སྐུ་ཞབས་རྒྱ་གྲོལ་ལགས་ལ་བཅར་འདྲི་ཞུས་པ།
སྐུ་ཞབས་རྒྱ་གྲོལ་ལགས་ད་རེས་དབུས་གཙང་ཕྱོགས་སུ་ཕེབས་སྐབས་བཅར་འདྲི་ཞུས་པ།
བཅར་འདྲི་བྱེད་མཁན། ལ་མོ་བཀྲ་ཚེ།
བཅར་འདྲི་བྱེད་ཡུལ། སྐུ་ཞབས་རྒྱ་གྲོལ་ལགས།
ལ་མོ་བཀྲ་ཚེ། ཐོག་མར་སྐུ་ཞབས་རྒྱ་གྲོལ་ལགས་དབུས་གཙང་ཕྱོགས་སུ་ཕེབས་པར་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ཆོས་གྲོགས་དྲ་བའི་མིང་ཐོག་ནས་བཀའ་འདྲི་ཁག་ཅིག་ཞུ་འདོད་བྱུང་། ཁྱེད་ཉིད་དབུས་གཙང་ཁུལ་དུ་ཕེབས་པ་ཐེངས་དང་པོ་ཡིན་པས་ད་རེས་གནས་གཟིགས་ཁག་ཐུགས་བློ་ཁེངས་པ་བྱུང་ཡོད་མེད་དང་། དེ་བཞིན་འདི་ཁུལ་གྱི་ཁོར་ཡུག་དང་སློབ་གསོ་སོགས་ལ་ཐུགས་སྣང་འདྲ་གནང་ཡོད་ངེས་པས་ཁྱེད་ནས་གཟིགས་ཚུལ་མདོར་བསྡུས་ཤིག་གསུངས་རོགས།
རྒྱ་གྲོལ་ལགས། བདག་དབུས་གཙང་ལ་ཡོང་བ་འདི་ནི་བདག་བྱིས་པའི་དུས་ནས་རེ་བ་བྱེད་ཀྱིན་པའི་དོན་ཞིག་ཡིན་ལ། བོད་ཀྱི་རིག་གནས་ཀྱི་བྱ་བ་བྱེད་མཁན་ཞིག་ལ་མཚོན་ན་ངེས་པར་ཡོང་དགོས་པའི་དོན་ཞིག་ཀྱང་རེད། དབུས་གཙང་ལ་མ་སླེབས་ན་བོད་ཀྱི་ཡབ་མེས་ཀྱི་གནས་ཆེན་དག་ལ་ཆ་རྒྱུས་ཅི་ཡང་མེད་པར་བརྩི་ཆོག་པ་རེད། ཕངས་པ་ཞིག་ལ་བདག་གིས་ད་བར་དུ་རང་གི་འོས་འགན་འདི་བསྒྲུབས་མ་ཐུབ་པ་ལ་ངོ་གནོང་གིན་འདུག དེ་བས་ད་རེས་དབུས་གཙང་ལ་ཡོང་བས་བདག་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྐྱེས་ལ། དགའ་སྐྱོ་ཟུང་དུ་འབྲེལ་བའི་སྨྲེང་བ་ཞིག་ཀྱང་སྐྱེས་བྱུང༌། དེ་ཡང་བདག་གི་བསམ་ཚུལ་ཅུང་ཞུ་ན་འདི་ལྟ་སྟེ།
1 སྔོན་བྱོན་མེས་པོ་རྣམས་ཀྱི་གདན་ས་དང་མཛད་པ་དག་གིས་བདག་ལ་སྤོབས་པ་སྟེར་བ་མ་ཟད། ཉམ་ང་བའི་གནས་ཚུལ་མཐོང་བའི་ཚེ་ན་སྐྱོ་གདུང་བཟོད་ཐབས་བྲལ་བ་ཞིག་ཀྱང་སྐྱེས་བྱུང༌། སྔོན་བྱོན་མེས་པོའི་གནས་མཆོག་འདི་དག་གིས་བདག་མེས་པོའི་གནས་བའི་ཡུལ་དང་བཞུགས་པའི་སྐབས་དེར་སྐྱེལ་འགྲོ། དེ་དང་དེ་ལྟ་བུ་དག་ནི་བདག་མཇལ་འདོད་པའི་གནས་མཆོག་ཅིག་ཡིན་པས། མཇལ་བའི་ཚེ་ན་ལམ་གྱི་དཀའ་སྡུག་ཐམས་ཅད་ཀྱང་སེམས་གཏིང་ནས་བརྗེད་འགྲོ། དུས་དང་རྐྱེན་གྱི་དབང་གིས་གནས་མང་བོ་ཞིག་ལ་འགྲོ་མ་ཐུབ་པ་ལ་ཕངས་སེམས་ཆེན་པོ་དབང་མེད་དུ་སྐྱེ་བཞིན་འདུག
