“མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་སྡུར་སྐབས་གཉིས་པའི་ལྷུག་རྩོམ་གྱི་བྱ་དགའ་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས།

རྩོམ་པ་པོ།:ཨ་ཕྱི་བཀྲ་ཤིས། ཚེ་རྡོར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-01-12 09:45:18 ཀློག་གྲངས།:
ཕ་ཡུལ་གྱི་ཟླ་འོད་ལྷག་ཏུ་གསལ།
ཅི་ཞན་ལིན་གྱིས་བརྩམས།
ཨ་ཕྱི་བཀྲ་ཤིས་ཀྱིས་བསྒྱུར།
 
       སྐྱེ་བོ་ཀུན་ལ་རང་རང་གི་ཕ་ཡུལ་རེ་དང་། ཕ་ཡུལ་དེ་དག་སོ་སོར་ཡང་ཟླ་བ་རེ་ཡོད་པས། ཚང་མས་རང་རང་ཕ་ཡུལ་གྱི་ཟླ་བར་དུངས་བ་འདི་ནི་ཕལ་ཆེར་སྤྱི་འགྲོས་ལྟ་བུ་ཞིག་ཡིན་པ་འདྲ།
       ཡིན་ནའང་། གལ་ཏེ་ཟླ་བ་ཁོ་ན་ཙམ་ཡིན་ཚེ། དེས་ཅུང་ཡུལ་པོའི་སྣང་བ་ཞིག་འཆར་སྲིད་པས། ཀྲུང་གོའི་སྲོལ་རྒྱུན་སྙན་ངག་ཁྲོད་དུ་ཟླ་བ་ལ་གང་རུང་ཞིག་གིས་ཟུར་དུ་བརྒྱན་པར་བྱེད་ངེས་ཤིང་། མང་ཤོས་ནི་རི་ཆུས་བརྒྱན་པ་སྟེ། དཔེར་ན། རི་འགོ་མཐོན་པོའི་ཟླ་གོར་ཆུང་ཞེས་པ་དང་། རྫིང་གསུམ་ངོས་ན་ཟླ་བའི་སྣང་བརྙན་འཆར་ཞེས་པ་སོགས་བརྗོད་ཀྱིས་མི་ལང་བ་ཡོད།
       བདག་གི་ཕ་ཡུལ་ནི་ཧྲན་ཏུང་ནུབ་བྱང་ཕྱོགས་ཀྱི་ཐང་གཞུང་ཆེན་མོར་གནས་པས། ཆུང་དུས་རི་བོ་ཟེར་བ་ཞིག་རྩ་བ་ནས་མཐོང་མ་མྱོང་ལ། རི་བོ་ཞེས་པ་ཅི་འདྲ་ཞིག་ཡིན་མིན་ཀྱང་ཤེས་ཀྱི་མེད། ངས་སྔོན་ཆད་རི་བོ་ནི་སྒོར་ལ་སྦོམ་པའི་ཀ་བ་ལྟ་བུ་ཞིག་གནམ་སའི་བར་ན་བརྗིད་ཉམས་ཀྱིས་འགྱིངས་ངེར་གནས་ཡོད་ངེས་སྙམ་གྱི་ཡོད།
       ཕྱིས་སུ་ཅི་ནན་ལ་སླེབས་དུས་གཞི་ནས་རི་བོ་མཐོང་བྱུང་ལ། དེ་དུས་གཞི་ནས་རི་བོ་ནི་འདི་འདྲ་ཞིག་རེད་འདུག་ཨང་སྙམ་པ་ཞིག་བྱུང་། སྔོན་ཆད་ཕ་ཡུལ་ནས་མཐོང་བའི་ཟླ་བ་དེ་ནི་རི་བོ་དང་འབྲེལ་བ་ཅི་ཡང་མེད་པས། སུའུ་ཏུང་ཕོའོ་ཡིས་གསུངས་པའི་དཀར་གསལ་ཟླ་བ་ཤར་རིའི་རྩེ་ནས་འཆར། ཆུ་སྨད་གྲོ་བཞིན་སྐར་གཉིས་དབྲག་ནས་འཕག་ཅེས་པ་ལྟ་བུ་ནི་བདག་གིས་བློས་བསླངས་ཡེ་ནས་མི་ཐུབ་པ་ཞིག་ལགས།
       ཡིན་ནའང་ཆུ་ཡི་སྐོར་ལབ་ན། བདག་གི་ཕ་ཡུལ་གྱི་གྲོང་སྡེ་ཆུང་ངུ་དེ་རུ་མང་བ་ལ་མང་ཚོད་ཅིག་མེད།
       འདམ་རྩྭའི་ཆུ་རྫིང་ཆེན་པོ་ཁ་ཤས་ཤིག་གིས་གྲོང་ཚོའི་ཕྱེད་ཀ་ཡན་ཟིན་ཡོད། ང་རང་བྱིས་པ་ཞིག་གི་མིག་ལམ་ལ། མ་གཞི་དེ་ནི་ཏུང་ཐིང་མཚེའུ་ཡི་བརྒྱད་པའི་བཀོད་པ་ལྟར་བརྗིད་ཉམས་ལྡན་པ་ཞིག་མིན་ནའང་། ཁ་ཞེང་ཆེ་བའི་མཚོ་མོའི་མགུལ་ལ་ན་བུན་རིམ་པར་འཁྲིགས་པའི་མཛེས་པ་གཞན་ཞིག་ཡོད། དབྱར་ཁ་ནམ་ཤར་གྱི་ས་སྲོས་ཟིན་རྗེས། ངས་རྫིང་ཆུའི་འགྲམ་གྱི་ར་སྐོར་ནང་གན་རྐྱལ་དུ་ཉལ་ནས་ནམ་མཁའི་སྐར་མ་བརྩིས་ནས་སྡོད་ཀྱི་ཡོད།
