“མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་སྡུར་སྐབས་གཉིས་པའི་ལྷུག་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ་པའི་བརྩམས་ཆོས།

རྩོམ་པ་པོ།:བསོད་ནམས་རྡོ་རྗེས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-01-12 10:05:40 ཀློག་གྲངས།:
ཕ་ཡུལ་ཕྱོགས་ཀྱི་ཟླ་བ་གསལ།
ཅི་ཞན་ལིན་གྱིས་བརྩམས།
བསོད་ནམས་རྡོ་རྗེས་བསྒྱུར།

       མི་རེ་རེར་ཕ་ཡུལ་རེ་ཡོད་ཅིང་། མི་རེའི་ཕ་ཡུལ་དུ་ཟླ་བ་རེ་ཡོད། མི་ཐམས་ཅད་རང་གི་ཕ་ཡུལ་གྱི་ཟླ་བར་དུངས་པའི་དོན་འདི་ཕལ་ཆེར་གཅིག་འདྲ་རེད།
       འོན་ཀྱང་། གལ་ཏེ་ཁེར་ཧྲེང་གི་ཟླ་བ་གཅིག་པུ་ལས་མེད་ཚེ། ཅུང་ཟད་དབེན་ཞིང་འཇམ་ཅག་གེར་སྣང་བས། ཀྲུང་གོའི་གནའ་བོའི་སྙན་ཚིག་ཏུ་རྣམ་ཀུན་རི་ཆུ་སོགས་དངོས་པོ་ག་གེ་མོས་མཛེས་པར་སྤུད་ཡོད་དེ། དཔེར་ན། “རི་བོ་མཐོ་བས་ཟླ་བ་ཆུང་བར་སྣང”དང“ཆུ་རྫིང་ངོས་སུ་ཟླ་བའི་གཟུགས་བརྙན་གསལ”སོགས་བགྲང་གིས་མི་ལང་།
       བདག་གི་ཕ་ཡུལ་ནི་ཧྲན་ཏུང་གི་ནུབ་བྱང་རྒྱུད་ཀྱི་བདེ་ཐང་ཆེན་མོར་ཆགས། ལོ་ན་ཕྲ་དུས་སུ་གཞི་ནས་རི་བོ་མཐོང་མ་མྱོང་ཞིང་ཅི་ཞིག་ཡིན་པའང་རྒྱུས་མངའ་མེད་པས། དེ་ནི་ཟླུམ་ཞིང་སྦོམ་པའི་ཀ་བ་བཞིན་གནམ་འདེགས་ཤིང་ས་གནོན་ནུས་པའི་ཟིལ་ཤུགས་ཀྱིས་ཁེངས་ཡོད་བསམས།
       རྗེས་སོར་ཅི་ནན་དུ་འབྱོར་ཏེ་རི་བོ་མཐོང་འཕྲལ་དུ། ད་གཟོད་རྨོངས་གཉིད་ལས་སད་པ་བཞིན་རི་བོ་ནི་འདི་འདྲ་ཞིག་ཡིན་ནམ་སྙམ་པའི་སེམས་ཚོར་དབང་མེད་དུ་སྐྱེས་སྟབས། བདག་གིས་ཕ་ཡུལ་དུ་ཟླ་བར་ལྟ་དུས་རི་བོ་དང་འབྲེལ་ཏེ་ཡེ་ནས་བལྟས་མ་མྱོང་ཞིང་། སྐུ་ཞབས་སུའུ་ཏུང་ཕཱོས་གསུངས་པའི་“དཀར་གསལ་ཟླ་བ་ཤར་རིའི་རྩེ་ནས་འཕག །ཆུ་སྨད་གྲོ་བཞིན་དབར་དུ་གཡོ་ཞིང་འཕྱན། །”ཞེས་པ་ལྷག་ཏུ་བློ་ཡིད་ལ་འཆར་དཀའ་བ་ཞིག་རེད།
       ཕ་ཡུལ་གྱི་རི་སྡེ་ཆུང་ཆུང་དུ་ཆུ་བོ་ཤིན་ཏུ་མང་པོ་མཆིས།
       འདམ་གཞོང་ཆེན་པོ་འགས་རི་སྡེ་ཆུང་ཆུང་འདིའི་ཕྱེད་ཀ་ཟིན་ཡོད་ཅིང་། ང་ལྟ་བུའི་བྱིས་པ་ཞིག་གི་མིག་ལམ་དུ་ཆུ་བོ་དེ་དག“ཟླ་བརྒྱད་པའི་ཏུང་ཐིང་མཚེའུ”བཞིན་བརྗིད་ཉམས་དོད་པོ་མིན་ནའང་། ན་བུན་སྲབ་མོའི་འཇམ་མཉེན་གྱི་ཕྱག་ཟུང་འགུལ་བའི་མཛེས་རྣམ་གྱིས་བདག་གི་མིག་འབྲས་དྭངས་མོ་དབང་མེད་དུ་དྲངས་འགྲོ་ལ། དབྱར་ཁའི་ས་སྲོད་ཀྱི་གྲིབ་ཆེན་ཡུན་གྱིས་བཞུད་ཤུལ་དུ། ང་རང་འདམ་གཞོང་འགྲམ་གྱི་ར་བར་ཉལ་ཏེ་མཁའ་དབྱིངས་ན་འོད་དུ་འཚེར་བའི་སྐར་མ་བགྲངས་པ་ཡིན།