2 བདག་ལྷ་སའི་ཡུལ་མི་དག་ལ་འབྲེལ་འདྲིས་ཆེན་པོ་ཞིག་མ་བྱུང་ལ། ཆེས་འདྲིས་པ་ནི་སྤྱི་སྤྱོད་རླངས་འཁོར་ལ་ཐེངས་མང་བོ་བསྡད་ནས་མཐོང་བ་ནི་རླངས་འཁོར་ཁ་ལོ་བ་ཡིན་ན་འདྲ། སྤ་སེ་འཚོང་མཁན་གྱི་བུ་མོ་ཡིན་ནའང༌། དྲིས་ན་སུན་སྣང་མེད་པར་ལན་གསལ་བོ་ཞིག་འདེབས་ཤིང༌། འབབ་ས་ནས་ཀྱང་ངག་སྙན་མོས་བརྡ་གསལ་བོ་ཞིག་གཏོང་བ་དེ་ཡིན། དེས་ང་ལ་བག་ཆགས་གསལ་བོ་ཞིག་བཞག་ཡོད་དེ། ལྷག་པར་རྒན་པོ་དང་རྒན་མོ། ནད་པ་སོགས་མཐོང་མ་ཐག་ནས་ན་གཞོན་དག་གིས་རང་འགར་ལངས་ནས་སྡོད་ས་ཁོ་ལ་སྤྲོད་པ་དེ་ཡིན། ང་རྒྱ་ནང་གི་གྲོང་ཁྱེར་མང་བོ་ཞིག་ལ་སོང་མྱོང་ཡང༌། དེ་ལྟ་བུ་ནི་ཆེས་དཀོན་ལ། རྒྱ་ནང་དུ་འདི་ལྟ་བུའི་བརྩི་བཀུར་མེད་པ་འདི་ནི་ཀུན་སྤྱོད་ཀྱི་ཉེན་ཁ་ཞིག་ཏུ་རྩི་བཞིན་འདུག ངས་རྩོམ་ཡིག་མང་བོ་ཞིག་ནས་ལྷ་སའི་མི་ཀུན་སྤྱོད་ཉམས་དམས་སུ་གྱུར་པའི་སྐོར་མང་བོ་མཐོང་མོད། བདག་གིས་མཐོང་བ་ནི་ལྷ་ས་ད་དུང་ལྷ་ས་ཡིན་པ་དེ་ཡིན།
3 བདག་གིས་ལྷ་སའི་མི་ལ་ལམ་སོགས་འདྲི་བའི་ཚེ་ཁོང་གིས་དབུས་སྐད་ལས་རྒྱ་སྐད་མི་བཤད་པ་དེས་བདག་ལ་བག་ཆགས་ཟབ་མོ་ཞིག་བཞག་བྱུང༌། ངས་མི་མང་བོ་ཞིག་ལ་ལམ་དང་གནས་ཚུལ་དྲིས་མོད་ཚུར་བདག་ལ་རྒྱ་སྐད་བཤད་པ་ནི་བུ་མོ་གཅིག་ལས་མ་མཐོང་མོད། གཞིས་ཀ་རྩེ་ནས་ངས་ཐོག་མར་མི་ཞིག་ལ་སྐད་ཆ་དྲིས་མོད། དེ་ལན་བཏབས་པ་ནི་རྒྱ་སྐད་ཡིན་ལ་དེ་བཞིན་གཞིས་ཀ་རྩེ་ནས་རྒྱ་སྐད་བཤད་པ་ལ་མི་འཛེམ་ལ་དབུས་ནས་འཛེམ་པ་ལྟ་བུ་འདུག དེ་ཡིས་བདག་གིས་ལྷ་སའམ་དབུས་པའི་མི་ནི་མི་རིགས་རང་གི་རིག་གནས་ལ་དུང་བ་ཆེན་པོ་ཞིག་ཡོད་པ་ངང་གིས་ཤེས་བྱུང༌།