       སྐབས་རེ་རྒྱ་ལྕང་སྡོང་རྒན་འོག་ཏུ་མེ་བསྒོངས་རྗེས་སྡོང་འགོར་འཛེགས་ནས་དཀྲུག་དཀྲུག་བཏང་མ་ཐག འབུ་འཛིང་འཛིང་ཁྱུ་ཅིག་ཟགས་འགྲོ་བ་དེ་ནི་ཉིན་དཀར་གྲོ་རྡོག་བལྡད་པའི་སྐྱོ་འདུར་སྦྱར་བ་ལས་ཤིན་ཏུ་ལས་སླ་བས། ངས་དགོང་ལྟར་ས་སྲོས་ཟིན་སྒུག་བྱེད་ཅིང་། དེ་ལ་དགའ་སྣང་སྐྱིད་སྣང་ལས་དཀའ་སྡུག་དང་ཉོབ་
མདངས་རྩ་ནས་སྐྱེ་སྲོལ་མེད།
       དེ་ལས་ཕྱི་ཙམ་ཟིན་མཚམས། ངས་རྫིང་ཆུའི་མུ་ལ་སོང་ནས་གནམ་ལ་ལྟ་དུས་དགུང་སྔོན་དབྱིངས་ནས་མེ་ལོང་ལྟ་བུའི་ཟླ་དཀར་བསིལ་ཟེར་ཅན་ཞིག་ཆུ་མོའི་ནང་གི་ཟླ་བར་ཕན་ཚུན་བཀྲག་མདངས་དོ་ཟླ་འགྲན་པ་བཞིན་འཆར་བ་མཐོང་ཐུབ། དེ་སྐབས་བདག་གིས་རིག་པའི་ཀློག་རྡོལ་ཞེས་པ་དེ་ཅི་ཡིན་མི་ཤེས་ནའང་། ཚུལ་དེར་སྤྲོ་
བ་ཆེན་པོ་འཕེལ་མྱོང་ལ་དེས་ཡིད་ཀྱི་མཚོ་མོའི་ངོས་ན་ཅི་ཞིག་སྒུལ་བར་བྱས་མྱོང་། སྐབས་རེ་རྫིང་ཆུའི་འགྲམ་དུ་རྩེད་མོ་བརྩེས་ནས་ཡུན་རིང་བསྡད་རྗེས་གཞི་ནས་ཁྱིམ་དུ་ཉལ་བར་ལོག་གི་ཡོད་ལ། རྨི་ལམ་ནང་ཟླ་བ་གཉིས་གཅིག་ཐོག་ཉིས་བརྩེགས་གིས་བསིལ་ཟེར་སྔར་ལས་ཆེ་བ་འཕྲོ་ཚུལ་རྨི། ཉིན་གཉིས་པར་སྔ་མོ་ནས་ལངས་རྗེས་
རྫིང་ཆུའི་འདམ་རྩྭའི་གསེབ་ཏུ་ཆུ་བྱའི་སྒོ་ང་སྒྲུག་པར་འགྲོ་དུས་ཆུའི་ནང་འོད་དཀར་འཁྱུག་ཙམ་བྱེད་པའི་ཕྱོགས་སུ་ལག་པ་བརྐྱངས་ནས་བསྙབས་ཐེངས་རེ་ལ་སྒོ་ང་རེ་ལག་ཏུ་ཡོང་ཞིང་། དེ་སྐབས་སྔར་བས་ཀྱང་དགའ་བ་ལ་དགའ་ཚོད་ཅིག་མེད།
       བདག་ཕ་ཡུལ་ལ་ལོ་དྲུག་རང་བསྡད་ཅིང་དེ་ནས་རྦད་དེ་གཞན་ཡུལ་ས་མཐའ་ཁོ་ན་འགྲིམས།
       ཅི་ནན་ལ་ལོ་བཅུ་བསྡད་པ་དང་པེ་ཅིང་ལ་ལོ་བཞི་བསྐྱལ། དེ་ནས་ཡང་ཅི་ནན་ལ་ལོག་ནས་ལོ་གཅིག་བསྡད་རྗེས་ཡོ་རོབ་ལ་ལོ་བཅུ་གཅིག་བསྡད་མཐར། སླར་ཡང་པེ་ཅིང་ལ་ལོག་ནས་ད་ལྟའི་བར་མི་ལོ་བཞི་ཅུ་ལྷག་འདས་ཟིན་འདུག
       ལོ་དེ་དག་ནང་ངས་འཛམ་གླིང་ཐོག་གི་རྒྱལ་ཁབ་སུམ་ཅུ་ལྷག་ལ་ཕྱིན་ཅིང་། ཟླ་བ་མང་པོ་མང་པོ་ཞིག་ཀྱང་མཐོང་།
       མཛེས་སྡུག་ཡི་གར་འོང་བའི་སུད་སིའི་ལེ་མན་མཚེའུ་ཡི་ངོས་དང་ཨ་ཧྥེ་རི་ཁའི་མུ་མེད་བྱེ་ཐང་གི་ཁྲོད། དེ་བཞིན་མུ་མཐའ་མི་མངོན་པའི་རྒྱ་མཚོ་དང་བརྗིད་ཆགས་ཉམས་དགའི་རི་རྒྱལ་ལྷུན་རྩེའི་ཟླ་བ་མཐོང་མྱོང་ལ། ཟླ་བ་དེ་དག་ཚང་མ་ཡང་མཛེས་སྡུག་དོ་ཟླ་བྲལ་ཅིང་། བདག་ཀྱང་དེ་དག་ལ་ལྷག་ཏུ་དགའ།
