་བོད་ལྗོངས་ནང་བསྟན་ལ་མཉམ་འབྲེལ་བྱེད་པ་ཤིན་ཏུ་གལ་ཆེ་བར་འདོད། ངས་འདི་ལྟར་བཤད་དོན་ཡང་ཁྱེད་ཅག་གི་ཁ་ཕྱོགས་ཀྱང་བོད་ལྗོངས་ནང་བསྟན་གྱིས་སྲོག་ཤིང་བྱ་དགོས་པ་མ་ཟད། བོད་ལྗོངས་ཞིབ་འཇུག་གི་ལས་འགན་འཁུར་དགོས་ལ། གངས་ལྗོངས་རིག་གནས་ཀྱི་དགོངས་པ་ཡར་དར་སྤེལ་བྱ་དགོས་པ་རེད། དེ་བས་ཁྱེད་ཅིག་གིས་བོད་ལྗོངས་ནང་བསྟན་དང་གངས་ལྗོངས་རིག་གནས། བོད་ལྗོངས་ཞིབ་འཇུག བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་ལྟ་བུའི་དུས་དེབ་དག་ལ་འབྲེལ་བྱས་ནས་དེ་ལྟ་བུའི་ལེ་ཚན་སྤེལ་ནས་མི་རིགས་ཀྱི་རིག་གནས་དར་སྤེལ་དང་འཛིན་སྐྱོང་སྤེལ་བའི་ལས་ལ་གཞོལ་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཐོན་ཡོང་ལ། བོད་ལ་ཁེ་ཕན་ཆེ་བ་ཡང་དེ་ཡིན་པར་འདོད།  རྩོམ་རིག་ལ་གཞོལ་བ་ལ་མི་ལེགས་པ་མེད་ཀྱང་ཁྱེད་ཚོར་མཚོན་ན་དེ་ནི་ཆེས་ཆུང་བའི་ལས་ཀ་ཞིག་རེད་སྙམ།  དེ་དང་མཉམ་དུ་པོ་ཏ་ལའི་རྒྱ་ཡིག་གི་དྲ་བ་དང་དབྱིན་ཡིག་གི་དྲ་བ་རེ་གཉེར་ཐུབ་ན་དེ་བས་ཀྱང་ལེགས་སྙམ།

ལ་མོ་བཀྲ་ཚེ། ཁྱེད་ནས་ངེད་དྲ་བའི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སླད་མ་འོངས་ལོ་ཟླའི་ནང་སྐུ་ཁམས་གསལ་ཐང་ཐོག་མཛད་འཕྲིན་ཁག་ལྷུན་གྱིས་གྲུབ་པར་སྨོན།

རྒྱ་གྲོལ་ལགས།  ལགས་སོ།། ངས་ཀྱང་ཁྱེད་རྣམ་པའི་སྐུ་བདེ་ཐུགས་དགེ་བའི་ངོས་ནས་མཛད་འཕྲིན་ཡར་ངོའི་ཟླ་བཞིན་འཕེལ་པ་དང་ཆོས་གྲོགས་དྲ་བའི་འཕྲིན་ལས་ཀྱང་པོ་ཏ་ལའི་གཟི་དཔལ་དང་འགྲོགས་ནས་གངས་རིའི་ལྗོངས་སུ་ཁྱབ་ནས་བོད་མི་རེ་རེའི་སྙིང་ནས་འཛུམ་པའི་སྨོན་འདུན་ཞུ།

བཅར་འདྲི་འདི་ནི2011ལོའི་ཟླ་བ8ཚེས28ཉིན་ལྷ་ལྡན་གྲོང་དུ་ཞུས་པའོ།།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།