“མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་སྡུར་སྐབས་གཉིས་པའི་ལྷུག་རྩོམ་གྱི་བྱ་དགའ་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས།

རྩོམ་པ་པོ།:དབང་གྲགས་སྐྱབས་སོགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-01-12 09:20:35 ཀློག་གྲངས།:
ཕ་ཡུལ་གྱི་ཟླ་བ་ལྷག་ཏུ་གསལ།
ཅི་ཞན་ལིན་གྱིས་བརྩམས།
དབང་གྲགས་སྐྱབས་ཀྱིས་བསྒྱུར།

 
       མི་རེ་རེར་ཕ་ཡུལ་རེ་ཡོད་ཅིང་། རེ་རེའི་ཕ་ཡུལ་དུ་ཟླ་བ་རེ་ཤར་ནས་ཡོད། མི་ཚང་མ་རང་ཕ་ཡུལ་གྱི་ཟླ་བ་ལ་དགའ་བའི་གནས་ཚུལ་ཕལ་ཆེར་གཅིག་ཏུ་འདུག
       འོན་ཀྱང་། གལ་ཏེ་ཁེར་རྐྱང་གི་ཟླ་བ་ཙམ་ལས་མི་འདུག་ན། ཁེར་རྐྱང་ཡིན་པ་མང་དྲགས་སོང་བས། ཀྲུང་གོའི་གནའ་བོའི་སྙན་ཚིག་ཁག་ཏུ་ཟླ་བ་ལ་ནམ་ཡང་ཆོས་དངོས་ག་གེ་མོ་ཞིག་གིས་ཟླ་བོར་བྱེད་ལ། ཆེས་མང་དུ་སྣང་བ་ནི་རི་ཆུ་སོགས་ཡིན། དཔེར་ན“རི་མཐོ་ན་ཟླ་བ་ཆུང་།”ལྟ་བུ་དང“སན་ཐན་ནས་ཟླ་བར་རོལ་བ།”ལྟ་བུ་སོགས་བགྲང་གིས་མི་ལང་།
       ངའི་ཕ་ཡུལ་ནི་ཧྲན་ཏུང་ནུབ་བྱང་ཕྱོགས་ཀྱི་བདེ་ཐང་ཆེན་པོར་གནས། ང་རང་ལོ་ན་ཆུང་བའི་དུས་སུ་རི་ཟེར་བ་ཞིག་ཡེ་ནས་མཐོང་མ་མྱོང་ལ། རི་ཟེར་བ་དངོས་པོ་ཅི་ཞིག་ཡིན་པའང་ཧ་མི་གོ དེ་དུས་ངས་སྟོང་འདང་རེ་བརྒྱབ་ནས་རི་ཟེར་བ་ཕལ་ཆེར་ཟླུམ་ཞིང་སྦོམ་པའི་ཀ་བ་ཞིག་ཡིན་པར་བསམ་ལ། གནམ་འདེགས་ནུས་པའི་རྔམ་བརྗིད་ཅན་ཞིག་ལ་བསམ།
       རྗེས་སུ་ང་རང་ཅི་ནན་ལ་སླེབས་རྗེས། ད་གཟོད་རི་མཐོང་སོང་ལ། ཡ་མཚན་ཆེན་པོ་སྐྱེས་ཏེ་རི་ནི་མ་གཞིར་འདི་འདྲ་ཞིག་རེད་དམ་སྙམ། དེ་བས། ནམ་རྒྱུན་ངས་ཕ་ཡུལ་ནས་ཟླ་བ་ལ་བལྟ་དུས་རི་བོ་དང་མ་འདྲེས་པར་བལྟས་པ་ཡིན། སུའུ་ཏུང་ཕུའོ་ཡིས“ཟླ་བ་ཤར་རིའི་རྩེ་ནས་འཕགས་ཤིང་། རྒྱུ་སྐར་གྱི་བར་དུ་ཕར་ཚུར་བགྲོད།”ཅེས་གསུངས་པ་ལྟར། འདི་ནི་ངའི་བློ་ཡུལ་ལས་འདས་པ་ཞིག་རེད།
       ཆུ་དང་འབྲེལ་བའི་སྐོར་ལ། ངའི་ཕ་ཡུལ་གྱི་སྡེ་གྲོང་ཆུང་ཆུང་ན་མང་དུ་སྣང་།
       འདམ་རྩྭའི་རྫིང་བུས་སྡེ་གྲོང་ཆུང་ཆུང་གི་ཕྱེད་ཀ་ཙམ་ཟིན་འདུག བྱིས་པ་ཆུང་ཆུང་ངའི་མིག་ལམ་དུ། ཟླ་བརྒྱད་པའི་དུང་ཐིན་མཚེའུ་བཞིན་དུ་རྔམ་བརྗིད་དེ་འདྲ་མི་ལྡན་ནའང་། དུ་སྤྲིན་སྨུག་པས་ཡོངས་སུ་ཁེངས་བས་ཅུང་ཟད་མཛེས་ཉམས་ལྡན། དབྱར་ཁའི་ས་སྲོད་ཀྱི་དུས་ལ་སླེབས་སྐབས་ང་རང་རྫིང་བུའི་འགྲམ་གྱི་ལྷས་རའི་ཐང་དུ་ཉལ་ཏེ་ནམ་མཁའི་སྐར་མ་བརྩིས་པ་ཡིན།
       མཚམས་ལན་རེར་གནའ་ལྕང་གི་འོག་ནས་མེ་ཕུང་བསྒྲོན་ཅིང་། དེ་ནས་སྡོང་འགོར་འགོས་ཏེ་གཡུག་གཡུག་གནང་རྗེས། འབུ་འཛིང་འཛིང་གི་ཚོགས་རྣམས་རེ་རེ་བཞིན་ས་ལ་ཟགས་ཡོང་། དེ་ཉིན་མོའི་སྐབས་སུ་བལྡད་དེ་སྙི་མོར་བཏང་བའི་གྲོའི་སྙེ་མ་ཡིས་སྦྱར་ནས་འཛིན་པ་ལས་ཀྱང་སླ་མོ་ཡིན། ང་རང་མཚན་མོ་རེ་རེར་དགའ་བ་འབུམ་གྱིས་མྱོས་ཤིང་། ཉིན་རེ་རེར་ས་སྲོད་སྔ་མོ་ནས་སླེབས་པར་རེ་སྒུག་བྱེད་ཀྱི་ཡོད།