       ཡིན་ནའང། ཟླ་བ་དེ་དག་མཐོང་མ་ཐག་ཕ་ཡུལ་གྱི་འདམ་རྩྭའི་རྫིང་ཆུའི་ཐོག་དང་ཆུ་ནང་གསལ་བའི་ཟླ་བ་གོར་ཆུང་དེ་ཡིད་ལ་ཝ་ལེར་གསལ་ཡོང་། ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་འདིའི་ཐོག་གི་ཟླ་བ་དེ་དག་དང་བསྡུར་ན་ངའི་སེམས་དབུས་ན་གཅེས་པའི་ཟླ་བ་གོར་ཆུང་གྱིས་དེ་ཚོའི་དོ་ཟླར་ཡོང་རེ་སྤུ་ཙམ་མེད་པ་ངས་ཀྱང་ཤེས་དང་ཤེས། ཕ་ཡུལ་དང་ས་ཐག་ལེ་དབར་ཇི་ཙམ་འགྱངས་རུང་། བདག་གི་སེམས་ནི་འཕྲལ་འཕྲལ་དེ་ཕྱོགས་སུ་ཤོར་འགྲོ་བས། བདག་གི་ཟླ་བ་གོར་ཆུང་ཀྱེ། བདག་གིས་ཇི་སྲིད་བར་དུ་ཁྱེད་རང་བརྗེད་མི་སྲིད་ཨང་།
       ད་ལྟ་བདག་ནི་ན་རྒས་བགྲེས་སོང་ཞིག་ཆགས་ནས་གནས་མཆོག་ལང་རུན་ཡོན(པེ་ཅིང་སློབ་ཆེན་གྱི་སློབ་རའི་སྐྱེད་ཚལ་ཞིག)ལ་འཚོ་སྡོད་བྱེད་བཞིན་ཡོད། ཁ་ཧམ་པ་ཆེ་ཙམ་གྱིས་བཤད་ན། གནས་འདི་ནི་རྩི་ཤིང་ནགས་ཚལ་སྟུག་ཅིང་ཆབ་དང་ཆུ་བོའི་རྒྱུན་བཟང་བ། ད་དུང་དེའུ་འབུར་རེ་ཤས་ཕྲ་རྒྱན་བཏབ་པ་ལྟར། ཡུལ་གྱི་མཛེས་སྡུག་
བཀོད་པ་ནི་བརྗོད་ཀྱིས་མི་ལང་། ལོ་ཤས་གོང་། བདག་རི་བོ་ལུའུ་ཧྲན་དུ་ཁམས་གསོར་སོང་ནས་ལོག་ཡོང་རྗེས། ལུའུ་ཧྲན་ན་མཉམ་དུ་ཁམས་གསོར་བསྡད་མྱོང་བའི་གྲོགས་རྒན་ཞིག་ང་ལ་སྐོར་བ་རྒྱག་པར་ཡོང་དུས། བདག་གི་འདི་གའི་ཁོར་ཡུག་ལ་སེམས་པ་ཤོར་ཏེ་ཧ་ལས་པ་དང་བཅས་ནས་ང་ལ་ཁྱོད་རང་སྡོད་སའི་ས་ཆ་ཡག་པོ་
འདི་འདྲ་ཡོད་བཞིན་དུ་ལུའུ་ཧྲན་ལ་སོང་ནས་ཅི་ཡིན་ཟེར། དེ་ལས་ལང་རུན་ཡོན་གྱིས་མི་རྣམས་ལ་བག་ཆགས་ཟབ་མོ་ཇི་འདྲ་ཞིག་འཇོག་པ་རྟོགས་ཐུབ།
       གནས་འདིར་རི་དང་ཆུ་ཡོད་ལ་རྩི་ཤིང་མེ་ཏོག་དང་བྱ་བྱེའུ་ཡང་ཡོད། ཟླ་འོད་ནམ་ཤར་ལ་མགོ་བོ་དགྱེ་ནས་ལྟ་སྐབས་ཟླ་འོད་དགུང་སྔོན་དབྱིངས་སུ་རབ་ཏུ་འཚེར། གནམ་ས་མག་མོག་རབ་རིབ་ཡུག་གཅིག་ཏུ་འབྲེལ་ཐོག པད་མའི་རྫིང་བུའི་དྲི་ཞིམ་འཐུལ་སེང་ངེར་མཚན་བྱའི་གསུང་དབྱངས་རྣར་སྙན་པས། འདི་ནི་ཟླ་བར་དགྱེས་
གཟིགས་གནང་ཡུལ་གྱི་གནས་མཆོག་ཅིག་མིན་པར་སུ་ཡིས་སྨྲ། པད་མའི་རྫིང་བུར་ཟླ་འོད་རབ་བརྒྱན་པའི་མཛེས་ལྡན་བཀོད་པ་ཡིད་དབང་འཕྲོག་པ་ཞིག་བདག་གི་རབ་གསལ་ཕྱི་ན་ཁྲ་ལྷེམ་མེར་བཤམས་ཡོད་པས་སུ་དང་གང་ཞིག་འདིར་འབྱོར་ཚེ། འདི་གའི་མཛེས་པས་ཡིད་སེམས་མི་སྒུལ་ཅི་ལ་སྲིད། ཡིན་ནའང་། མཛེས་ལྗོངས་འདི་འདྲ་མིག་ངོར་ཤར་རིམ་བཞིན་བདག་གི་བློ་ངོར་དྲན་པ་ནི་སྔར་བཞིན། ཕ་ཡུལ་གྱི་འདམ་རྩྭའི་རྫིང་བུའི་ནང་གི་ཟླ་བ་གོར་ཆུང་ཕལ་པ་དེ་ཡིན། ཟླ་བ་མཐོང་བས་ཕ་ཡུལ་དྲན་ཚུལ་འདི་ནི་ངའི་རྒྱུན་ལྡན་གྱི་མྱོང་བ་ཞིག་ལ་འགྱུར་ཟིན་ལ། ཕ་ཡུལ་དྲན་པའི་གདུང་བ་འདི་ནི་དགའ་སྡུག་ཅི་ཡིན་བརྗོད་དཀའ་སྟེ། འདིའི་ནང་རྗེས་དྲན་དང་སྐྱོ་བ་ཡོད་ལ། ཞེན་ཆགས་དང་བློ་ཕམ་ཀྱང་ཡོད། དུས་ཚོད་ནི་ཆུ་མོའི་རྒྱུན་བཞིན་འགག་པ་མེད་ལ། བསྐྱར་ལོག་མེད་ནའང་། སྐྱོ་བ་ཕྲ་ཕྲན་གྱི་ཁྲོད་ན་ངེས་པ་དོན་གྱི་བདེ་སྐྱིད་ཡོད་ཨང་།