4 དབུས་པ་མང་བོ་ཞིག་གིས་ཨ་མདོ་སོགས་མཇལ་བ་མཐོང་ན་གདོང་འཛུམ་སྟེ་འཚམས་འདྲི་ཞིག་བྱེད་པ་མང་ལ། ལྷག་པར་དར་མའི་ཁྲོད་དུ་མང་བོ་ཡོད། དེ་ཡིས་ཤ་རུས་གཅིག་པའི་སྤུན་ཟླ་དག་ཕ་སར་སླེབས་པ་ལྷག་བསམ་ཞིག་བསུ་བ་བྱས་པ་ཞིག་རེད་བསམ་ནས་དབང་མེད་དུ་དགའ་བ་ཞིག་སྐྱེ་བཞིན་འདུག
5 བདག་དབུས་གཙང་ནས་མཇལ་བའི་ན་གཞོན་ཕོ་མོ་སྐོར་ཞིག་ལ་མཇལ་བྱུང་ལ། ཁོང་ཚོའི་ཁྲོད་དུ་གྲྭ་བ་ཡོད་ལ། དགེ་རྒན་ཡང་ཡོད། སློབ་གྲྭ་ཆེན་མོའི་དགེ་རྒན་ཡོད་ལ། སློབ་འབྲིང་གི་དགེ་རྒན་ཀྱང་ཡོད་འདུག སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་ཡོད་ལ། སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་ཡང་ཡོད། ཁོང་ཚོའི་ཁྲོད་ཀྱི་མང་བོ་ཞིག་ནི་མི་རིགས་ཀྱི་རིག་གནས་ལ་དུང་བ་ཆེ་བ་སྐོར་ཞིག་ཡིན་ལ། རྒྱ་ཡིག་འགྲིམ་བཞིན་པའི་རེ་གཉིས་ཀྱིས་བདག་སེམས་ལ་འཁང་ར་ཞིག་བྱིན་པ་ལས་གཞན་མང་བོ་མི་རིགས་ཀྱི་དུང་བ་ཟབ་ལ། སྤུན་ཟླའི་མཛའ་བརྩེ་ཡང་ཆེ། རང་གི་ནུས་པས་མི་རིགས་འདི་ལ་ཞབས་ཞུ་ཞིག་བསྒྲུབ་ཨེ་ཐུབ་སྙམ་པའི་སྤོབས་པ་ཡང་ཆེ།
6 དབུས་གཙང་ལ་མཇལ་སྐོར་ཁྲོད་དུ་བདག་གི་སེམས་པ་སྐྱོ་བར་བྱེད་པ་ནི་དགོན་པའི་ནང་དུ་ཡང་གྲྭ་བ་ཚོས་གྲོང་ལྭ་གྱོན་པ་དེ་ཡིན་ལ། དེ་ལ་རྒྱུ་རྐྱེན་མང་བོ་ཞིག་ཡོད་ངེས་ཀྱང༌། སངས་རྒྱས་ཀྱི་བསྟན་པ་དང༌། ཆོས་འདུལ་བའི་བཅའ་ཁྲིམས་ལ་བསམ་ན་དགོན་པ་ཆེན་པོ་དག་གིས་འདུལ་བའི་སྤྱོད་པ་འདི་ལྟ་བུར་གནས་སམ་སྙམ་ནས་རང་གིས་རང་ལ་དྲིས་པ་ཞིག་གདོན་དགོས་བྱུང་སོང༌། འདི་ནི་གཙང་ལས་དབུས་ན་ཚབས་ཆེ་བས། ལྷག་པར་ཀུན་སྤྱོད་ཀྱི་ཚད་དུ་འཇོག་སའི་རྭ་སྒྲེང་དང་སེ་འབྲས་དགེ་གསུམ་ལྟ་བུའི་དགོན་པའི་གྲྭ་བས་ཀྱང་གྲོང་ལྭའམ་སྐྱ་སེར་གྱི་ལྭ་བ་འདྲེས་མ་གྱོན་པ་དེ་བདག་གི་ཡིད་ལ་ཆུ་འཁྱག་རེ་བླུགས་པ་ཇི་བཞིན་གྲང་ཤུར་སེ་འགྲོ་ལ། སེམས་ནས་ཅི་ཞིག་བོར་སོང་བ་བཞིན་སྟོང་ལྷང་ངེར་འགྱུར་འགྲོ། བདག་གི་བསམ་པར་གྲྭ་བ་ཞིག་ཡིན་ན་འདུལ་བ་གཙོ་བོར་གཟུང་དགོས་ལ། ལྷག་པར་དགེ་ལུགས་པའི་གྲྭ་ས་ཆེན་པོ་དག་གིས་འདུལ་བ་ལ་འདི་ལྟར་དོ་སྣང་མེད་པ་ནི་ཤིན་ཏུ་མི་ལེགས་པ་ཞིག་རེད།