       ཅུང་ཙམ་འཕྱི་བར་སླེབས་ཙ་ན། ང་རང་རྫིང་བུའི་གམ་དུ་ཕྱིན་ཅིང་། མགོ་བོ་ཡར་བཀྱག་པ་ན་དཀར་གསལ་གྱི་ཉ་གང་ཟླ་བ་ཞིག་མིག་ལམ་དུ་མཐོང་། ཟླ་བའི་འོད་ཟེར་ཕྱོགས་བཞིར་འཕྲོས་ཤིང་། ཆུ་ནང་གི་ཟླ་བ་དང་ཁ་འཕྲོད་ནས་འདུག སྐབས་དེར་ངས་ད་དུང་སྙན་ངག་གི་ཚོར་བ་ཟེར་བ་ཧ་མི་གོ་མོད། འོན་ཀྱང་དེ་ལ་དགའ་ཞིང་། སེམས་ཁོང་དུ་གར་ཡོང་མི་ཤེས་པའི་ཚོར་བ་སྣ་ཚོགས་ཤིག་འགོག་མེད་དུ་སྐྱེས་ཡོང་གིན་འདུག མཚམས་ལན་རེར། རྫིང་བུའི་འགྲམ་ནས་ཡུན་རིང་པོར་རྩེས་ཤིང་། རྩེས་ཚར་རྗེས་ད་གཟོད་ཡུལ་ལ་ལོག་སྟེ་གཉིད་ཀྱི་ཡོད། གཉིད་རྗེས་ཀྱི་རྨི་ལམ་དུ་ནམ་མཁའི་ཟླ་བ་དང་ཆུ་ནང་ཟླ་བ་གཉིས་ཀ་མཉམ་གཅིག་ཏུ་བརྩེགས་ནས་ཡོད་པ་རྨིས་ཤིང་། ཟླ་བའི་འོད་མདངས་དེ་བས་ཀྱང་ཤིན་ཏུ་བཀྲ་བ་རྨིས། ཉིན་གཉིས་པར་མལ་ལས་ལངས་རྗེས། རྫིང་བུའི་འགྲམ་གྱི་འདམ་རྩྭའི་ར་བའི་ནང་དུ་བྱ་གག་གིས་བཏང་བའི་སྒོ་ང་བཏུ་རུ་སོང་། སྒོ་ང་དག་དཀར་ཆེམ་ཆེམ་བྱེད་ཅིང་ལག་པ་ཆུ་ནང་དུ་གཏོང་ཐེངས་རེར་སྒོ་ང་རེ་རེག་ཐུབ། སྐབས་དེར་ང་རང་ལྷག་ཏུ་དགའ་ཞིང་མྱོས་པར་གྱུར།
ང་རང་ཕ་ཡུལ་ནས་ལོ་དྲུག་ལ་མ་གཏོགས་བསྡད་མ་མྱོང་། དེའི་རྗེས་ནས་ང་རང་ཕ་ཡུལ་དང་རིང་དུ་གྱེས་ཏེ་ཕྱོགས་བཞིའི་རྒྱལ་ཁམས་འགྲིམས་པར་སོང་།
       ཅི་ནན་ནས་ལོ་བཅུ་ལ་བསྡད་ཅིང་། པེ་ཅིང་ནས་ལོ་བཞི་ལྷག་བསྐྱལ། ཡང་བསྐྱར་ཅི་ནན་དུ་ལོག་སྟེ་ལོ་གཅིག་ལ་བསྡད། རྗེས་སུ་ཡོ་རོབ་ཏུ་སོང་སྟེ་ལོ་བཅུ་གཅིག་ལ་བསྡད། དེ་ནས་ཡང་པེ་ཅིང་དུ་ལོག་པ་ཡིན། ད་རག་བར་དུ་མི་ལོ་བཞི་བཅུ་ལྷག་འགོར་སོང་། ལོ་ངོ་འདི་དག་གི་རིང་ལ་ང་རང་འཛམ་གླིང་གི་རྒྱལ་ཁབ་སུམ་ཅུ་ལྷག་ཏུ་ཕྱིན་ཅིང་། ནམ་མཁའི་ཟླ་བ་ཇི་སྙེད་ཅིག་ཀྱང་མིག་གིས་མཐོང་མྱོང་།
       མཚར་སྡུག་རབ་ཏུ་བཀྲ་བའི་སུའེ་ཙེར་གྱི་ལའེ་མང་མཚོ་ཡི་སྟེང་དང་། མུ་མཐའ་བྲལ་བའི་ཧྥེ་གླིང་གི་བྱེ་ཐང་ཆེན་མོའི་སྟེང་། མཐིང་མདོག་རྣམ་པར་རྒྱས་པའི་རྒྱ་མཚོ་ཆེན་མོའི་སྟེང་དང་རྔམ་བརྗིད་ལྡན་པའི་རི་བོ་མཐོན་པོའི་སྟེང་སོགས་སུ་ངས་ཟླ་བ་མཐོང་མྱོང་།
       འོན་ཀྱང་། དེ་དག་མཐོང་དུས་ངས་མྱུར་བ་མྱུར་དུ་ངའི་ཕ་ཡུལ་གྱི་འདམ་རྩྭའི་སྟེང་དང་ཆུ་ནང་གི་ཟླ་བ་ཆུང་ཆུང་དེ་དྲན་ཡོང་། གཤིབ་བསྡུར་ཞིག་བྱས་རྗེས་ངས་གང་ལྟར་ཡང་འདི་ལྟར་བསམ་སྟེ། འཛམ་གླིང་སྟེང་གི་ཟླ་བ་ཆེན་པོ་འདི་དག་གིས་ནམ་ཡང་ངའི་སེམས་ཁོང་གི་སྙིང་དུ་སྡུག་པའི་ཟླ་བ་ཆུང་ཆུང་དེ་ཡི་དོ་ཟླར་མི་འོང་བསམ། ང་རང་ཕ་ཡུལ་དང་ཁ་ཐག་ཅི་འདྲ་རིང་ཡང་། ང་ཡི་སེམས་པ་དེ་མ་ཐག་ཏུ་འཕུར་ནས་ཡོང་ཐུབ། ང་ཡི་ཟླ་བ་ཆུང་ཆུང་། ངས་ཁྱེད་རང་ནམ་ཡང་བརྗེད་ཐབས་བྲལ།
       ང་རང་ད་ལྟ་རྒས་འཁོགས་སུ་འགྱུར་ལ་ཉེ་ཞིང་། འདུག་ས་ནི་གནས་མཆོག་ལང་རུན་སྐྱེད་ཚལ་ཡིན། འུད་ཆེ་བར་བརྗོད་ན། གནས་འདི་རུ་ཚང་ཚིང་གཡུ་ལོ་བཀོད་ནས་ཡོད་ཅིང་། ཤང་ཤང་ཆུ་མོ་ཡིས་ཀྱང་མཐའ་ནས་བསྐོར་ཡོད། ད་དུང་རི་བོ་འགའ་ཡིས་ཀྱང་སྤུད་པར་བྱས་ཡོད་པས། མཛེས་ལྗོངས་ནི་ལྟ་བས་ཆོག་མི་ཤེས་པ་ཞིག་ཡིན་ཁོ་ཐག་ཡིན། ལོ་འགའི་ཡར་སྔོན་དུ། ང་རང་ལུའུ་ཧྲན་ནས་ངལ་གསོ་བྱས་ཚར་ནས་ཕྱིར་ལོག་རྗེས། ལུའུ་ཧྲན་ནས་མཉམ་འགྲོགས་མཉམ་འདུག་བྱས་པའི་གནའ་གྲོགས་ཤིག་ང་རང་བལྟ་བར་ཕེབས་སོང་། ཁོས་མཛེས་ལྗོངས་འདི་ལྟ་བུ་ཞིག་མཐོང་རྗེས་ང་ལ“ཁྱེད་རང་ས་ཆ་འདི་འདྲའི་སྐྱིད་པོ་ཞིག་ཏུ་བསྡད་ཡོད་ན་ཅིའི་ཕྱིར་ལུའུ་ཧྲན་ལ་འགྲོ་དགོས་པ་ཡིན་ནམ།”ཞེས་གསུངས། ཁོའི་སྐད་ཆ་དེ་ལས་ཀྱང་ལང་རུན་སྐྱེད་ཚལ་གྱིས་མི་རྣམས་ལ་ཚོར་བ་གཏིང་ཟབ་མོ་ཞིག་བྱིན་ཡོད་པ་ཤེས་སླ།