       ཕ་ཡུལ་གྱི་ཟླ་འོད་ལྷག་ཏུ་གསལ་བས། ནམ་ཞིག་ལ་སླར་ཡང་ཕ་ཡུལ་གྱི་ཟླ་བ་མཐོང་ཡོང་ངམ། བདག་གིས་ཡིད་སེམས་སྨྲེང་ངེར་ལྷོ་ངོས་སུ་རྒྱང་ལྟ་བྱེད་དུས་སེམས་ཀྱི་རྟ་ཕོ་འགོག་མེད་ཕ་ཡུལ་ཕྱོགས་སུ་ཤོར། །

ཟུར་བཀོད།
       སྒྱུར་མཁན་ངོ་སྤྲོད།
        
ཕ་ཡུལ་ལྷ་ས་འབྲི་གུང་ཁུལ། ༢༠༢༧ལོ་ནས་ད་བར་བོད་ལྗོངས་ལྷ་རི་རྫོང་གི་རྩོམ་སྒྱུར་ཅུད་དུ་གཞུང་ཡིག་ལོ་ཙཱའི་ལས་ཀ་བྱས་དང་བྱེད་བཞིན་པའོ། །

ཟླ་བ་ནི་ཕ་ཡུལ་གྱི་ཟླ་བ་ཡག
ཅི་ཞན་ལིན་གྱིས་བརྩམས།
ཚེ་དཔལ་རྡོ་རྗེས་བསྒྱུར།

 
       མི་རེ་རེར་རང་གི་ཕ་ཡུལ་རེ་ཡོད་ཅིང་མི་སོ་སོའི་ཕ་ཡུལ་གྱི་ནམ་མཁའི་མཐོངས་སུ་དཀར་གསལ་ཟླ་བ་རེ་མཆིས། མི་ཚང་མ་རང་གི་ཕ་ཡུལ་གྱི་ཟླ་བ་ལ་དུང་སེམས་ལྷག་མ་ཞིག་ཡོད། དོན་དག་ནི་ཕལ་ཆེར་འདི་འདྲ་ཞིག་ཡིན་སྲིད།
       ཡིན་ནའང་། གལ་ཏེ་ཀུན་གསལ་ལམ་དུ་ཁེར་རྐྱང་གི་ཟླ་བ་ཁོ་ན་མ་གཏོགས་མི་བཞུགས་ཚེ། དེའང་ཟླ་བ་ཁོ་ན་ཁེར་རྐྱང་ཡིན་པ་ཐལ་དྲགས་སྲིད། དེ་བས། ཀྲུང་གོའི་གནའ་བོའི་སྙན་རྩོམ་ཁྲོད་དུ་ཟླ་བ་ཞེས་པའི་མིང་འདི་བྱུང་ཚེ་ཟླ་བའི་རོགས་ན་ངེས་པར་དུ་དངོས་པོ་གཞན་ཞིག་ཟླ་བོའི་ཚུལ་གྱིས་བཀོད་ཡོད། དེ་དག་ལས་མང་ཆེ་ཤོས་ནི་རི་བོ་དང་ཆུ་བོ་ཡིན་ཏེ། “རི་བོ་མཐོ་བས་ཟླ་བ་ཆུང་།”ལྟ་བུ་དང་། “ཆུ་རྫིང་གསུམ་དུ་ཟླ་བ་འཆར”ཞེས་པ་སོགས་བགྲང་གིས་མི་ལང་།
       ངའི་ཕ་ཡུལ་ནི་ཧྲན་ཏུང་ནུབ་བྱང་ས་ཁུལ་གྱི་བདེ་ཐང་ཆེན་པོ་ཡིན། ང་རང་ཆུང་དུས་སུ། རི་བོ་མཐོང་མ་མྱོང་ལ་རི་བོ་ནི་ཅི་ཞིག་ཡིན་པའང་མི་ཤེས་པའི་ཕྱིར། ངའི་སེམས་སུ་རི་བོ་ནི་རྔམ་བརྗིད་ལྡན་ལ་དགུང་དུ་ཟུག་པའི་ཀ་བ་སྒོར་ཞིང་སྦོམ་པོ་ཞིག་ལོས་ཡིན་སྙམ་ནས་སྟོང་བསམ་བྱས།
       རྗེས་སུ། ཅི་ནན་ལ་ཐོན་ནས་དངོས་སུ་རི་བོ་མཐོང་བ་ན། སྐབས་དེར་ད་གཟོད་རི་བོ་ནི་མ་གཞི་འདི་འདྲ་ཞིག་རེད་ཨང་བསམ་ནས་སེམས་ཀྱི་རྨོངས་པ་ལས་གྲོལ་བྱུང་། དེའི་རྐྱེན་གྱིས་ངས་ཕ་ཡུལ་ནས་ཟླ་བར་ལྟ་དུས་བསམ་པའི་འཆར་ངོས་སུ་རི་བོ་དང་ལྷན་ཅིག་སྦྲེལ་བ་གཏན་ནས་མིན། སུའུ་ཏུང་ཕུའུ་ཡིས“རྒྱུ་སྐར་རྒྱལ་བོ་ཤར་རིའི་རྒྱབ་ནས་འཕགས། །སྐར་ཚོམ་གསེང་ནས་འཕགས་ཙམ་འཕགས་ཙམ་བྱེད། །”ཅེས་གསུངས་པ་ནི་ངའི་བློ་ཡུལ་ལས་འགོངས་ཤིང་ཡིད་ལ་དྲན་མི་ཐུབ་པའི་སྣང་བརྙན་ཞིག་རེད།
       ཆུ་ལ་ཆ་མཚོན་ན། ངའི་ཕ་ཡུལ་དུ་རྫིང་བུ་ཆུང་ཆུང་མང་པོ་ཡོད།