       སྐབས་འགར་གནའ་བོའི་ལྕང་སྡོང་འོག་ཏུ་མེ་ཕུང་སྒྲོན་བཞིན་ཡལ་འདབ་ལན་གསུམ་བསྒུལ་ཚེ། འབུ་འཛིང་འཛིང་ཁྱུ་དང་ཁྱུ་བྱས་ཏེ་ཐང་ལ་ལྷུང་ཡོང་ཞིང་། ཉིན་མོར་ལྡད་རུལ་དུ་གྱུར་བའི་གྲོ་རྡོག་གིས་སྦྱར་ཏེ་འཛིན་པ་ལས་སྟབས་བདེ་ཕྱིར། རྟག་ཏུ་དགའ་བས་ངལ་དུབ་བཅོམ་ཞིང་སྲོད་ཀྱི་དུས་འདི་སྔ་མོ་ནས་སླེབས་པར་རེ་སྒུག་བྱེད་པ་ཡིན།
       ནམ་ཚོད་ཅུང་འཕྱི་ལ་ཉེ་དུས། བདག་གིས་འདམ་གཞོང་ངོགས་སུ་མགོ་བོ་ཡར་དགྱེ་སྟེ། ཡངས་པའི་ལྷ་ལམ་ཁྱོན་དུ་དངུལ་དཀར་གྱི་ཟླ་བ་ཤར་ཡོད་པ་མཐོང་ལ། དྭངས་གསལ་གྱི་འོད་མདངས་ཕྱོགས་བཞིར་མཆེད་པའི་ཚུལ་ནི། ཆུ་བོའི་ནང་གི་ཀུ་མུད་གཉེན་དང་ཕན་ཚུན་རྩེད་དགར་རོལ་བར་འཁྲུལ་མེད་དུ་འཁུམས། སྐབས་དེ་དུས། བདག་གིས་སྙན་ངག་གི་སྤྲོ་སྣང་ཞེས་པར་ངེས་ཤེས་གསལ་ཐག་ཆོད་པ་ཞིག་འདྲོངས་མི་ནུས་ནའང་། ཡུལ་འདིའི་འཆི་མེད་ལྷ་ཡི་དགའ་ཚལ་དང་འདྲ་བའི་མཛེས་སྡུག་ལ་རོལ་ཏེ་ལུས་སེམས་གཉིས་ཆར་བདེ་སྣང་ཞིག་གི་དབང་དུ་གྱུར་ཞིང་། གང་ཡིན་ཆ་མི་འཚལ་བའི་བྱ་དངོས་ཤིག་ཞེ་གཏིང་ནས་ངང་ངམ་ཤུགས་ཀྱིས་ཡར་འཕག་བཞིན་མཆིས། ལན་རེར་འདམ་གཞོང་འགྲམ་དུ་ཡུན་རིང་བོར་རྩེས་རྗེས་ཁྱིམ་དུ་ལོག་ནས་གཉིད་དུ་ཡུར་ཏེ། རྨི་ལམ་དུ་ཟླ་བ་ཟུང་གི་བང་རིམ་ལས་ལྷོད་ཀྱིས་ཟགས་པའི་འོད་ཟེར་སྔར་བས་དྭངས་ཤིང་གསལ་བར་གྱུར། ཕྱི་ཉིན་ནངས་མོར་མལ་ལས་ལྡང་སྟེ་འདམ་རྩྭའི་གསེབ་ཏུ་བྱ་གག་གི་སྒོ་ང་འཐུ་རུ་སོང་བ་དང་། འོད་གསལ་ལྷེམ་ལྷེམ་འཕྲོ་སའི་ཆུའི་བར་སྟོང་དུ་ལག་པ་བསྲིངས་ཚེ་སྒོ་ང་ཅི་འདོད་བཞིན་ལེན་ཐུབ་པས། སེམས་སུ་བརྗོད་ཐབས་བྲལ་བའི་སྤྲོ་སྣང་གིས་བརྟས།
       ང་རང་ཕ་ཡུལ་དུ་ལོ་དྲུག་ལ་བསྡད་རྗེས། རྒྱུས་ཡོད་ཀྱི་གནས་འདི་བསྐྱུར་ཏེ་བྱེས་སུ་གྱར་མགོ་བརྩམས།
       ཅི་ནན་དུ་ལོ་བཅུ་ལྷག་ལ་འཚོ་བ་རོལ་ཞིང་། པེ་ཅིང་དུ་ལོ་བཞིར་བསྡད་རྗེས་སླར་ཡང་ཅི་ནན་དུ་ལོག་ནས་ལོ་གཅིག་འདས། ཕྱིས་སུ་ལོ་ངོ་བཅུ་གཅིག་གི་རིང་ལ་ཡོ་རོབ་གླིང་དུ་གཞིས་བཅས་ཏེ་ཕྱིར་པེ་ཅིང་དུ་འབྱོར་ནས་ད་རག་བར་གྱི་མི་ལོ་བཞི་བཅུ་ལྷག་གི་བྱེས་ཀྱི་འཚོ་བའི་ཁྲོད། ང་རང་འཛམ་གླིང་སྟེང་གི་རྒྱལ་ཁབ་སུམ་ཅུར་ཉེ་བ་ཞིག་ལ་འགྲུལ་བཞུད་བྱས་ཏེ། རྣམ་པ་སྣ་ཚོགས་པའི་ཟླ་བར་རོལ་མྱོང་བྱེད་པའི་བསྐལ་བ་ལྡན།