       གནས་འདི་ན་རི་ཡོད་ཅིང་ཆུ་ཡོད་ལ། ཤིང་སྡོང་ཡོད་ཅིང་མེ་ཏོག་ཡོད། ད་དུང་བྱིའུ་ཡང་མཆིས། ནམ་རྒྱུན་ཚེས་པ་བཅོ་ལྔའི་མཚན་མོ་དང་ཐུག་དུས། ཟླུམ་སྒོར་གྱི་ཉ་གང་ཟླ་བ་ནམ་མཁའི་དབྱིངས་ནས་བཀྲ་ཞིང་། དཀར་གསལ་གྱི་ཟླ་འོད་དེ་མཐིང་མདོག་གི་སྤྲིན་པའི་སྟེང་ན་འོད་དུ་འཚེར། སྟེང་འོག་ཀུན་རབ་རིབ་ཏུ་སྣང་ཞིང་། མཐིང་མདོག་རྣམ་པར་རྒྱས་ལ་མུ་མཐའ་བྲལ། དེར་མ་ཟད། པད་རྫིང་གི་དྲི་ངད་རྒྱང་རིང་ནས་འཐུལ་ཡོང་ཞིང་། བྱ་བྱིའུའི་སྐད་སྙན་ག་ས་གང་ན་སྒྲོག་གིན་འདུག འདི་ནི་ཟླ་བར་རོལ་མྱོང་བྱེད་སའི་གནས་མཆོག་ཅིག་མ་རེད་ཅེས་ངོ་མས་བཤད་མི་བཏུབ། པད་རྫིང་གི་ཟླ་བའི་མཛེས་ལྗོངས་ངོ་མཚར་ཅན་དེ་ཏག་ཏག་ང་ཡི་སྒེའུ་ཁུང་གི་ཕྱི་རོལ་དུ་མངོན་པར་གསལ་ནས་ཡོད་ཅིང་། མི་སུ་ཞིག་འདི་ལ་སླེབས་ཀྱང་། དོ་སྣང་མི་བྱེད་པ་མི་སྲིད་ཅིང་དོ་སྣང་མི་བྱ་རང་བྱ་རུ་འགྱུར་རོ། །
       རེད་དེ། ནམ་རྒྱུན་ང་རང་བཀྲ་ཤིས་པའི་མཛེས་ལྗོངས་འདི་འདྲ་ལ་འཕྲད་དུས། ངའི་སེམས་ངོགས་སུ་དྲན་པ་ནི་སྔར་བཞིན་ཕ་ཡུལ་གྱི་འདམ་རྩྭའི་རྫིང་བུ་ནང་གི་ཟླ་བ་ཆུང་ཆུང་སྤྱིར་བཏང་པ་དེའོ། །ཟླ་བ་རིག་ན་ཕ་ཡུལ་དྲན་པ་ནི་ངའི་ལོ་མང་རིང་བརྒྱུད་མྱོང་བའི་གོམས་གཤིས་ལྟ་བུར་གྲུབ་ཡོད། ཕ་ཡུལ་དྲན་པའི་ནད་འདི་ནི་སྐྱིད་ཅིག་ཡིན་ནམ་སྡུག་ཅིག་ཡིན་པ་ངས་བཤད་མི་ཤེས། དེའི་ནང་དུ་ཕྱིར་དྲན་ཡོད་ལ་དྲན་གདུང་ཡོད། ཞེན་ཆགས་ཡོད་ལ་འགྱོད་གདུང་ཡང་མཆིས། ལོ་ཟླ་ནི་སྐད་ཅིག་སྐད་ཅིག་ཙམ་ཡིན་ཞིང་། ལོ་ཟླ་ལ་ནམ་ཡང་ཕྱིར་ཡོང་མི་འདུག སྐྱོ་གདུང་ཉུང་ཙམ་གྱི་ནང་དུ་དོན་ངོ་མས་དགའ་སྐྱིད་ཀྱང་འདྲེས་མར་ཡོད་དོ། །
ཕ་ཡུལ་གྱི་ཟླ་བ་ལྷག་ཏུ་གསལ། ངས་ག་དུས་ཤིག་ལ་ཡང་བསྐྱར་ཕ་ཡུལ་གྱི་ཟླ་བ་ལན་གཅིག་མཐོང་ཐུབ་བམ། ངས་ལྷོ་ཕྱོགས་ཀྱི་མཁའ་དབྱིངས་སུ་རྒྱང་བལྟ་ཐེངས་ཤིག་བྱས་པ་ན། གཤོག་པ་ཐོགས་པའི་སེམས་པ་དེ་ཕ་ཡུལ་གྱི་ཕྱོགས་སུ་དབང་མེད་དུ་འཕུར་སོང་ངོ་། །

༢༠༢༥ལོའི་ཟླ༩བའི་ཚེས༣ཉིན་ལ་ནུབ་བྱང་རིག་པའི་དགའ་ཚལ་ནས་ཡོངས་སུ་བསྒྱུར་ཚར་བ་དགེའོ། །

ཟུར་བཀོད།
       ལོ་ཙཱ་བྱེད་སྟངས།
        དོན་བསྒྱུར་དང་སྒྲ་བསྒྱུར་ཟུང་འབྲེལ། (ས་མིང་སོགས་སྒྲ་བསྒྱུར་བྱས་ཡོད། གཞན་རྣམས་དོན་བསྒྱུར་རོ། །)


       སྒྱུར་མཁན་ངོ་སྤྲོད།
        ཕྲན་ནི༢༠༢༤ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རྩོམ་རིག་གི་ཆེད་ལས་ནས་དངོས་གཞི་མཐར་ཕྱིན་ཅིང་། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སྐད་བརྡ་རིག་པ་དང་ཉེར་སྤྱོད་སྐད་བརྡ་རིག་པའི་ཆེད་ལས་སུ་སློབ་གཉེར་བྱེད་བཞིན་པའི་རབ་འབྱམས་ཞིབ་འཇུག་སློབ་མ་ཞིག་ཡིན། ཆུང་དུས་ནས་རྩོམ་འབྲི་བར་དགའ་ལ། རྩོམ་ཡག་པོ་རྣམས་ལོ་ཙཱ་བྱེད་པར་དེ་བས་ཀྱང་དགའ། སྔོན་མར“差不多先生”ལ“སྐུ་ཞབས་ཨ་ལ་པ་ལ།”ཟེར་བའི་བསྒྱུར་རྩོམ་ཞིག་མཚོ་བྱང་གི་རྒྱ་བོད་ལོ་ཙཱའི་དཔེ་དེབ་སྟེང་དུ་བཀོད་ཡོད། ད་ལྟ་ཡིན་ནའང་རང་ཉིད་ཀྱི་དགའ་ཕྱོགས་ཤིག་གིས་ལོ་ཙཱའི་བྱ་བར་སྔར་བཞིན་དགའ་བཞིན་སྤྲོ་བཞིན་དུ་འཇུག་གིན་ཡོད་དོ། །