7 ལྷ་སའི་ན་གཞོན་མང་བོ་རིག་གནས་དང་མི་རིགས་ལ་དགའ་མོད། ད་ལྟ་བསམ་བློ་གཏད་ས་ལ་ངེས་གཏད་མེད་པར་ཨ་མདོའི་རྩོམ་པ་བོ་སྐོར་ཞིག་གིས་རྗེས་སུ་རྒྱུགས་པ་མཐོང༌། ཁོང་ཚོས་སེམས་ཀྱི་སྐྱོ་གདུང་དེ་བསལ་བར་སྤོབས་པའི་མདུང་རྩེ་རང་གི་རིག་གནས་དང་ཆོས་ལུགས་ལ་སྐོར་བ་མཐོང༌། དེ་ནི་དེང་རབས་རིག་གནས་ཀྱི་གཞི་མ་ཚུགས་ཤིང༌། སྲོལ་རྒྱུན་རིག་གནས་ཀྱི་ལམ་མ་རྙེད་པ་ཞིག་ཏུ་བསམ་བྱུང༌། དེ་ནི་ལོ་འགའི་སྔོན་དུ་ཨ་མདོ་ནས་འཁྲབ་ཀྱིན་པའི་གླེན་པའི་ཟློས་གར་དེ་ཡིན་པས་ཡི་མུག་ཅིང་ཧ་ང་བ་ཞིག་ཀྱང་རེད་དོ།།ལྷག་པར་ན་གཞོན་སྤྲུལ་སྐུ་འགའ་རེས་སངས་རྒྱས་ཀྱི་འདུལ་བ་དང་དགོན་པའི་བཅའ་ཡིག་ཡན་པར་བོར་ནས་ད་ལྟ་སྐྱ་མིན་སེར་གྱི་ལྟ་བ་ལོག་པ་འགའ་རེའི་རྗེས་སུ་རྒྱུགས་པ་ལ་དེ་བས་དགོད་བྲོ་ལ། སྙིང་རྗེ་བ་ཞིག་ཀྱང་རེད་བསམ་བྱུང༌།
8 ད་དུང་བརྗོད་འདོད་པ་མང་མོད། དེ་ནི་ཁྱེད་ཚོས་ཀྱང་མཁྱེན་བཞིན་པ་ཡིན་པས་ངས་ཀྱང་མི་བརྗོད་དོ། སྐྱོ་བ་ཁོང་ལ་མིད་ནས་རང་གིས་རང་སྐལ་མི་ཤོར་བ་ལ་འབད་དགོས་པ་ནི་དོན་གྱི་སྙིང་བོ་རེད་འདོད།
9 ལྷག་པར་ཁྱེད་ཅག་དབུས་གཙང་གི་གྲོགས་པོ་གང་མང་ཞིག་གིས་བདག་ལ་མཐོང་ཆེན་གནང་ཏེ་བདག་གི་མཇལ་སྐོར་གྱི་སླད་དུ་དུས་ཚོད་མང་བོ་ཞིག་བཏང་ནས་རོགས་རམ་བླ་ན་མེད་པ་ཞིག་གནང་བ་ལ་དགའ་སྤྲོ་ཆེན་པོ་སྐྱེས་པའི་ཁར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
ལ་མོ་བཀྲ་ཚེ། སྤྱིར་ང་ཚོ་རྒྱུན་དུ་བེད་སྤྱོད་བྱེད་པའི་དག་ཡིག་གསར་སྒྲིག་ཡིན་ནའང་འདྲ་ཚིག་མཛོད་ཡིན་ནའང་འདྲ་ཡོངས་ཁྱབ་ཏུ་དག་ཆ་སོགས་གཅིག་འགྱུར་དུ་གནས་ཡོད། དག་ཡིག་དང་ཚིག་མཛོད་ནི་ང་ཚོའི་བློས་འགེལ་བའི་དགེ་རྒན་བཟང་པོ་ཞིག་རེད་འོན་ཀྱང་དག་ཆ་ཁག་ཅིག་དཔེར་ན་དྲྭ་བའི་དྲ་ལ་ཝ་ཟུར་ཡོད་མེད་དང་ལོ་གསར་གྱི་གསར་ལ་མདོ་སྨད་ནས་སར་འབྲི་བ་ད་དབུས་གཙང་ཁུལ་དུ་ཡོངས་ཁྱབ་ཏུ་གསར་འབྲི་བཞིན་ཡོད། སྤྱིར་དཔེ་རྙིང་ཁག་ནང་ལོ་གསར་གྱི་གསར་ལ་སྔོན་འཇུག་ག་འབྲི་བའི་སྲོལ་འདུག