       བདག་གིས་ཡུལ་གྱི་བཀོད་པ་ལྟ་ན་སྡུག་པའི་སུའེ་ཙེར་གྱི་ལའེ་མང་མཚེའུའི་སྟེང་དང་། མུ་མཐའ་མི་མངོན་པའི་ཨ་ཧྥེ་རི་ཁའི་བྱེ་ཐང་ཆེན་མོའི་ཁྲོད། མརྒད་ཀྱི་རླབས་ཕྲེང་འཕྱོ་བའི་རྒྱ་མཚོ་ཆེན་མོ་དང་རྔམ་བརྗིད་ལྡན་པའི་བྲག་རི་མཐོན་པོར་དུང་མདོག་གི་ཟླ་བ་མཐོང་མྱོང་ཞིང་། ཟླ་བ་ཡོད་དོ་ཅོག་ལ་ངོ་མཚར་རྨད་དུ་བྱུང་བའི་རང་གི་མཛེས་པ་རེ་ལྡན་པས། ངའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་སོང་།
       ཡིན་ནའང་གཞན་ཡུལ་གྱི་ཟླ་བ་མཐོང་སྐབས། བདག་གིས་ཕ་ཡུལ་གྱི་འདམ་གཞོང་སྟེང་དང་ཆུ་ངོས་ཀྱི་མེ་ལོང་ལྟ་བུའི་ཟླ་བ་ཆུང་ཆུང་དེ་ཡིད་ལ་དབང་མེད་དུ་འཁོར་བྱུང་ལ། ས་ཆེན་གོ་ལའི་སྟེང་གི་ཆ་ཤས་ཡོངས་སུ་རྫོགས་པའི་ཟླ་བ་དག གཡུ་དཀར་གྱི་ཁུ་བ་ལས་བསྲུབས་པའི་རྒྱ་མཚོའི་མར་གསར་དང་འགྲན་ག་ལ་ནུས། ཕ་ཡུལ་དང་གྱེས་ཏེ་ལེ་བར་ཁྲི་ཕྲག་མང་པོར་འགྲིམས་ནའང་། བསིལ་ཟེར་ཅན་གྱི་འོད་སྣང་དགུང་ནས་མཆེད་ཐེངས་རེར། བདག་གི་སེམས་འདི་རྟ་རྒོད་ཐུར་མེད་བཞིན་ཕ་ཡུལ་གྱི་ཟླ་བའི་ཕྱོགས་ལ་ཤོར་འགྲོ། ཟླ་བ་ཆུང་ཆུང་། བདག་གིས་ནམ་ཡང་ཁྱེད་ཉིད་བརྗེད་མི་སྲིད།
       བདག་གི་བགྲེས་སོང་གི་ལོ་ཟླ་སྐྱེལ་སའི་གནས་མཆོག་ལང་རུན་སྐྱེད་ཚལ་ནི། གཡུ་ལོ་སྟུག་པོར་རྒྱས་པའི་ནགས་ཀླུང་དང་རྩེ་མོ་དགུང་ལ་ཟུག་པའི་ཚུགས་དྲུག་སྨྱུག་མའི་གསེབ་ཏུ། དལ་བར་རྒྱུ་བའི་ཆུ་ཕྲན་སྔོན་མོས་ཐར་ཐོར་དུ་གནས་པའི་དེའུ་འབུར་འགའ་ཕྱི་རིམ་ནང་རིམ་གྱིས་ཡོངས་སུ་བསྐོར་འདུག་པས། ས་ལ་དགེ་བཅུ་ཚང་བའི་གནས་འདིའི་ལྗོངས་རྣམ་ཡིད་དུ་འོང་བ་སྨྲས་ཅི་དགོས། ལོ་འགའི་སྔོན་དུ། བདག་གིས་ལུའུ་ཧྲན་ནས་ལུས་ཁམས་གསོས་ཏེ་ཕྱིར་ལོག་མ་ཐག ཁམས་གསོ་དུས་ཀྱི་གྲོགས་པོ་རྙིང་བ་ཞིག་ང་ལ་བལྟ་རུ་ཕེབས་ཤིང་། མིག་མདུན་གྱི་ལྟ་བས་ཆོག་མི་ཤེས་པའི་མཛེས་ལྗོངས་ལ་ཉམས་སུ་མྱོང་བཞིན། “ཁྱོད་འདི་འདྲའི་གཡང་བཅུད་འཛོམས་ས་ཞིག་ཏུ་བསྡད་དེ། ད་དུང་ལུའུ་ཧྲན་དུ་སོང་ནས་ཅི་བྱ།”ཟེར་བའི་ཚིག་འབྲུ་འགས་ཀྱང་ལང་རུན་སྐྱེད་ཚལ་གྱི་སྡུག་གུར་འོང་བའི་ཁོ་ར་ཁོར་ཡུག་གིས་སྐྱེ་འགྲོ་ཡོངས་ལ་བག་ཆགས་ཟབ་མོ་འཇོག་སྲིད་པ་ཚོར་ཐུབ།