ཕ་ཡུལ་གྱི་ཟླ་བ་ལྷག་པར་གསལ།
ཅི་ཞན་ལིན་གྱིས་བརྩམས།
རིག་ཁོས་བསྒྱུར།

 
       མི་རེ་རེ་ལ་རང་ཉིད་ཀྱི་ཕ་ཡུལ་རེ་ཡོད་ལ། ཕ་ཡུལ་རེ་རེ་ན་ཟླ་བ་རེའང་ཡོད། མི་ཡོད་ཚད་རང་ཡུལ་གྱི་ཟླ་བ་ལ་ཞེན། གནས་ཚུལ་ནི་ཕལ་ཆེར་འདི་ལྟ་བུར་འདུག
       འོན་ཏེ། གལ་སྲིད་སྐྱ་ཡོར་ཡོར་གྱི་ཟླ་བ་ཞིག་ལས་གང་ཡང་མ་མཆིས་ཚེ། དེ་ནི་ཅི་འདྲའི་ཁེར་རྐྱང་ཞིག་ཏུ་སྣང་ངོ་། །དེ་བས་ཀྲུང་གོའི་གནའ་རབས་སྙན་རྩོམ་ཁག་ཏུ་ཡང་ཟླ་བར་རྟག་ཏུ་ལྗོངས་གཞན་ཞིག་གིས་ཟུར་དུ་བརྒྱན་ཡོད་དེ། མང་ཤོས་ནི་རི་བོ་དང་ཆུ་བོ་ཡིན་འདུག  དཔེར་ན། “རི་རྒྱལ་ལྷུན་པོ་བརྗིད་ཆེ། །ཆུ་ཤེལ་དབང་བོ་དཔངས་མཐོ། །”ཡང་ན“གཟུགས་བརྙན་ཟླ་བ་ཆུ་ནང་མཛེས”ལྟ་བུ་སོགས་བགྲང་དུ་མེད་དོ། །
       ངའི་ཕ་ཡུལ་ནི་ཧྲན་ཏུང་ནུབ་བྱང་རྒྱུད་ཀྱི་བདེ་ཐང་ཆེན་པོར་ཡོད་པས། ཆུང་དུས་ནས་རི་བོ་མཐོང་མྱོང་མེད་དེ། རི་བོ་ཟེར་བ་ཅི་ཞིག་ཡིན་པའང་ཤེས་མ་སོང་། ཁོ་བས་སྔོན་ཆད་རི་བོ་ནི་གནམ་སའི་གདུང་འདེགས་ཀྱི་ཀ་བ་སྦོམ་པོ་ཞིག་སྟེ། ཅི་འདྲའི་བརྗིད་ཉམས་ཆེ་བ་ལ་ཨང་ཞེས་སྟོང་འདང་བརྒྱབ་མྱོང་།
       ཕྱིས་སུ་ང་རང་ཅི་ནན་ལ་འབྱོར་ནས་རི་བོ་མཐོང་མ་ཐག ད་གཟོད་རི་བོ་ནི་འདི་འདྲ་ཞིག་ཡིན་པ་གཞི་ནས་རྟོགས། ཡིན་ཡང་ཕ་ཡུལ་ནས་ཟླ་བ་ལ་རྒྱང་ལྟ་བྱེད་སྐབས་ཡེ་ནས་རི་བོ་དང་འབྲེལ་ཆགས་མ་མྱོང་། དེ་བས་སུའུ་ཏུང་ཕོ་ལགས་ཀྱི“རི་བོང་ཅན་དེ་ཤར་རིའི་རྩེ་ནས་འཛེགས། །སྣ་ཚོགས་རྒྱུ་སྐར་དབུས་སུ་གཡོ་ཞིང་རྒྱུ། །” ཞེས་པའི་སྙན་ཚིག་འདི་གཞི་ནས་བློ་ཡུལ་ལས་འདས་པ་ཞིག་རེད།
       འོན་ཀྱང་། ཆུ་བོ་ནི་ངའི་ཕ་ཡུལ་གྱི་གྲོང་ཚོ་རུ་མང་དུ་མཆིས།
       གྲོང་ཚོ་ཆུང་ཆུང་དེའི་གནས་མང་ཤོས་ནི་འདམ་རྫིང་འགས་གང་ཡོད་ལ། ང་ལྟ་བུའི་བྱིས་པ་བསམ་མེད་ཞིག་གི་མིག་ལམ་དུ་དེ་ནི་སྟོན་ཟླ་འབྲིང་པོའི་ཏུང་ཐིང་མཚེའུ་ནང་བཞིན་བརྗིད་ཉམས་ལྡན་པ་ཞིག་མིན་ནའང་། སྨུག་རླབས་ཀྱི་རྣམ་པ་ཅུང་ཙམ་ཡོད། དབྱར་ཁ་སླེབས་རྗེས། ས་སྲོས་ཀྱི་ཚེ་ན་ཁོ་བོ་འདམ་རྫིང་གམ་གྱི་ར་བར་གན་རྐྱལ་དུ་ལོག་ནས་མཁའ་ཡི་སྐར་མ་བགྲང་།
       སྐབས་རེར་ངས་ལྕང་མའི་འོག་ཏུ་མེ་ཕུང་བསྒྲོན་ཏེ་སྡོང་མགོར་བུད་ནས་སྒུལ་ཙམ་བྱས་ན་འུར་བ་མང་པོ་ཁྱུ་དང་ཁྱུ་བྱས་ནས་འཕུར་ཡོང་། དེ་ནི་ངས་ཉིན་མོར་བལྡད་རུལ་གྱི་གྲོ་འབྲུས་འབྱར་བ་ལས་ཀྱང་སླ་བར་འདུག དེས་ང་ལ་འཛད་མེད་ཀྱི་སྤྲོ་བ་སྦྱིན་པས་ཉིན་རྒྱུན་ས་སྲོས་སླེབས་པར་རེ་སྒུག་བྱས་པ་ཡིན།