       ང་ཚོའི་སྡེ་བའི་ཕྱེད་ཙམ་རྫིང་བུས་ཁེངས་ཡོད། དེ་ནི་ངའི་མིག་ལམ་དུ་ཏུང་ཐིན་མཚོ་མོའི“ཟླ་བརྒྱད་པའི་མཚོ་ཆུ”འདྲ་བའི་མཛེས་ཉམས་མི་ལྡན་ནའང་། ཆུ་ངོས་སུ་སྨུག་པ་ལང་ལོང་འཐིབས་ནས་མཐའ་ཡས་པའི་ཉམས་སྣང་ཏོག་ཙམ་སྟེར། དབྱར་ཁ་སླེབས་ཚེ། ཉིན་རེའི་ས་སྲོད་ཀྱི་རྗེས་སུ་ང་རང་རྫིང་བུའི་འགྲམ་གྱི་ར་སྐོར་ནང་གན་རྐྱལ་དུ་ལོག་ནས་གནམ་གྱི་སྐར་མ་བརྩིས་པ་ཡིན།
       སྐབས་རེར་ལྕང་སྡོང་གི་འོག་ཏུ་མེ་སྒོང་བརྒྱབ་ཅིང་། དེ་ནས་སྡོང་མགོར་འགོས་ཚེ་འབུ་འཛིང་འཛིང་ཁྱུ་དང་ཁྱུ་བྱས་ནས་འཕུར་འགྲོ་བ་ནི་ཉིན་དཀར་ཁ་ནང་དུ་བཟུང་ནས་བལྡད་བལྡད་དེ་རུལ་མྱགས་སུ་གྱུར་བའི་གྲོ་སྙེ་སྡོང་མགོར་འཕངས་ཏེ་བྱ་རྣམས་བདའ་བ་ལས་ཤིན་ཏུ་སླ་མོ་འདུག་པས། དེ་དུས་ང་རང་མཚན་མོ་རེ་རེར་སྤྲོ་སེམས་རབ་ཏུ་འཁོལ་ཞིང་། ཉིན་རྒྱུན་ས་སྲོད་མྱུར་དུ་བསླེབ་པར་སྐོམ་པས་ཆུ་འདོད་བཞིན་རེ་ཞིང་བསྒུག་པ་ཡིན།
       མཚན་གུང་། ང་རང་རྫིང་བུའི་འགྲམ་དུ་སོང་སྟེ་མགོ་བོ་དགྱེ་ནས་མཁའ་དབྱིངས་སུ་བལྟས་ཚེ། ལྷའི་རྫིང་རིང་གི་ཉ་གང་ཟླ་བ་འོད་ཟེར་ལྷམ་མེར་འཕྲོས་ནས་ཆུ་ནང་གི་ཟླ་བ་དང་ཕན་ཚུན་སྤྲོ་སྣང་འཕེལ། སྐབས་དེར་ངས་ད་དུང་ཅི་ཞིག་ལ་སྙན་ངག་རྩོམ་འདོད་ཀྱི་ཐོལ་བྱུང་གི་ཚོར་བ་ཟེར་བ་མི་ཤེས་མོད། གང་ལྟར་སེམས་པ་དགའ་སྤྲོས་ཁེངས་ནས་སེམས་སུ་ཅི་ཞིག་གིས་ཡོམ་ཡོམ་སྐྱོམས་པ་དང་འདྲ་ལ། སྐབས་རེར་རྫིང་བུའི་འགྲམ་ནས་ཡུན་རིང་བོར་རྩེད་མོ་རྩེས་རྗེས་ད་གཟོད་ཁྱིམ་དུ་ལོག་ནས་ཉལ་བ་ཡིན། རྨི་ལམ་དུ་ཟླ་བ་ཟུང་ཕན་ཚུན་བསྣོལ་ནས་འོད་ཟེར་དཀར་ཆེམ་ཆེམ་དུ་འཕྲོ། ཕྱི་ཉིན་སྔ་མོ་ནས་ཡར་ལངས་ཏེ་རྫིང་བུའི་འགྲམ་དུ་ཕྱིན་པ་ན། རྩྭ་གསེང་དུ་འོད་ཟེར་དཀར་ཆེམ་མེར་འཚུབ་པའི་ཕྱོགས་སུ་ལག་པ་བསྲིངས་ནས་སྙོབ་ཚེ་ལག་པ་བྱ་གག་གི་སྒོ་ང་ལ་རེག་ཐུབ། སྐབས་དེའི་སེམས་ཀྱི་དགའ་བ་ནི་ངོ་མ་སྨྲ་བསམ་བརྗོད་འདས་ཤིག་རེད།
       ང་རང་ཕ་ཡུལ་ནས་ལོ་ངོ་དྲུག་ལ་མ་གཏོགས་མ་བསྡད་པར་ཕ་ཡུལ་དང་ཁ་བྲལ་ཏེ་ས་མཐའ་འགྲིམས་པ་ཡིན།
       ཅི་ནན་ནས་ལོ་ངོ་བཅུ་ལྷག་ལ་བསྡད་ཅིང་པེ་ཅིང་ནས་ལོ་ངོ་བཞི་ལ་བསྡད། དེ་ནས་ཕྱིར་ཅི་ནན་ལ་ལོག་སྟེ་ལོ་ངོ་གཅིག་ལ་བསྡད་རྗེས་ཡོ་རོབ་གླིང་དུ་སོང་ནས་བགྲང་བྱ་བཅུ་གཅིག་ལ་བསྡད། དེ་ནས་ཡང་བསྐྱར་པེ་ཅིང་ལ་ལོག་ནས་ད་ལྟའི་བར་དུ་ལོ་ངོ་བཞི་བཅུ་ལྷག་འགོར་སོང་། འདིའི་རིང་ལ་ང་རང་རྒྱལ་ཁབ་སུམ་ཅུར་ཉེ་བ་འགྲིམས་ཤིང་ཟླ་བ་ཡང་ཧ་ཅང་མང་པོ་མཐོང་མྱོང་།