       གནས་འདིར་སྔོ་ལྗང་གི་རི་ཆུ་དང་ཚང་ཚིང་གི་ལྗོན་ཤིང་། རྣམ་པར་བཀྲ་བའི་མེ་ཏོག་དང་ཟོར་ཡང་ཡིད་འོང་གི་བྱ་བྱེའུས་ཁེངས་ཡོད། ལྷིང་འཇགས་ཀྱི་མཚན་མོར་རྒྱང་ལྟ་བྱེད་ཐེངས་རེར། སྒེག་ལྡན་གར་མའི་སྨད་གཡོགས་གཡོ་འདྲའི་རླབས་ཕྲེང་སྔོན་མོའི་སྟེང་དུ། ཤེལ་དཀར་གྱི་ཟླ་བ་མཐིང་མདོག་གི་མཁའ་དབྱིངས་སུ་ཐུར་དུ་དཔྱངས་ཤིང་། གནམ་སའི་བར་མཚམས་སེང་རས་ཀྱིས་བསྒྲིབས་པ་བཞིན་རབ་རིབ་ཏུ་གྱུར་པར་མ་ཟད། འཁྲིས་ཀྱི་དངོས་གཟུགས་ཐམས་ཅད་སྔོ་ལྗང་དུ་བསྒྱུར། གཞན་ཡང་སྒེག་པའི་ཉམས་ཀྱིས་རྣམ་པར་དགོད་ཅིང་། མེ་ཏོག་གི་དྲི་བཟང་ཉེ་རྒྱང་ཀུན་ལ་ཁྱབ་པའི་པད་རྫིང་དང་། ཚང་དུ་སྡོད་པའི་བྱེའུ་ཚོགས་ཀྱིས་སྙན་འཇེབས་ཀྱི་གསུངས་དབྱངས་སྒྲོག་པའི་ཡིད་འོང་གི་སྣང་ཚུལ་ལས། ཡུལ་འདི་ནི་ཉ་རྒྱས་ཟླ་བའི་དཔལ་ལ་རོལ་སའི་གནས་མཆོག་ཅིག་ཡིན་པ་འུ་ཅག་གི་འདྲེན་བྱེད་ལམ་དུ་གསལ་ལེར་མངོན་ཡོང་། བདག་གི་སྒེའུ་ཁུང་ལས་པད་རྫིང་གི་ཟླ་འོད་ཀྱི་ངོ་མཚར་བའི་མཛེས་ཉམས་མ་ལུས་པར་འཛིན་ཐུབ་ཅིང་། གནས་འདིར་ཕེབས་པའི་སྐྱེ་བོ་སུས་ཀྱང་མཛེས་སྡུག་རྫོགས་པའི་རྣམ་པར་ཅི་དགར་རོལ་ཏེ། ཐུགས་དང་སྣང་བ་དྭངས་དྭངས་སུ་མི་བསྐྱེད་པ་ཞིག་ཡོད་ག་ལ་སྲིད།
       ཡིན་ན་ཡང་། འདི་འདྲའི་ཡི་གར་འོང་བའི་ལྗོངས་རྣམ་ལོངས་སུ་སྤྱོད་ཐེངས་རེར་བདག་གི་ཡིད་ལ་ལྷང་ངེར་འཆར་འོང་བ་ནི། སྔར་བཞིན་ཕ་ཡུལ་གྱི་འདམ་གཞོང་མཐོངས་ཀྱི་སྤྱིར་བཏང་གི་ཟླ་བ་ཆུང་ཆུང་དེ་ཡིན་ལ། ཟླ་བ་མཐོང་དུས་ཕ་ཡུལ་དྲན་པ་ནི་ངའི་ནམ་རྒྱུན་གྱི་གོམས་སྲོལ་ཞིག་ཏུ་གྱུར་ཡོད། ཕ་ཡུལ་དྲན་པའི་གདུང་བ་དེ་སྐྱིད་སྡུག་གང་གི་ཆར་གཏོགས་པ་མི་ཤེས་རུང་། དེའི་ཁྲོད་དུ་ཕྱིར་དྲན་དང་སྐྱོ་གདུང་། ཞེན་ཆགས་དང་ཕངས་སེམས་བཅས་སྨྲ་བསམ་བརྗོད་འདས་ཀྱི་སེམས་ཚོར་མང་པོ་ཞིག་བསྲེས་ཡོད། དུས་ཚོད་ནི་ཆུ་བོའི་འགྲོས་བཞིན་སྐད་ཅིག་ཙམ་ལའང་སྡོད་དབང་མེད་ལ་ཕྱིར་ལྡོག་ནི་དེ་བས་ཀྱང་མི་སྲིད་ནའང་། དཀའ་སྡུག་གི་འཚོ་བའི་ཁྲོད་དུ་བདེ་སྐྱིད་ཀྱི་མངར་ཁ་རེ་ལོས་ཡོད་སྙམ།