       ས་སྲོས་འདའ་རྗེས་ཁོ་བོ་འདམ་རྫིང་གི་འགྲམ་དུ་སླེབས་ནས། མགོ་བོ་ཡར་བཀྱགས་ན་དཀར་གསལ་གྱི་ཟླ་བ་མཐོང་ལམ་དུ་རྒྱུ་ལ། དངུལ་དཀར་ཀྱི་ཟླ་འོད་ཕྱོགས་བཞིར་འཕྱོ་བས། ཆུ་ཡི་ཟོལ་གྱི་ཟླ་བས་ཆུ་ཤེལ་དབང་བོར་དོ་བསྡུར་བ་དང་གཉིས་སུ་མེད། སྐབས་དེར་སྙན་ངག་གི་ཚོར་བ་ཟེར་བ་ཞིག་ངའི་དྲན་པར་མ་སྣང་མོད། ཡིན་ཡང་དུང་ཞེན་གྱི་དབང་གིས་སེམས་ཁུངས་ན་འགོག་མེད་ཀྱི་མྱུ་གུ་ཞིག་འབུས་བཞིན་ཡོད། ལན་རེར་ང་རང་འདམ་རྫིང་འགྲམ་ནས་ཡུན་རིང་ལ་རྩེད་རྗེས་ད་གཟོད་ཕྱིར་ཡུལ་དུ་ལོག་ནས་ངལ་གསོས་པ་ཡིན། ངའི་རྨི་ལམ་ནང་དུ་ཟླ་བ་གཉིས་གཞི་གཅིག་ཏུ་སྡེབ་ནས་འོད་མདངས་སྔར་ལས་གསལ་བར་གྱུར་འདུག ཕྱི་ཉིན་ཞོགས་པར་མལ་ལས་ལངས་མ་ཐག འདམ་རྩྭའི་ཁྲོད་བྱ་གག་གི་སྒོ་ང་འཐུ་རུ་སོང་། ཆུ་ངོས་སུ་དཀར་འོད་ལམ་ལམ་ཞིག་འཚེར་དུས་ལག་པ་ཆུ་ནང་དུ་རྙབ་ན་སྒོ་ང་རེ་རྙེད་ཐུབ། སྐབས་དེ་ནི་སྤྲོ་སྣང་གི་མཆོག་གོ །
       ཁོ་བོ་ཕ་ཡུལ་དུ་དབྱར་དགུན་དྲུག་ལས་འདའ་མེད། རྗེས་སོར་ཕ་ཡུལ་རྒྱབ་ལ་བསྐྱུར་ནས་ཕྱོགས་བཞིའི་ས་མཐར་འཁྱམས་པ་ཡིན།
       ང་རང་ཅི་ནན་དུ་ལོ་བཅུ་དང་པེ་ཅིང་དུ་ལོ་བཞི་ལ་བསྡད། ཡང་ཕྱིར་ཅི་ནན་ལ་ལོག་ནས་ལོ་གཅིག་འགོར། ཕྱིས་སུ་ཡོ་རབ་གླིང་དུ་ལོ་བཅུ་གཅིག་དང་། ཡང་བསྐྱར་ཕྱིར་པེ་ཅིང་ལ་ལོག ད་ལྟའི་བར་དུ་ལོ་ངོ་བཞི་བཅུ་ལྷག་འདས་ཤིང་། རྒྱལ་ཁབ་སུམ་ཅུ་ལྷག་གི་ཟླ་བ་ཡང་མཐོང་མྱོང་།
       ཁོ་བོས་མཛེས་སྡུག་ཡིད་དབང་འཕྲོག་པའི་སུའེ་ཙེར་ལའེ་མང་མཚེའུ་ངོགས་དང་། མུ་མེད་ཕ་མཐའ་བྲལ་བའི་ཧྥེ་གླིང་བྱེ་ཐང་ཆེན་པོའི་དབུས། གཡུ་རིས་རླབས་ཕྲེང་འཕྱུར་བའི་རྒྱ་མཚོ་ཆེན་མོའི་དཀྱིལ། བརྗིད་ཉམས་ངོ་མཚར་རྫོགས་པའི་རི་རྒྱལ་ལྷུན་པོའི་རྩེ་སོགས་ལས་ཀྱང་ཟླ་བ་མཇལ་མྱོང་། དེ་དག་ཐམས་ཅད་ཀྱང་ཡིད་འོང་མཛེས་སྡུག་ལྡན་པས་བདག་གི་ཡིད་སེམས་དབང་མེད་དུ་འཕྲོག
       འོན་ཀྱང་། ངས་དེ་དག་མཐོང་མ་ཐག་ཏུ་ཕ་ཡུལ་གྱི་འདམ་རྫིང་དང་ཆུ་ངོས་ཀྱི་ཟླ་བ་ཆུང་ཆུང་དེ་དྲན་ཡོང་། ངའི་སེམས་སུ་ཡངས་ཤིང་རྒྱ་ཆེ་བའི་ཡུལ་གྲུ་གང་ཞིག་གི་ཟླ་བའང་བདག་གི་གཅེས་སུ་འོས་པའི་ཟླ་བ་ཆུང་ཆུང་དེ་དང་བསྡུར་ཐབས་གཞི་ནས་བྲལ། ང་རང་ཕ་ཡུལ་དང་ལེ་བར་ཁྲི་ཕྲག་གིས་བཅད་པའི་ཕ་མཐའ་ན་གནས་ཀྱང་། ངའི་སེམས་པ་སྐད་ཅིག་ལ་ཁྱེད་ཀྱི་ཕྱོགས་སུ་ཤོར། བདག་གི་ཟླ་བ་ཆུང་ཆུང་། ང་ཡིས་ནམ་ཡང་ཁྱེད་རང་བརྗེད་མི་སྲིད་དོ། །
       ད་ནི་ཁོ་བོ་ལ་ཁའི་ཉི་མ་ལྟ་བུ་ཡིན་ཏེ། ང་སྡོད་སའི་གནས་མཆོག་ལང་རུན་གླིང་འདི་འུད་ཀྱིས་བརྗོད་ན། འདི་རུ་ལྗོན་པ་དང་སྨྱུག་སྡོང་སྟུག་ཅིང་། ཆུ་བོ་དལ་གྱིས་རྒྱུ། ད་དུང་དེའུ་འབུར་འགས་བརྒྱན་པར་བྱས་ཡོད་སྟབས་ལྗོངས་ཀྱི་མཛེས་སྡུག་ཕུན་སུམ་ཚོགས། ལོ་འགའི་སྔོན་དུ། ལུའུ་ཧྲན་ནས་ངལ་གསོས་རྗེས་ཕྱིར་ལོག་པ་ཡིན། གནས་དེ་གར་ང་དང་མཉམ་དུ་ངལ་གསོ་བྱས་པའི་གྲོགས་པོ་ཞིག་ང་ལ་འཚམ་འདྲི་ཞུ་རུ་སླེབས་བྱུང་། ཁོས་ཡུལ་ལྗོངས་འདི་མཐོང་བ་ན། སྤྲོ་སྣང་དོད་པའི་ངང་ནས་བཤད་རྒྱུར། ཁྱོད་འདི་འདྲའི་གནས་མཆོག་ཅིག་ཏུ་བསྡད་ཡོད་ཚེ་དེ་སྔོན་ལུའུ་ཧྲན་ལ་སོང་ནས་ཅི་བྱེད་དམ། ཞེས་པ་ལས། ལང་རུན་གླིང་གིས་ཁོང་ལ་བག་ཆགས་ཇི་འདྲ་ཞིག་བཞག་ཡོད་པ་ཤེས་ཐུབ།