       མཛེས་སྡུག་རྣམ་པར་བཀྲ་བའི་སུད་སིའི་ལའེ་མིང་མཚོ་མོའི་སྟེང་དང་། ཞབས་རྗེས་མངོན་པར་གསལ་བའི་ཧྥེ་གླིང་གི་བྱེ་ཐང་ཆེན་མོའི་ནང་། དེ་ནས་རླབས་ཀྱི་ཟེགས་མ་ཆེམ་ཆེམ་འཕྲོ་བའི་རྒྱ་མཚོའི་དབུས་དང་། ད་དུང་བརྗིད་ཅིང་རྔམ་པའི་ས་འཛིན་གྱི་དབུ་རྩེ་སོགས་ནས་དུང་གི་ཟླ་བ་དཀར་པོ་མཐོང་མྱོང་། སྲིད་ན་འགྲན་ཟླ་བྲལ་བའི་ཡིད་འོང་གི་ཟླ་བ་འདི་དག་ལ་ང་རང་ཧ་ཅང་དགའ།
       ཡིན་ནའང་། ཟླ་བ་འདི་དག་མཐོང་ཚེ་ངའི་ཡིད་ལ་དེ་མུར་རང་གི་ཕ་ཡུལ་གྱི་རྫིང་བུའི་སྟེང་དང་ཆུ་ནང་གི་ཟླ་བ་དེ་དྲན་འོང་། འཇིག་རྟེན་མཛེས་པར་བརྒྱན་པའི་ཟླ་བ་ཆེན་པོ་འདི་དག་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡིན་ནའང་། ང་ལ་མཚོན་ན་ཟླ་བ་ཆེན་པོ་དེ་དག་དང་བསྡུར་ན་ངའི་སེམས་ཀྱི་ཟླ་བ་ཆུང་ཆུང་དེ་ནི་ལྷག་པར་སྙིང་དུ་སྡུག་པ་ཞིག་རེད། ང་དང་ཕ་ཡུལ་གྱི་བར་ཐག་ལེ་བར་ཁྲི་ཕྲག་གིས་ཆོད་ཀྱང་། ངའི་སེམས་པ་སྐད་ཅིག་ཉིད་ལའང་མི་སྡོད་པར་ཕ་ཡུལ་དུ་ཆས་འགྲོ། སྙིང་ཉེ་བའི་ཟླ་བ་ཆུང་ཆུང་ལགས། ངས་ཁྱེད་རང་གཏན་དུ་བརྗེད་ཐབས་མི་འདུག་ཨང་།
       ད་ལྟ་ང་རང་ལོ་ཡིས་ཐུབ་ནས་རྒས་འཁོགས་སུ་གྱུར་ཞིང་དུས་རྒྱུན་ལིང་རོན་དགའ་ཚལ་དུ་བསྡད་ཡོད། འུད་བརྗོད་ཅུང་ཙམ་བྱས་ན། གནས་འདིར་ནགས་ཀླུང་སྟུག་པོས་ཁྱབ་ཅིང་དལ་འགྲོ་ཆུ་བོས་ཡོངས་སུ་བསྐོར་བ་དང་། མཚམས་དང་མཚམས་སུ་རི་བོ་ཁ་ཤས་ཀེ་རེར་འགྲེང་ནས་ཁོར་ཡུག་གི་རྣམ་པ་ཉམས་དགའ་བ་ཞིག་ཡིན། ལོ་འགའི་སྔོན་དུ་ང་རང་ལུའུ་ཧྲན་ནས་ངལ་གསོས་ཏེ་ཕྱིར་ལོག་པ་ན། ལུའུ་ཧྲན་ནས་མཉམ་དུ་བསྡད་མྱོང་བའི་གྲོགས་པོ་ཞིག་ང་ལ་མཚམས་འདྲིར་ཕེབས་བྱུང་། ཁོས་ང་ཡོད་སའི་གཞིས་ཁུལ་མཐོང་ནས་འདི་སྐད་དུ། “ཁྱོད་འདི་འདྲའི་ས་ཆ་སྐྱིད་པོ་ཞིག་ཏུ་བསྡད་ཡོད་བཞིན་དུ་ལུའུ་ཧྲན་ལ་སོང་ནས་ཅི་བྱེད”ཟེར། སྐད་ཆ་འདི་ལས་ཀྱང་ལིང་རོན་དགའ་ཚལ་གྱིས་མི་རྣམས་ལ་བག་ཆགས་ཇི་འདྲའི་གཏིང་ཟབ་མོ་ཞིག་བཞག་ཡོད་པ་རྟོགས་སླ།
       གནས་འདིར་རི་ཆུ་དང་ནགས་ཚལ། མེ་ཏོག་དང་བྱ་བྱེའུ་སྣ་ཚོགས་ཡོད་ལ། སྨག་ནག་པའི་མཚན་མོ་རེ་རེར་དཀར་གསལ་ཟླ་འོད་མུ་མཐའ་མེད་པའི་ཨ་སྔོན་དབྱིངས་སུ་འཕྲོས་ཤིང་། ཆུ་སྐྱེས་པད་མའི་བསུང་ངད་ཁོ་ར་ཁོར་ཡུག་ཀུན་ཏུ་ཁྱབ་ནས་གཤོག་ལྡན་བྱེའུའི་ཚོགས་ཀྱིས་སྙན་འཇེབས་ཀྱི་དབྱངས་རྟ་དཀྲོལ་བས། གནས་འདི་ནི་ངོ་མ་ཟླ་འོད་ལོངས་སུ་སྤྱོད་པའི་གནས་མཆོག་ཅིག་ཡིན་ལ། པད་རྫིང་གི་ཟླ་འོད་ཀྱི་མཚར་སྡུག་ཀྱང་ངའི་གཞིས་ཤག་གི་སྒེའུ་ཁུང་ཕྱི་རོལ་དུ་འཕོས་པས་གནས་འདིར་མི་སུ་ཞིག་ཐོན་ན་ཡང་དགའ་སྤྲོ་མི་སྐྱེ་ཐུ་མེད་ཡིན།