ད་དུང་དུས་དེབ་ཁག་གི་ཐོག་ཆོགས་དང་འཁྱོག་གཉིས་དོན་གཅིག་ཏུ་འཇུག་པ་དང་ཡང་ཁག་གཅིག་གིས་ཆོགས་ནི་བཅག་གི་སྐུལ་ཚིག་ཡིན་ཞིང་འཁྱོག་ནི་བཀྱག་གི་སྐུལ་ཚིག་ཏུ་འབྲི་ཡི་འདུག་པས་བཀོལ་སྟངས་གཅིག་འགྱུར་ཞིག་མེད་སྟབས་མ་འོངས་པར་དེའི་ཐད་འཇུག་ཡུལ་གཏན་འཁེལ་བའམ་གཅིག་འགྱུར་ཡོང་བར་ཐབས་གང་འདྲ་ཞིག་ཡོད་དམ།
རྒྱ་གྲོལ་ལགས། ད་ལྟ་བོད་ཀྱི་སྐད་ཡིག་གི་ཐད་ལ་ཁ་སྐད་ལ་བསྟུན་པ་དང༌། ཐ་སྙད་གསར་བའི་ཉོག་དྲ། སྔོན་ནས་གཅིག་གྱུར་མ་བྱུང་བ ཐ་སྙད་བཀོལ་མ་ཤེས་པ་སྟེ། དེ་ལྟ་བུའི་གནད་དོན་ཆེན་པོ་བཞི་ཡོད།
དང་བོ་ནི་ཆོལ་ཁ་སོ་སོའི་སྐད་དང་བསྟུན་པ་སྟེ། ད་ལྟ་བལྟས་ནས་དབུས་གཙང་གིས་དེ་ལྟར་སྤྱད་པ་མང་སྟེ། དཔེར་ན་ཡིན་ཙང༌། ཆུ་བོ་ལ་ཆུ་མོ། རྐུ་མས་བརྐུས་པ་ལ་རྐུ་མ་བརྐུས། ཆུ་འཁྱག་འཐུང་མི་རུང་ལ་ཆུ་འཁྱག་འཐུང་རྒྱུ་མེད། གཡུ་སྒྲོན་གྱིས་དངུལ་རྙེད་པ་ལ་གཡུ་སྒྲོན་ལ་དངུལ་རྙེད། སྐུ་མཁྱེན་ལ་ཀུ་ཅི། སྒོར་མོ་པད་ཤག ཡོད་ལ་ཡོག་རེད་ལྟ་བུ རེད་དམ་ལ་རེད་པས། ཡིན་ནམ་ལ་ཡིན་པས་ལྟ་བུ། གལ་ཏེ་ཨ་མདོ་བས་ཀྱང་དེ་ལྟར་བྲིས་ན། ལྷག་པར་དུ་ཉོག་དྲ་འབྱུང་ངེས་ཏེ།ཨ་མདོ་བས་ནང་ལ་འགྲོ་ལ་ནང་ང་འགྲོ སོང་བ་ཡིན་ནམ་ལ་སོང་ནེ། ཡིན་ན་ཡང་ལ་ཡིན་ན་ར། མིན་ནམ་ལ་མིན་ནེ། མང་བོ་ཡོད་ཀྱང་དེ་ལྟར་བྲིས་པ་ཉུང་མོད། ཕངས་པ་ཞིག་ལ་ན་གཞོན་སྙན་ངག་འབྲི་མཁན་དག་ལ་གསོར་མོ་རེད། རྫབ་བཞག་ཟིག་ལྟ་བུའི་འབྲི་བ་ཇེ་མང་ལ་འགྲོ་བཞིན་ཡོད་ལ། སྦྲང་ཆར་རྩོམ་སྒྲིག་ཁང་གིས་ཀྱང༌། ཀུན་ལ་ཀུན་པོ། དང་གློ་བུར་ལ་གློ་རྡེག་ལྟ་བུ་དང༌། ཁམས་པས་ཀྱང་དཔེ་ཆ་ལ་ཡི་གེ སྤང་ལ་སྤང་ག་ལྟ་བུ་ཇེ་མང་ལ་འགྲོ་བཞིན་འདུག དེ་ལྟར་བྲིས་ན་ཨ་མདོ་ཡི་གེ་དང་དབུས་གཙང་གི་ཡི་གེ་ཞེས་འབྱུང་ཉེན་ཆེ། ལ་ལས་ད་ལྟ་ལྷ་སའི་སྐད་དང་མཐུན་པའི་བརྡ་སྤྲོད་ཅིག་བཟོ་དགོས་ཞེས་སྐད་འབོད་ཀྱིན་འདུག་པ་ནི་བླུན་པོའི་རྟགས་ཤིག་ལས་མ་འདས།