       འདི་གར་རི་བོ་དང་། ཆུ་བོ། ལྗོན་པ། མེ་ཏོག་དང་འདབ་ཆགས་སོགས་ཡོད་ལ། ཟླ་བ་ཉ་གང་བའི་མཚན་མོ་རེ་རེར་ཟླ་འོད་ནི་སྔོ་ལྗང་གི་རྦ་རླབས་སྟེང་དུ་འོད་ལམ་ལམ་དུ་འཚེར་ཞིང་། མཁའ་དབྱིངས་ནི་ན་བུན་གྱིས་བཏུམས་ཤིང་སྔོ་ལྗང་ལྗང་དུ་གནས་པས། པད་མའི་རྫིང་བུ་ཡང་རྒྱང་ཐག་རིང་བོར་སྣང་ལ། འདབ་ཆགས་ཀྱིས་ཀྱང་གསུང་སྙན་སྒྲོག འདི་ནི་ཟླ་བར་གཟིགས་མྱོང་བྱེད་སའི་གནས་མཆོག་ཅིག་ཅི་ལ་མིན། ངོ་མཚར་བའི་པད་རྫིང་གི་ཟླ་འོད་ནི་སྒེའུ་ཁུང་གི་ཕྱི་རོལ་ན་འཇགས་ཤིང་། དེ་ནི་སྐྱེས་བུ་སུ་ཞིག་གི་སྤྲོ་བའི་སྣང་ཡུལ་དུ་མི་འགྱུར་དམ།
       འོན་ཏེ། འདི་ལྟ་བུའི་སྐལ་བཟང་གི་མཛེས་ལྗོངས་ལ་འཕྲད་ཀྱང་། བདག་གི་ཡིད་ལ་འཁོར་ཡོང་བ་ནི་སྔར་བཞིན་ཕ་ཡུལ་གྱི་འདམ་རྫིང་ཁྲོད་ཀྱི་ཕལ་བའི་ཟླ་བ་ཆུང་ཆུང་དེ་ཡིན། ཟླ་བ་མཐོང་བས་ཕ་ཡུལ་དྲན་པ་ནི་ངའི་རྒྱུན་ལྡན་གྱི་འཚོ་བ་ཞིག་ཏུ་གྱུར་འདུག ཕ་ཡུལ་དྲན་པའི་གདུང་བ་ནི་རེ་སྐྱིད་རེ་སྡུག་ཏུ་སྣང་སྟེ། དེའི་ཁྲོད་དུ་ཕྱིར་དྲན་དང་། བློ་འགྱོད། ཞེན་ཆགས། ཕངས་སེམས་སོགས་ཀྱང་མཆིས། དུས་ཚོད་ནི་ཆུ་བོའི་རྒྱུན་བཞིན་ལྡོག་ཐབས་བྲལ་ཡང་། སྡུག་ལྡན་གྱི་མི་ཚེའི་ཁྲོད་དུ་བདེ་སྐྱིད་ནི་ཅིས་ཀྱང་ཡོད་དོ། །
       ཕ་ཡུལ་གྱི་ཟླ་བ་ལྷག་པར་གསལ་ཏེ། བདག་གིས་ག་དུས་ཞིག་ལ་ཟླ་བ་ཆུང་ངུ་དེ་སླར་ཡང་མཐོང་ཐུབ་ཨང་། བདག་གིས་ལྷོ་ཕྱོགས་ཀྱི་མཁའ་དབྱིངས་ལ་རྒྱང་ལྟ་བྱས་ཤིང་། སེམས་པ་རྒྱང་རིང་གི་ཕ་ཡུལ་དུ་ཤོར།
 
ཟུར་བཀོད།
       ལོ་ཙཱ་བྱེད་སྟངས་གསལ་བྱེད།
        ཕྲན་གྱིས་ལྷུག་རྩོམ་འདི་ཉིད་བསྒྱུར་དུས་རྒྱ་བོད་གཉིས་ཀྱི་སོ་སོའི་སྐད་ཡིག་གི་འབྲེལ་བ་དང་ཁྱད་ཆོས་མི་འདྲ་བར་དམིགས་ནས་བརྗོད་བྱ་དང་སྒྲིག་གཞི་གཉིས་མ་ཡིག་དང་མི་འགལ་བའི་རྩ་དོན་ཐོག རྗོད་བྱེད་ཀྱི་ཚིག་དང་མཚོན་སྟངས་སོགས་ཀྱི་ཐད་ནས་བོད་རང་གི་ཡིག་སྐད་ཀྱི་ཁྱད་ཆོས་ཅི་ནུས་སྒོས་ཐོན་པར་བྱས་པ་ཡིན་ལ། ལོ་ཙཱའི་ཐབས་ལམ་ཀྱི་ཐད་ནས་མང་ཤོས་ཐད་སྒྱུར་དང་། རྒྱའི་གནའ་རབས་སྙན་རྩོམ་དང་ཡུལ་མིང་སོགས་བོད་སྐད་ལ་ཇི་བཞིན་དུ་བསྒྱུར་མི་ནུས་བ་རྣམས་དོན་སྒྱུར་དང་སྒྲ་སྒྱུར། མོག་སྒྱུར་སོགས་ཀྱི་ཐབས་ལམ་སྤྱད་དེ་བསྒྱུར་བ་ཡིན།

        སྒྱུར་མཁན་ངོ་སྤྲོད།
        རིག་ཁོ། ཕ་ཡུལ་མགོ་ལོག་དགའ་བདེ་ནས་འཚར་ལོངས་བྱུང་ཞིང་། ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ན་རྒྱ་བོད་ལོ་ཙཱའི་ཁ་ཕྱོགས་ལ་སློབ་གཉེར་བྱེད་བཞིན་པའི་སློབ་བུ་དཀྱིས་མ་ཞིག་ཡིན། དེ་སྔོན་མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་རའི་ཁུག་རྟ་དུས་དེབ་སོགས་སུ་བསྒྱུར་རྩོམ་དང་བརྩམས་སྒྲུང་འགའ་རེ་བཀོད་མྱོང་།


ཕ་ཡུལ་གྱི་ཟླ་བ་ལྷག་ཏུ་གསལ།
ཅི་ཞན་ལིན་གྱིས་བརྩམས།
པད་མ་ཚེ་རིང་གིས་བསྒྱུར།

 
       མི་རེ་ལ་ཕ་ཡུལ་རེ་ཡོད། ཕ་ཡུལ་རེ་ན་ཟླ་བ་རེ་ཡོད། མི་ཐམས་ཅད་རང་གི་ཕ་ཡུལ་གྱི་ཟླ་བར་དུང་བ་ཆེ། དོན་དག་ནི་ཕལ་ཆེར་འདི་འདྲ་ཞིག་རེད།