       ཡིན་ནའང་། འདི་འདྲའི་ལྟ་བས་ཆོག་མི་ཤེས་པའི་སྐབས་རེ་སླེབས་ཐེངས་རེར། ངས་དྲན་ཡོང་བ་ནི་སྔར་བཞིན་ཕ་ཡུལ་གྱི་རྫིང་བུའི་ནང་གི་ཆེས་སྤྱིར་བཏང་གི་ཟླ་བ་ཆུང་ཆུང་དེ་རེད། ཟླ་བ་མཐོང་ཚེ་སེམས་སུ་རང་དབང་མེད་པར་ཕ་ཡུལ་དྲན་ཡོང་བ་ནི་ངའི་གོམས་གཤིས་སུ་གྱུར་འདུག ཕ་ཡུལ་དྲན་པའི་གདུང་བ་འདི་ནི་སྡུག་བསྔལ་དང་དགའ་སྤྲོ་གཉིས་ཀྱི་གང་ཞིག་ཡིན་མིན་བཤད་དཀའ་མོད། སེམས་བྱུང་འདིའི་ཁྲོད་དུ་ཕྱིར་དྲན་དང་བློ་ཕམ། ཞེན་ཆགས་དང་ཕངས་སེམས་སོགས་ཡོད། དུས་ཚོད་ནི་གློག་ཞགས་འཁྱུག་པ་བཞིན་སྐད་ཅིག་ཉིད་ལ་ཕར་འདས་ནས་ཕྱིར་ཟློག་མེད་ཅིང་། སྐྱོ་འཛུམ་འདིའི་གསེང་དུ་བདེ་སྐྱིད་ཀྱང་ཡོད།
       ཟླ་བ་ནི་རང་གི་ཕ་ཡུལ་གྱི་ཟླ་བ་ཡག ངས་དུས་ནམ་ཞིག་ལ་ད་གཟོད་ཕ་ཡུལ་གྱི་ཟླ་བ་མཐོང་ཐུབ་བམ། ངས་དེ་ལྟར་འཁྲེང་སེམས་བཅངས་ནས་མུ་མཐའ་བྲལ་བའི་མཁའ་དབྱིངས་སུ་ལྟ་ཞོར་སེམས་པ་རང་དབང་མེད་པར་ཕ་ཡུལ་གྱི་ཕྱོགས་སུ་ཤོར་སོང་།

ཟུར་བཀོད།
       ལོ་ཙཱ་བྱེད་སྟངས།
       རྩོམ་ཡིག་འདི་རང་གི་སྐད་དུ་མ་སྒྱུར་གོང་། ཐོག་མར་མ་ཡིག་ཡང་དང་བསྐྱར་དུ་བཀླགས་ནས་ཁ་ལ་བྱང་དུ་བཅུག་པ་ཡིན། དེ་ནས་མ་ཡིག་གི་ནང་དོན་ལ་རང་གི་གོ་བ་ལེན་སྟངས་ལྟར་བསམ་བློ་བཏང་བ་དང་། གཞན་གྱིས་རྩོམ་ཡིག་འདི་ཀློག་འདོན་དང་སློབ་ཁྲིད། དབྱེ་ཞིབ་བཅས་བྱས་པ་ལ་ནན་ཏན་སྒོས་ཉན་པ་ནི་ཐོག་མའི་སྟ་གོན་ནོ། །
       དེ་ནས། མ་ཡིག་གི་ནང་དོན་དངོས་མ་སྒྱུར་གོང་། ཐོག་མར་ཁ་བྱང་ཇི་ལྟར་སྒྱུར་བར་བསམ་བློ་བཏང་བ་ཡིན། མ་ཡིག་གི་ཁ་བྱང
月是故乡明ལ་མཚོན་ན། ཚིག་ངོས་ཀྱི་ནང་དོན་ནི་རང་གི་ཕ་ཡུལ་གྱི་ཟླ་བ་ཤིན་ཏུ་གསལ་བའི་དོན་ཡིན་མོད། མ་ཡིག་གི་ནང་དོན་ཧྲིལ་བོ་ལ་བསམ་བློ་བཏང་ནས་བལྟས་ན། དེ་ནི་ཟླ་བ་གསལ་དང་མི་གསལ་ཙམ་གྱི་དོན་མིན་པར་རྩོམ་པ་པོ་རང་གི་ཕ་ཡུལ་གྱི་ཟླ་བ་ལ་བརྩེ་དུང་དམིགས་བསལ་བ་ཞིག་ཡོད་པའི་དོན་ཡིན་ཏེ། ཟླ་བ་ནི་ཡིད་བརྙན་དང་ཡིད་བརྙན་དེའི་གཏིང་དུ་ཕ་ཡུལ་དྲན་པའི་གདུང་བ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ་སྦས་འདུག དེ་བས་ཟླ་བ་ཁུངས་སྣེ་བྱས་ཏེ་སྤྱིར་ནམ་མཁའ་རུ་ཟླ་བ་གཅིག་མ་གཏོགས་མེད་རུང་རང་གི་ཕ་ཡུལ་གྱི་ཟླ་བ་དང་གཞན་ཡུལ་ནས་མཐོང་བའི་ཟླ་བ་སོ་སོར་དགར་བར་མ་ཟད་རྩོམ་པ་པོ་རང་གི་ཕ་ཡུལ་གྱི་ཟླ་བ་ལྷག་ཏུ་གསལ་ཞེས་བརྗོད། ཚིག་ངོས་ཀྱི་ནང་དོན་ལྟར་ཁ་བྱང་བཏགས་ན། ཕ་ཡུལ་གྱི་ཟླ་བ་ལྷག་ཏུ་གསལ་ལྟ་བུ་བཏགས་ཀྱང་མི་རུང་བ་ཆེར་མེད་མོད། དེ་ལྟར་བཏགས་ན་རྩོམ་ཉམས་ཅུང་མི་ཐོན་ལ་སྙན་ཆ་ཆེར་མི་ལྡན་པས། མ་ཡིག་ལ་བསྟུན་ནས་ཁ་བྱང་ལ་ཟླ་བ་ནི་ཕ་ཡུལ་གྱི་ཟླ་བ་ཡག་ཞེས་བཏགས་པ་ཡིན། དེ་ལྟར་བཏགས་ན་ཟླ་བ་ཧ་ཅང་གསལ་བ་མཚོན་ཐུབ་པ་མ་ཟད། མ་ཡིག་ཏུ་རྩོམ་པ་པོ་རང་གི་ཕ་ཡུལ་གྱི་ཟླ་བ་ལ་བརྩེ་དུང་དམིགས་བསལ་བ་ཞིག་ཡོད་པའི་དོན་ཡང་ཇི་བཞིན་སྟོན་ཐུབ་སྙམ།