       ཕ་ཡུལ་གྱི་ཟླ་བ་ནི་གཞན་ཡུལ་གྱི་ཟླ་བ་ཡོད་དོ་ཅོག་ལས་ཟླུམ་ཞིང་སྒོར་ལ་གསལ་ཞིང་དྲི་མས་མ་གོས་པས། ནམ་དུས་ཤིག་ལ། བདག་གིས་ཡང་བསྐྱར་ཕ་ཡུལ་གྱི་ཟླ་བར་མཇལ་ཐུབ་སྙམ་པའི་ངང་བ་འདམ་རར་སྐྱོ་བ་ལྟ་བུའི་འཁྲེང་སེམས་དང་བཅས། ལྷོ་ཕྱོགས་ཀྱི་གནམ་མཐའི་མཚམས་སུ་མིག་ཟུང་གཏོད་དུས། སེམས་པ་སྔ་མོ་ནས་གཅེས་སུ་འོས་པའི་ཕ་ཡུལ་དུ་ཤོར་སོང་ངོ་། །

ཟུར་བཀོད།
        ལོ་ཙཱའི་ཟིན་ཐོ།
        དང་པོ། མ་རྩོམ་གྱི་ཁྱད་ཆོས།
        རྩོམ་ཡིག་འདི་ནི་རྒྱའི་རྩོམ་པ་པོ་དང་ལོ་རྒྱུས་སྨྲ་བ་གྲགས་ཅན་སྐུ་ཞབས་ཅི་ཞན་ལིན་ལགས་ཀྱིས་སྐུ་ཚེ་སྨད་ལ་བྲིས་པའི་ཡུལ་ཞེན་གྱི་ལྷུག་རྩོམ་ཞིག་ཡིན་ཞིང་སློབ་ཆུང་ལོ་རིམ་ལྔ་བའི་རྒྱའི་སྐད་ཡིག་བསླབ་དེབ་ཏུ་བཀོད་ཡོད། དེའི་ཚིག་སྦྱོར་བབ་ཆགས་ཤིང་རྒྱན་གྱིས་མ་སྤྲས་པས་གོ་བདེ་ཞིང་ཚིག་མཚམས་མང་བ། རྒྱའི་དཔེ་ཆོས་སམ་ཡང་ན་འབྲུ་བཞི་ཅན་གྱི་མིང་ཚིག་མང་པོ་སྤྱད་ཡོད་པ། རྒྱའི་སྙན་ཚིག་ཁྲོད་ཀྱི་ཚིག་དུམ་རེ་ལུང་དྲངས་པ། རྩོམ་པ་པོ་ཁོང་ཉིད་ཀྱི་བྱིས་དུས་ཀྱི་གཏམ་རྒྱུད་འགའ་དང་མི་ཚེའི་མཐོང་ཐོས་མྱོང་གསུམ་ལ་སྦྱར་ཞིང་། གཞན་ཡུལ་གྱི་ཟླ་བ་དང་ཕ་ཡུལ་གྱི་ཟླ་བ་གཉིས་བསྡུར་བའི་ཚུལ་གྱིས་ཕ་ཡུལ་ལ་བཅིངས་པའི་ཐུན་མིན་གྱི་བརྩེ་བ་དང་། ཕ་ཡུལ་དྲན་པའི་གདུང་བ་ལྷུག་པར་མཚོན་ཡོད།
        གཉིས་པ། བསྒྱུར་བའི་གོ་རིམ།
        ༡ ཐེངས་དང་པོར་ལྷུག་རྩོམ་འདིར་སྤྱིའི་ཆ་ནས་སློབ་སྦྱོང་ཐུང་ངུ་བགྱིས་པ་ཡིན་ཏེ། གཙོ་བོ་མ་རྩོམ་འདིའི་ལོ་རྒྱུས་རྒྱབ་ལྗོངས་དང་རྩོམ་པ་པོའི་སྐབས་དེའི་སྤྱི་ཚོགས་ཁོར་ཡུག་དང་སེམས་ཁམས་ཇི་འདྲ་ཡིན་པར་རྒྱུས་ལོན་བྱས། དེའི་རྗེས་ཞིབ་ཆ་ལྡན་པའི་སྒོ་ནས་མ་རྩོམ་འདིའི་འགྲེལ་ལ་གསལ་ཐག་ཆོད་པ་ཞིག་བསླབས་ནས་བསྒྱུར་མགོ་བརྩམས།
        ༢ མ་རྩོམ་ཁྲོད་ཀྱི་མིང་བརྡ་གཙོ་བོ་དག་དང་གཞན་ད་དུང་དཔེ་ཆོས་དང་ལུང་དྲངས་པའི་རྒྱའི་སྙན་ཚིག་དག་ཁོལ་དུ་ཕྱུང་ནས་དེའི་ནང་དོན་དངོས་དང་སྐབས་བབ་ཀྱི་ནང་དོན་སོགས་ཐག་བཅད་དེ། ཁ་གཏད་ཀྱི་བོད་ཡིག་གི་མིང་བརྡ་དག་ཚིག་མཛོད་དང་དཔྱད་རྩོམ་ཀློག་པ། འདྲི་རྩད་སོགས་ཀྱི་ཐབས་ལ་བརྟེན་ནས་གཏན་འཁེལ་བྱས།
        ༣ འགྱུར་འདིར་སྤྱད་པའི་སྒྱུར་ཐབས་གཙོ་བོ་འགའ་ཞིབ་ཏུ་བཤད་པ།