       འོན་ཀྱང་ཟླ་བ་གཅིག་པུ་ལས་གཞན་ཅི་ཡང་མེད་ན། དེའང་ཁེར་རྐྱང་ཡིན་པ་ཐལ་ཆེ་སོང་། དེའི་རྐྱེན་ཀྲུང་གོའི་གནའ་དུས་ཀྱི་སྙན་ཚིག་ཏུ་ཟླ་བ་ནི་དུས་དང་རྣམ་པ་ཀུན་ཏུ་གཞན་དང་འགྲོགས་ནས་ཡོད་དེ། ཆེས་མང་པ་ནི་རི་དང་ཆུ་ཡིན་ལ། དཔེར་ན“རི་མཐོ་ཞིང་ཟླ་བ་སྙིང་དུ་སྡུག”ཅེས་དང་།“རྫིང་བུ་གསུམ་ལས་ཟླ་འོད་འཕྲོ།”ཞེས་སོགས་གྲངས་ཀྱིས་མི་ཟིན་ཏོ། །
       ང་ཡི་ཕ་ཡུལ་ནི་ཧྲན་ཏུང་གི་ནུབ་བྱང་ཕྱོགས་ཀྱི་ཐང་ཆེན་པ་ན་ཡོད། ང་རང་ལོ་ན་ཆུང་དུས་རི་བོ་ཡེ་ནས་མཐོང་མ་མྱོང་ལ། རི་ཞེས་པ་ཅི་ཡིན་ཡང་མི་ཤེས། དེ་དུས་ངའི་སེམས་སུ་རི་ནི་ཕལ་ཆེར་ཟླུམ་ཞིང་སྦོམ་པའི་ཀ་བ་མཐོན་པོ་ཞིག་སྟེ། རྐང་བ་ས་ལ་བརྟན་ཅིང་མགོ་བོ་དགུང་ལ་བསྙེགས་པ་དང་། ཟིལ་ཉམས་ཀྱིས་འགྱིང་བ་ཞིག་ལོས་ཡིན་བསམས་མྱོང་།
       ཕྱིས་སུ་ཅི་ནན་དུ་ཐོན་ནས་རི་བོ་མཐོང་བ་ན། ད་གཟོད་སེམས་སུ་རི་ནི་འདི་འདྲ་ཞིག་རེད་ཨང་སྙམ་པའི་བློ་སྐྱེས། དེའི་དབང་གིས་ཕ་ཡུལ་དུ་ཟླ་བ་ལ་མཇལ་སྐབས། ངས་རི་དང་ཟླ་བ་གཉིས་ཀྱི་བར་ལ་འབྲེལ་བ་གཏན་ནས་བཙུགས་མ་མྱོང་། སུའུ་ཏོན་ཕའོ་ཡི་སྙན་ཚིག་ཏུ། “ཤར་ཕྱོགས་རི་བོའི་རྩེ་ནས་ཟླ་བ་ཤར། །ཆུ་སྨད་གྲོ་བཞིན་བར་ནས་འགྲོ་འོང་བྱེད”པའི་སྣང་ཚུལ་དེ་ལྟ་བུ་ངའི་ཡིད་ལ་གཏན་ནས་འཆར་མི་སྲིད།
       ཡིན་ཡང་ཆུ་ནི་ངའི་ཕ་ཡུལ་གྱི་སྡེ་བ་ཆུང་ཆུང་ན་མོད་པོ་ཡོད།
       འདམ་བུའི་ཁུག་དོང་ཆེ་པོ་འགའ་ཡོད་པ་དེས་ཀྱང་སྡེ་བའི་ས་མང་ཤོས་ཟིན། བྱིས་པ་ངའི་མིག་ལམ་དུ་ཏུང་ཐིང་མཚེའུའི“བརྒྱད་པའི་མཚོ་ཆུ”ལྟ་བུའི་ཉམས་དང་ལྡན་པ་ཞིག་མིན་ནའང་། རླབས་ཕྲེང་ལྦུ་བའི་དོ་ཤལ་མཛེས་པ་ཞིག་ཅིས་ཀྱང་རེད། དབྱར་ཁའི་ས་སྲོས་ཀྱི་རྗེས་སུ། ང་ཁུག་དོང་འགྲམ་གྱི་ར་བའི་ནང་དུ་གན་རྐྱལ་དུ་ཉལ་ནས་ནམ་མཁའི་སྐར་མ་བརྩིས་པ་ཡིན།
       མཚམས་ལན་རེར་གནའ་བོའི་ལྕང་སྡོང་འོག་ཏུ་མེ་ཕུང་སྒྲོན་པ་དང་། དེ་ནས་སྡོང་བོར་འགོས་ཏེ་གཡོ་བ་ན། འབུ་ཀྲི་ལེའོ་ནི་ཁྱུ་དང་ཁྱུ་བྱས་ནས་སར་ལྷུང་། ཉིན་དཀར་གྲོ་རིལ་ལྡད་ནས་འབུ་སྦྱར་བ་དང་བསྡུར་ན་ཤིན་ཏུ་སྟབས་བདེ་པོ་ཞིག་རེད། དེའི་རྐྱེན་ང་མཚན་མོ་རེ་རེར་དགའ་སྤྲོས་ཁེངས་ཤིང་ཉི་མ་རེ་རེར་ས་སྲོས་ལ་རེ་སྒུག་བྱེད།
       དེ་ལས་འཕྱི་བའི་དུས་སུ་ང་དོང་འགྲམ་དུ་སོང་བ་ཡིན། མགོ་ཡར་བཀྱགས་ནས་མཁའ་ལ་བཏེགས་པའི་བསིལ་ཟེར་ཟླ་བ་མཐོང་བ་དང་། ཟླ་འོད་དཀར་ཞིང་གསལ་ལ་ཕྱོགས་མཐར་འཕྲོས་པས། ཆུ་ནང་གི་ཟླ་བ་དེ་དང་ཕན་ཚུན་རྒྱན་དུ་གྱུར་པས་ཉམས་དགའ་བ་ཞིག་རེད། ངས་དེ་དུས་ད་དུང་སྙན་ངག་གི་རྩོམ་འདུན་ནམ་སྙན་ངག་གི་སྤྲོ་སྣང་ཞེས་པ་ཅི་ཡིན་ལ་གསལ་ཆ་མེད་མོད། འོན་ཀྱང་མཐོང་བ་ཙམ་གྱིས་དགའ་བ་ཞིག་སྐྱེས་པ་དང་། སེམས་སུའང་བཤད་མི་ཤེས་པའི་དངོས་པོ་ཞིག་དབང་མེད་དུ་ལྡང་གིན་འདུག ལན་རེར་དོང་འགྲམ་ནས་ཡུན་རིང་བོར་བརྩེས་ཏེ་ད་གཟོད་ཁྱིམ་དུ་ལོག་ནས་གཉིད་པ་ཡིན། རྨི་ལམ་དུ་ཟླ་བ་གཉིས་བརྩེགས་པ་རྨིས་ཤིང་། ཟླ་བའི་འོད་དཀར་ནི་སྔར་བས་ཀྱང་དྭངས་ཤིང་གསལ་བ་ཞིག་རེད། ཕྱི་ཉིན་སྔ་མོར་ཡར་ལངས་ནས་དོང་འགྲམ་གྱི་འདམ་བུའི་ཚལ་དུ་གག་པའི་སྒོ་ང་འཐུ་རུ་སོང་། དཀར་ལམ་ལམ་གྱི་འོད་བཀྲ་སའི་ཆུ་ནང་དུ་ལག་པ་བསྲིངས་པའི་ཚེ། སྒོ་ངར་རེག་ཐུབ་པ་ལ་སོམ་ཉི་མེད་པས། དགའ་བའི་མཐར་ཐུག་པར་འགྱུར་རོ། །