       མ་ཡིག་གི་ནང་དོན་བསྒྱུར་བའི་ཐད་ནས་དམིགས་བསལ་དུ་འདིའོ་ཞེས་ཞུ་རྒྱུ་ཆེར་མེད་དེ། མཐུན་བདེ་སྙན་གསུམ་གྱི་རྩ་དོན་དང་མ་ཡིག་གི་དོན་དང་མི་འགལ་ཞིང་བོད་ཀྱི་སྐད་ལ་གར་བདེ་བར་གྱིས་ཤིག་ཅེས་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་ཡིན། ལྷུག་རྩོམ་སྙན་ངག་གི་རྩོམ་སྟངས་ལྟར་དོན་མཐུན་པར་བསྒྱུར་བ་ལས་གཞན་བཀླགས་ན་ཁ་ལ་བདེ་བ་དང་སྙན་ཆའམ་དབྱངས་འགྲོས་ཅུང་ཙམ་ཨེ་ཐོན་ལ་བསམ་བློ་བཏང་ནས་མིང་ཁ་ཤས་མངོན་བརྗོད་ཀྱིས་བཅིངས་པ་ཡིན་ལ། སྐད་ཆའི་རྒྱུན་དང་ཁྱད་གཞི་དང་ཁྱད་ཆོས་ཀྱི་སྔ་ཕྱི་སོགས་སྐད་ཡིག་གི་ཚིག་འགྲོས་ལྟར་བྱས་ཡོད། འདི་ནི་མ་ཡིག་དངོས་སུ་སྒྱུར་བའི་སྐབས་སོ། །
       མ་ཡིག་ཡོངས་སུ་བསྒྱུར་ཚར་རྗེས། གཟའ་འཁོར་གཅིག་ཙམ་རིང་གློག་ཀླད་དུ་བཅུག་ནས་ཁ་མ་ཕྱེས། གཟའ་འཁོར་གཅིག་གི་འཕྲོར་མ་ཡིག་དང་སྒྱུར་རྩོམ་གཉིས་ཀ་གཤིབ་སྡུར་བྱས་ནས་བལྟས་པ་ན། མ་ཡིག་གི་ནང་དོན་ཁ་ཤས་ཇི་བཞིན་མ་ཐོན་ས་དང་མཉམ་མ་བཞག་ས་ཁ་ཤས་འདུག་སྟེ། དཔེར་ན། མ་ཡིག་ཁྲོད་ཀྱི
知了ནི་དང་ཐོག་འབའ་འབུ་ཞེས་བསྒྱུར་ཡོད་པ་སྐྱེ་དངོས་སློབ་དེབ་ཏུ་འབུ་འཛིང་འཛིང་ཞེས་བསྒྱུར་ཡོད་པ་མཐོང་ནས་དེ་ལྟར་བཅོས་པ་དང་། 鸭子下的蛋ཞེས་པའི鸭子ནི་གག་ཕྲུག་ཅེས་བསྒྱུར་ཡོད་པ་བྱ་གག་ལ་བཅོས་པ་སོགས་དག་བཅོས་དང་སྣོན་འཕྲི་ཁ་ཤས་བྱས་རྗེས་ཡོངས་སུ་རྫོགས་སོ། །

       སྒྱུར་མཁན་ངོ་སྤྲོད།
       ཚེ་དཔལ་རྡོ་རྗེ། ཕ་ཡུལ་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྒན་གྱ་ཡིན། ༢༠༡༤ལོ་ནས༢༠༢༠ལོའི་བར། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་དུ་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་དངོས་གཞི་སློབ་མ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་དུ་རིག་ཚན་སློབ་ཁྲིད
(སྐད་ཡིག)ཆེད་ལས་ཀྱི་སློབ་གསོ་རབ་འབྱམས་པའི་ལས་ཐོབ་བླངས་ཏེ་མཐར་ཕྱིན། ༢༠༢༠ལོ་ནས༢༠༢༣ལོའི་བར་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་གནས་སུ་ཞུགས་པ་དང་། ༢༠༢༣ལོ་ནས་ད་བར་མཛོད་དགེ་རྫོང་ཐང་སྐོར་སློབ་ཆུང་དུ་སྐད་ཡིག་དགེ་རྒན་གྱི་ལས་སུ་ཞུགས་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།