        སྤྱིར་བོད་རང་གི་འགྱུར་གྱི་ལས་གང་ཞིག་ཡིན་རུང་། ཆུ་མགོ་གངས་དང་ཆོས་མགོ་རྒྱ་གར་ལ་གཏུག་པའི་དཔེ་བཞིན། འགྱུར་གྱི་རིམ་པ་འདིའང«སྒྲ་སྦྱོར་བམ་གཉིས»ལ་ཁུངས་བཅོལ་དགོས་པ་ཀུན་གྱིས་ཤེས་གསལ་ལྟར། ཕྲན་གྱིས་ཀྱང་གང་ནུས་ཀྱིས་གཞུང་ལས་བསྟན་པའི་ལོ་ཙཱའི་ཚད་གཞི་གཉིས་དང་རྩ་དོན་ཆེན་པོ་གསུམ། སྒྱུར་ཐབས་དམ་པ་བཞི་སོགས་ཡིད་ལ་བཅངས་ཏེ་ལོ་ཙཱའི་ལས་ལ་ཞུགས་པ་ཡིན།
       
 (1) ཐད་སྒྱུར། ཐོག་མའི་ལས་ལ་གཙོ་བོ་མ་ཡིག་གི་ནང་དོན་ཇི་བཞིན་སྟོན་པའི་ཆེད་དང་མ་ཡིག་གི་གོ་བ་མི་ནོར་བ་ཡོང་བའི་སླད་དུ་ཐད་སྒྱུར་གཙོ་བོར་སྤྱད་ཡོད་དེ། དཔེར་ན། ཆེ་ས་ནས་ཚིག་གི་གཅོད་མཚམས་དང་ཤོ་ལོ་ཀའི་རིང་ཐུང་སོགས་མ་ཡིག་དང་བསྟུན་ཅི་ཐུབ་བྱས་ཡོད་ཅིང་། ཆུང་ས་ནས་མིང་བརྡ་དང་ཚིག་ཕྲད་ཀྱི་སྦྱོར་སྟངས་ལ་ཐད་སྒྱུར་གཙོ་བོར་སྤྱད་ཡོད་པ་དཔེར་ན། 荷塘ལ་པད་རྫིང་དང་། 故乡ལ་ཕ་ཡུལ། 不可胜数ལ་བགྲང་གིས་མི་ལང་། 黄昏ལ་ས་སྲོད། 篝火ལ་མེ་ཕུང་ཞེས་ཐད་ཀ་ཐད་སོར་བསྒྱུར་ཡོད།
       
 (2) དོན་སྒྱུར། ཐད་སོར་བསྒྱུར་ན་མིང་དང་ཚིག་གི་དོན་རྟོགས་མི་ནུས་པ་དང་། ཚིག་སྦྱོར་མི་བདེ་བ་དག་བདེ་བར་བསྒྱུར་ཞིང་བོད་རང་གི་གོ་ནུས་པར་བསྒྱུར་པ་དཔེར་ན། 苏东坡的“月出于东山之上,徘徊与斗牛之间”སྙན་ཚིག་འདིའི་ནང་གི“斗牛”ལྟ་བུར་མཚོན་ན། ཐད་ཀར་བསྒྱུར་ན“གླང་འཛིང”ཞེས་བསྒྱུར་དགོས་མོད། འདིར斗宿、牛宿དོན་ཡིན་ཞིང་། དུང་དཀར་ཚིག་མཛོད་དུ།“རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་གསེས་ཏེ། 斗宿ལ་ཆུ་སྨད་དང牛宿གྲོ་བཞིན་”ཞེས་འཁོད་ཡོད་པས། “དཀར་གསལ་ཟླ་བ་ཤར་རིའི་རྩེ་ནས་འཕག །ཆུ་སྨད་གྲོ་བཞིན་དབར་དུ་གཡོ་ཞིང་འཕྱན། །”ཞེས་བསྒྱུར་པ་ཡིན།
      
 (3) སྒྲ་སྒྱུར་དང་སྒྲ་སྒྱུར་+ཐད་སྒྱུར། རྩོམ་ཡིག་འདིའི་ནང་གི་ས་མིང་ཡོད་ཚད་«རྒྱ་བོད་སྒྲ་སྒྱུར་ཚད་གཞིའི་རེའུ་མིག་»ལ་ཁུངས་བཅོལ་ནས་བསྒྱུར་པ་ཡིན་ཏེ། དཔེར་ན། 济南ཅི་ནན་དང北京པེ་ཅིང་ལྟ་བུ། དེའང莱芒湖ལའེ་མང་མཚེའུ་དང朗润园ལང་རུན་སྐྱེད་ཚལ་ཞེས་སྒྲ་སྒྱུར+ཐད་སྒྱུར་གྱི་ཐབས་སྤྱད་པ་ཡིན།
       
 (4) འཕྲི་སྒྱུར་གྱི་ཐབས་ཡང་སྤྱད་ཡོད་དེ། ཐབས་འདི་བཀོལ་བའི་དགེ་མཚན་ནི་ཚིག་ངོས་ཀྱི་ཉག་ཉོག་གི་སྐད་ཆ་མང་པོ་ཞིག་དོར་ནས་ཚིག་གི་སྦྱོར་བ་ཇེ་ཡག་ཏུ་འགྲོ་ཞིང་དོན་གྱི་གནད་འབུར་དུ་ཐོན་ཐུབ། དཔེར་ན། 我从庐山休养回来,一个同在庐山休养的老朋友来看我。འདི་ཐད་ཀར་བསྒྱུར་ན་ཚིག་གི་སྔ་གཞུག་གཉིས་ཀར庐山、休养ཡོད་པས་བསྐྱར་ཟློས་བྱས་མཐར་ཚིག་སྦྱོར་མི་བདེ་ལ་ཡག་ཀྱང་མི་ཡག དེ་བས“བདག་གིས་ལུའུ་ཧྲན་ནས་ལུས་ཁམས་གསོས་ཏེ་ཕྱིར་ལོག་མ་ཐག ཁམས་གསོ་དུས་ཀྱི་གྲོགས་པོ་རྙིང་བ་ཞིག་ང་ལ་བལྟ་རུ་ཡོང་།”ཞེས་བསྒྱུར་ཚེ་ཚིག་ཅུང་བདེ་ཞིང་དོན་འདུས་ཡོད་སྙམ།
      
 (5) སྣོན་སྒྱུར། འདིའི་དགེ་མཚན་ནི་གོང་དུ་བཤད་པའི་མ་རྩོམ་གྱི་ཚིག་མཚམས་མང་བ་དང་རྒྱའི་ཚིག་བསྡུས་དྲགས་པའི་སྐྱོན་སེལ་ཏེ། མ་ཡིག་གི་དོན་མི་འགྱུར་བའི་རྨང་གཞིའི་སྟེང་ཚིག་ལ་རྒྱན་གྱིས་སྤུད་ནས་ཚིག་སྦྱོར་ཇེ་བདེ་ཇེ་ཡག་ཏུ་བཏང་ཆོག དཔེར་ན། 茂林修竹ཐད་སྒྱུར་བྱས་ན“ནགས་སྟུག་སྨྱུག་དྲང”ཡིན། འོན་ཀྱང་འགྱུར་ཡིག་ཁྲོད་དུ་འདི་ལྟར་བཀོལ་ན་རྡོ་ཆག་བཙན་སྒྲིག་ལས་བྲོ་བ་ཅི་ཡང་མེད་པས། ཕྲན་གྱིས“གཡུ་ལོ་སྟུག་པོར་རྒྱས་པའི་ནགས་ཀླུང་དང་རྩེ་མཐོ་ཚུགས་དྲུག་གི་སྨྱུག་མའི་གསེབ་ཏུ”ཞེས་བསྒྱུར་ཡོད།
       གང་ལྟར། སྐབས་དང་པོ་དང་གཉིས་པའི་འགྲན་སྡུར་གང་ཞིག་ཡིན་རུང་། ངེད་ལོ་ཙཱའི་མི་སྣ་དང་ལོ་ཙཱའི་ལས་ལ་བརྩོན་བཞིན་པའི་གྲོགས་པོ་ཡོངས་ལ་མཚོན་ན། དགོས་ངེས་ཀྱི་གོ་སྐབས་དཀོན་པོ་ཞིག་དང་ལག་ལེན་གྱི་བྱེད་ཐབས་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་ལྟ་ཞོག རང་ཉིད་ལ་མཚོན་ནའང་ལྷུག་རྩོམ་ལོ་ཙཱའམ་རྩོམ་ཡིག་ལོ་ཙཱའི་ཐད་དུ་སློབ་སྦྱོང་གི་གོམ་པ་གསར་བ་ཞིག་སྤོས་ཤིང་། འགྱུར་འདི་འགྲུབ་ཕྱིར་འབྲེལ་ཡོད་ཀྱི་དཔེ་དེབ་བམ་རྩོམ་ཡིག་མོད་པོ་ཞིག་སྟེ། བོད་རང་གི་མར་རྩམ་གྱི་དྲི་བསུང་འཐུལ་བའི་ལྷུག་རྩོམ་ཡག་ཤོས་འགའ་དང་། རྒྱའི་སྙན་ཚིག་གྲགས་ཅན་ཁ་ཤས་དང་རྒྱའི་ཉེ་རབས་ཀྱི་བོད་དུ་བསྒྱུར་རོ་ཅོག་གི་ལྷུག་རྩོམ་དགའ་ཤོས་འགའ་
       (ཟུར་ལྟའི་རྩོམ་ཡིག་དུ་གསལ)
       ཞིབ་ཅིང་ཕྲ་བའི་སྒོ་ནས་བཀླགས་ཚར་ཏེ། མ་རྩོམ་འདིའི་དྲི་མ་དངོས་མ་ཡལ་ཞིང་འགྱུར་སྐད་ཀྱི་དྲི་ངད་ཡང་ཉུང་ཙམ་ལྡང་བར་འབད་ཅི་ཐུབ་བྱས་ཡོད།
       འགྱུར་འདི་ནི་མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་སྟེགས་བུ་དཀོན་པོ་དང་སྔོན་བྱོན་དམ་པའི་གཞུང་གི་ལམ་སྟོན། ལོ་ཙཱའི་དགའ་ཞེན་གྱི་སྟོབས། དགེ་བའི་བཤེས་དང་མཐུན་པའི་གྲོགས་ལྟ་བུའི་མི་བུ་འགས་སྡོངས་གྲོགས་མཛད་པའི་འབྲས་བུ་རྡོག་པོ་དེ་ཡིན་ཕྱིར། མཐར་ཁྱེད་ཅག་ཡོངས་ལ་བསྡེབས་གཅིག་ཏུ་བཀའ་དྲིན་ཞུ་རྒྱུ་ལས་ཅང་མེད་དོ། །


       གསུམ་པ། ཟུར་ལྟའི་རྩོམ་ཡིག
       «པད་རྫིང་གི་ཟླ་འོད།» ནོར་བུ་རྒྱ་མཚོས་བསྒྱུར།
       «དཔྱིད།» འཇུ་སྐལ་བཟང་གིས་བསྒྱུར།
       «ཡིག་གསུམ་མདོ།» སངས་རྒྱས་ཀྱིས་བསྒྱུར།
       «ཐང་སུང་རྩོམ་མཁན་མཆོག་བརྒྱད་ཀྱི་ལྷུག་རྩོམ་བདམས་བསྒྱུར།» མགོ་ལོག་རྣམ་རྒྱལ་གྱིས་བསྒྱུར།
       «ཕྱིར་ལོག་མི་ཐུབ་པའི་མི།» ལྷ་བྱམས་རྒྱལ།
       «སྒེའུ་ཁུང་།» ལྷ་བྱམས་རྒྱལ།
       «ཚེ་འདིའི་ཆེས་སྤྱིར་བཏང་གི་ཞོགས་པ་ཞིག» ལྷ་བྱམས་རྒྱལ།
       «སྟོན་ལོ་སེར་པོ།» ལྷ་བྱམས་རྒྱལ།
       «སྒེའུ་ཁུང་ནང་རོལ་ནས་འཇགས་ཏེ་ཕྱི་རོལ་གྱི་ཟང་ཟིང་ལ་བལྟས་པ།» ལྷ་བྱམས་རྒྱལ།
       «ས་སྲོད་ཀྱི་ཞིང་གྲོང་།» ས་དཀྱིལ་ཚེ་བཀྲས་བརྩམས།
       «གཏམ་པད་མའི་ཚལ་གྱི་ཟློས་གར།» རྫ་དཔལ་སྤྲུལ་རིན་པོ་ཆེས་བརྩམས།
       «མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ» གླང་འདུན་དཔལ་འབྱོར།
       «རང་ཁྱིམ།» འཇུ་སྐལ་བཟང་།
       «དྲི་བཞོན་གྱི་བུ་མོ།» དཔལ་དོན་གྲུབ་རྒྱལ།
       «ཨ་མའི་ལག་ཟས།» ཚེ་རིང་དོན་གྲུབ།
       «པད་སྒྲོན་སྐྱོ་གླུ» དགྲ་ཟོར།
       «མེ་ཏོག་དང་རྨི་ལམ།» ཚེ་རིང་དབྱངས་སྐྱིད།
       «དུང་དཀར་ཚིག་མཛོད།» དུང་དཀར་བློ་བཟང་འཕྲིན་ལས།
       «རྒྱ་བོད་ཤན་སྦྱར་ཚིག་མཛོད།» འཕྲིན་ལས་ཆོས་གྲགས་སོགས།
       «དཔེ་ཆོས་ཚིག་མཛོད།» དཔལ་རིས་སངས་རྒྱས།
       «དེང་རབས་རྒྱ་ཡིག་ཚིག་མཛོད།» སངས་རྒྱས་སོགས།

       སྒྱུར་མཁན་ངོ་སྤྲོད།
       བསོད་ནམས་རྡོ་རྗེ། མཚོ་སྔོན་གཅན་ཚའི་མི། མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྒྱ་བོད་ལོ་ཙཱའི་ཆེད་ལས་ཀྱི་རབ་འབྱམས་པ། སྔ་ཕྱིར་དྲ་ལམ་ཁག་དང་ཚགས་པར། རྒྱལ་ནང་གི་དུས་དེབ་འགའ་ཤས་སུ་རྒྱའི་རང་མོས་སྙན་ངག་གང་མང་སྤེལ། ད་ལྟ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ལྟེ་གནས་སུ་ཡིག་སྒྱུར་གྱི་ལས་ལ་བརྩོན་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།