གཉིས་པ་ཐ་སྙད་གསར་བའི་ཉོག་དྲ་ནི་ད་ལྟ་ཤིན་ཏུ་ཚབ་ཆེ་སྟེ་ཁྱེད་ཀྱིས་གསུངས་པ་ལྟར་དེ་བཞིན་རྒྱལ་བོ་ལ་སྲིད་འཛིན། སྐུ་དྲག་ལ་ལས་བྱེད་པ། བླ་མ་ལ་དགེ་རྒན། འབངས་ལ་མི་དམངས། གཡོག་པོ་ལ་ཞབས་ཞུ་བ། ཕྱུག་པོ་ལ་བྲན་བདག བསམ་ཤེས་པ་ལ་གོ་རྟོགས་སད། ཡང་ན་སད་རྟོགས། ཟས་གཙང་མ་ལ་ཟས་སྔོན། ལམ་ཉེན་ཁ་མེད་པ་ལ་ལྗང་མདོག་གི་ལམ། རྣམ་དཔྱོད་ལ་དཔྱོད་ཤེས། མི་ལ་མི་བུ། འགོག་པ་ལ་བཀག་འགོག བཀག་པ་ལ་བཀག་འགོག ནུས་པ་ལ་སྒུལ་ཤུགས། མཐར་ཐུག་གི་རེ་བ་ལ་ལོག་ཕེབས་སམ་ལོག་མལ། འབྲས་བུ་ལ་མཇུག་འབྲས། ཞེས་པ་ལྟ་བུ་མང་བོ་ཡོད་པ་རེད། ཁ་པར་གྱི་སྙན་དབྱངས་ལ་ཚོན་སྒྲ་ལྟ་བུ་བཏུས་ནས་མི་ཚར་བ་ཞིག་ཡོད་པ་རེད། ད་ལྟ་ཨ་མདོའི་ས་ཆ་སོ་སོར་ཐ་སྙད་གསར་བའི་དཔེ་ཆ་རེ་བཟོ་ཡོད་པས་གཅིག་གྱུར་བྱེད་མ་ཐུབ་ན་ལུང་བ་རེ་ལ་སྐད་ཆ་རེ་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེ། ལྷག་པར་དྲ་ཐོག་གི་བརྡ་དག་ལ་ཚད་འཛིན་མཁན་མེད་པས་ན་གཞོན་དག་གིས་ཚིག་རྩ་མ་འཁྱོངས་པར་གང་འདོད་དུ་འབྲི་བཞིན་པ་དང་གཞན་དག་ཆུ་སྣ་གར་ཁྲིད་བྱེད་པའི་ཚབས་ཆེ།
གསུམ་པ་གཅིག་གྱུར་མ་བྱུང་བ་ནི་ད་ལྟ་བྱུང་བའི་ལུགས་མི་འདྲ་བའི་སྤྱོད་སྟངས་ཡིན། དཔེར་ན་ས་སྒང་ལ་ལྒང་འབྲི་བ་དང༌། འགོ་ཁྲིད་དང་མགོ་ཁྲིད། འགྲོན་པོ་དང་མགྲོན་པ་ལྟ་བུ་སྔོན་འཇུག་འ་དང་མ་བརྗོད་པའི་འབྲི་སྲོལ། ལོ་གསར་དང་ལོ་སར། བྱ་དགོས་ལ་བྱེད་དགོས། བྱེད་ཐབས་ལ་བྱ་ཐབས་ལྟ་བུ་མང་དུ་ཡོད་ལ། དཔེར་ན་ཁྱེད་ཀྱིས་གསུངས་པའི་ལས་ཚིག་དེ་ལ་ཡང་ཚེ་ཏན་ཞབས་དྲུང་གིས།འགྱོགས་འགྱོགས་བཀྱགས་ཁྱོགས་ཞེས་དང་འགྱོག་འགྱོགས་བཀྱགས་ཁྱོགས་ཞེས་འབྲི་ཚུལ་གཉིས་དང་། རྨུག་སངས་བླམ་འཇམ་བཟང་གིས། འགྱེག་འཁྱེག་བཀྱག་ཁྱོགས་དང༌། གསེར་ཏོག་གི་མཆན་འགྲེལ་འཕྲུལ་གྱིས་ལྡེ་མིག་ལསའགྱོག་འགྱོག་འགྱེགས་ཆོགས། གངས་དཀར་སྤྲུལ་སྐུ་སི་ཏུའི་དགོངས་རྒྱན་ལས། བཀྱག་འགྱོག་བཀྱགས་ཁྱོགས་ཞེས་འབྲི་སྟངས་མི་མཐུན་པ་ལྔ་ཙམ་ཡོད་པ་རེད། ཡིན་ན་ཡང་དེའི་སྐུལ་ཚིག་ལ་ཆོགས་འབྲི་བ་དག་ཡིག་གསར་བསྒྲིགས་དང་བོད་རྒྱ་ཚིག་མཛོད་ཆེན་པོ་ན་གཏན་ནས་མི་འདུག། དེ་བཞིན་གཞན་དང་གཞན་ན་ཡང་དེ་འདྲ་མང་བོ་ཡོད་པས་བྱ་ཚིག་འདི་ཐད་ལ་རང་ལུགས་གཏད་སོ་ཞིག་མེད་ན་ཉོག་དྲ་ཤིན་ཏུ་ཆེ། འདི་ལྟ་བུའི་བཞེད་པ་དག་ཀྱང་མཁས་པས་དཔྱད་ནས་གཏན་ལ་ཕབ་པ་ཡིན་པས་འདི་འགྲིག་དང་དེ་ནོར་ཞེས་ཀྱང་བཤད་དཀའ་བ་རེད། དེ་ནི་ད་ལྟའི་བོད་ཀྱི་བརྡ་སྤྲོད་ལ་མཚོན་ན་གནད་ཤིན་ཏུ་ཆེན་པོ་ཞིག་རེད།དྲྭ་བ་ཞེས་པ་དེའི་གྲས་ཤིག་ཡིན་པ་རེད། བདག་གིས་དེ་ལྟར་འབྲི་བ་ནི་མ་དག་པ་ཡིན་པའི་འདོད་ཡོད། དེའི་རྒྱུ་མཚན་གང་ཡིན་ཟེར་ན་དྲྭ་བ་ལ་བ་ཟུར་འདོགས་པ་ཚོས་ཚིག་སྡུད་ལ་བསམ་ནས་དྲ་བ་ཞེས་པ་བསྡུས་ནས་དྲྭ་ཞེས་མིང་གཞི་ཕྱི་མ་སྔ་མའི་ཝ་ཟུར་དུ་སོང་བར་འདོད་པར་རེད། དེ་ལྟར་ན་དྲྭ་བ་ཞེས་བྲིས་པ་ནོར་འཁྲུལ་ཁོ་ན་ཡིན་ཏེ་དྲྭ་བ་ཞེས་བྲིས་ན་བ་ད་དུང་བསྡུས་མེད་པས་སོ། ། འོ་ན་དྲྭ་ཞེས་པ་ནོར་ཡོད་མེད་དང༌། དེ་ལྟ་བུའི་སྡུད་སྲོལ་ཡོད་མེད་ལ་དཔྱད་དགོས་ཏེ། བཤད་སྲོལ་དེའི་ཁུངས་ནི་དམུ་དགེ་བསམ་གཏན་རིན་པོ་ཆེའི་བརྡ་སྤྲོད་བློ་གསལ་དགའ་སྟོན་ཡིན་ཏེ། དེ་ལས་གོས་ལྭ་དང་རས་ལྭ། བོད་ལྭ་ཞེས་པའི་སྐབས་སུ་ལ་ལྭ་ཟུར་ཅན་གྱི་སྒྲ་ཐོན་པ་ཤིན་ཏུ་གསལ། ལྭ་བ་ཞེས་པའི་སྐབས་སུ་ལ་དང་བ་འབྲི་བའི་ཚེ་ཝ་ཟུར་འབྲི་བའི་སྲོལ་འདུག་ཀྱང་མི་དགོས་པར་སེམས་ཏེ་ལ་དང་བ་གཉིས་སོ་སོར་འབྲི་བའི་སྐབས་སུ་ཝ་ཟུར་གྱི་སྒྲ་མི་ཐོན་ཞིང་རིའི་ལ་སོགས་དང་ནོར་ས་ཡང་མེད་པར་སེམས་སོ་ཞེས་རི་མགོའི་ཤྭ་ལ་ཝ་ཟུར་ཡོད་པ་དང་རི་མགོའི་ཤ་བ་ཟེར་དུས་ཝ་ཟུར་མི་དགོས་པ་སོགས་མང་དུ་གསུངས་པ་ཞེས་པ་ལ་རིགས་འགྲེ་ཐལ་བ་སྟེ། དེ་ལྟར་ན་གློག་དྲྭ་ཟེར་དུས་ཝ་ཟུར་འབྲི་དགོས་ལ།དྲ་བ་ཟེར་དུས་ཝ་ཟུར་འབྲི་ག་ལ་དགོས། དེ་བས་དྲྭ་བ་ཞེས་འབྲི་བ་ནི་རྒྱུ་མཚན་ཅི་ཡང་མེད་པའི་ནོར་བ་ཆེན་པོའོ།། ད་དུང་དཔྱད་དགོས་པ་ནི་མཁས་དབང་དམུ་དགེ་བསམ་གཏན་གྱིས། ཤྭ་དང་ཤ་བ་ཞེས་པའི་འབྲི་སྟངས་དེ་ཡིན་ཏེ།དེ་ལྟར་ན་ར་བ་དང་བསྡུས་ན་རྭ་འབྲི་དགོས་ལ། རྩ་བ་བསྡུས་ན་རྩྭ་ཞེས་འབྲི་དགོས་པས་ཉོག་དྲ་ཆེན་པོ་ཆགས་ངེས་རེད། དེ་བས་སྔོན་གྱི་འབྲི་སྟངས་དག་ཡིག་གསར་བསྒྲིགས་སོགས་ལས་བྱུང་བ་དེ་བཞིན་བྲིས་ན་ལེགས་སོ།།
དེང་སང་ཐ་སྙད་འབྲི་སྟངས་སྣ་ཚོགས་འབྱུང་བཞིན་ཡོད་ཅིང་མཁས་པ་ཚོས་ཀྱང་རང་ལུགས་རེ་བཟོས་ཡོད་ཀྱང༌། རང་ལ་ངེས་གཏན་མེད་པ་དག་གིས་གཞན་གྱི་རྗེས་སུ་རྒྱུགས་པའི་སྤྱོད་པ་དེ་བསྐྱུར་ནས་དག་ཡིག་གསར་བསྒྲིགས་དང་བོད་རྒྱ་ཚིག་མཛོད་ཆེན་མོ་དང་བསྟུན་ན་ཤིན་ཏུ་ལེགས་པར་འདོད་དོ།།
ལོ་སར་ཞེས་པ་ཨ་མདོ་བར་ད་ལྟ་སར་སྔོན་འཇུག་མེད་པ་འབྲི་བ་དེ་ནི་མཁས་དབང་དམུ་དགེ་བསམ་གྱི་བློ་གསལ་དགའ་སྟོན་གྱི་ལུགས་ཡིན་ལ། དེ་ཡང་སྔོན་གྱི་བརྡ་དག་གི་བསྟན་བཅོས་ལས་སར་བ་དག་ལ་གང་ཡང་རུང་ཞེས་གསར་བ་དང་སར་བ་གཉིས་ཁྱད་མེད་དུ་འབྲི་ཆོག་པ་དང་མཐུན་མོང་དང་ཐུན་མོང་གཉིས་ཁྱད་མེད་དུ་འབྲི་ཆོག་པར་གཏན་ལ་ཕབ་པ་དང་བསྟུན་པ་རེད། ཡིན་ན་ཡང༌། ཁོང་གིས་ལག་ལེན་དངོས་ལ་བསྟུན་ནས་རྒྱ་དཀར་བོ་དང་རྒྱ་གར་ལྟ་བུའི་ཚིག་སྡུད་ཀྱི་རིག་པ་སྤྱད་ནས་ལོ་གསར་བ་ཟེར་དུས་ངེས་པར་སྔོན་འཇུག་འབྲི་དགོས་ལ། ལོ་སར་ཟེར་དུས་ཚིག་སྡུད་ཀྱི་གཞུང་དང་བསྟུན་ནས་སྔོན་འཇུག་མི་འབྲི་བའི་གཞུང་ལུགས་གཏན་ལ་ཕབ་པ་རེད། འདི་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་སམ་ཚན་རིག་དང་མཐུན་པར་བྱས་པ་ཡིན་པས་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com