       ང་རང་ཕ་ཡུལ་དུ་ལོ་དྲུག་ལས་བསྡད་མེད། ཕྱིས་སུ་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ས་མཐར་འཁྱམས་པ་ཡིན།
       ཅི་ནན་དུ་ལོ་བཅུ་ལྷག་ལ་བསྡད་པ་དང་། པེ་ཅིང་དུ་ལོ་བཞི་བརྒལ། ཡང་ཅི་ནན་དུ་ལོག་ནས་ལོ་གཅིག་ལ་བསྡད། དེ་ནས་ཡོ་རོབ་ཏུ་ལོ་བཅུ་གཅིག་ལ་བསྡད་རྗེས་ཕྱིར་པེ་ཅིང་དུ་ལོག་པ་དང་། ད་ལྟའི་བར་དུ་ལོ་ངོ་བཞི་བཅུ་ལྷག་འགོར་ཡོད། བར་སྐབས་འདིར་ང་རང་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་སུམ་ཅུ་ལྷག་ལ་ཐོན་ཡོད་པ་དང་། ཟླ་བའང་མང་པོ་མང་པོ་ཞིག་མཐོང་མྱོང་།
       ཡུལ་ལྗོངས་ལྟ་ན་སྡུག་པའི་སུའེ་ཙེར་གྱི་ལེ་མེང་མཚེའུའི་ངོས་དང་། མུ་མཐའ་མེད་པའི་ཧྥེ་གླིང་གི་བྱེ་ཐང་ཆེན་པོ་རུ། རྦ་རླབས་ཆལ་ཆིལ་གཡོ་བའི་རྒྱ་མཚོ་ཆེན་པོའི་ངོས། ཡང་ན་རྩེ་མོ་དགུང་ལ་བསྙེགས་པའི་རི་མཐོན་པོའི་སྒང་སོགས་གནས་འདི་དག་ཐམས་ཅད་དུ་ངས་ཟླ་བ་མཐོང་མྱོང་། ཟླ་བ་འདི་དག་མཚར་སྡུག་ཡིད་དུ་འོང་བ་ཞིག་ཡིན་པས། ངའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོགས་སོང་།
       འོན་ཀྱང་དེ་དག་མཐོང་མ་ཐག ངའི་ཡིད་ལ་ཕ་ཡུལ་གྱི་འདམ་བུའི་ཁུག་དོང་དང་ཆུ་ནང་གི་ཟླ་བ་ཆུང་ཆུང་དེ་དབང་མེད་དུ་ཤར་འོངས། སྡུར་བ་ཇི་ལྟར་བྱས་ཀྱང་། མཐའ་ཀླས་པའི་འཇིག་རྟེན་གྱི་ཟླ་བ་ཆེན་པོ་དེ་དག་ངའི་སེམས་ཁོང་གི་ཟླ་བ་ཆུང་ཆུང་སྙིང་ལ་རྗེ་བོ་དེར་ཡེ་ནས་འགྲན་མི་ཕོད། ང་ཕ་ཡུལ་དང་ལེ་དབར་ཁྲི་ཕྲག་གྱེས་རུང་། སེམས་ནི་སྐད་ཅིག་ཉིད་དུ་ཕ་ཡུལ་གྱི་པང་ཁུག་ཏུ་འཕུར་འགྲོ། ངའི་སེམས་ཁོང་གི་ཟླ་བ་ཆུང་ཆུང་། ངས་ནམ་ཡང་ཁྱོད་བརྗེད་ཐབས་བྲལ།
       ང་ད་ལྟར་ལོ་བརྒྱད་ཅུ་དགུ་བཅུར་སོན་པ་དང་། སྡོད་ས་ནི་ལེང་རོན་སྐྱེད་ཚལ་ཡིན། གནས་འདི་ན་སྨྱུག་མའི་ཚང་ཚིང་ཐགས་སུ་བཀྲ་ཞིང་ཆུ་ཕྲན་ཡན་ལག་བརྒྱད་ལྡན་གྱིས་མཐའ་ནས་སྐོར། ད་དུང་རི་བོ་ཆུང་ཆུང་འགའ་ཡང་ཡུལ་གྱི་རྒྱན་དུ་གྱུར་བས་མཛེས་ཤིང་ཉམས་དགའ་བ་ཞིག་རེད། ལོ་འགའི་སྔོན་ལ་ང་རང་ལིའུ་ཧྲན་ནས་ཁམས་གསོ་བྱས་ཏེ་ཕྱིར་ཐོན། ལིའུ་ཧྲན་དུ་ཡང་ཁམས་གསོ་བྱེད་པའི་གྲོགས་པོ་རྙིང་བ་ཞིག་ང་ལྟ་རུ་ཡོང་བ་དང་། ཁོས་ཡུལ་ལྗོངས་འདི་འདྲ་མཐོང་བ་ན་ང་ལ། “ཁྱོད་འདི་འདྲའི་གནས་སྐྱིད་པོ་རུ་བསྡད་ཡོད་ན་ལིའུ་ཧྲན་ལ་སོང་ནས་ཅི་བྱ།”ཞེས་བཤད་པར་གཞིགས་ན། ལེང་རོན་སྐྱེད་ཚལ་གྱིས་གཞན་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་རྟོགས་ཐུབ།
       གནས་འདི་ན་རི་དང་ཆུ་ཡོད་ལ། ལྗོན་ཤིང་། མེ་ཏོག བྱ་དང་བྱེའུ་ཡང་ཡོད། བཅོ་ལྔའི་དགུང་མོར་ཉ་གང་ཟླ་བའི་དཀྱིལ་འཁོར་མཁའ་ལ་བཏེགས་ཤིང་། དུང་མདོག་གི་ཟླ་བ་གཞོན་ནུས་མག་མོག་གི་གནམ་སའི་དབུས་སུ་དགྱེས་འཛུམ་ངོམ། པད་མའི་དྲི་ཞིམ་ཕྱོགས་མཐར་ཁྱབ་ཅིང་བྱ་དང་བྱེའུས་སྐད་སྙན་སྒྲོག་པས། ཟླ་བར་མཇལ་བའི་གནས་མཆོག་ཅི་ལ་མིན། པད་རྫིང་གི་ཟླ་འོད་ལྟ་བུའི་མཛེས་ལྗོངས་དེའང་ངའི་གམ་དུ་ཡོད། སུ་ཞིག་གནས་འདིར་ཕེབས་ཀྱང་མཐོང་བས་ཡིད་མི་སྤྲོ་བ་ཞིག་མེད།
       ཡིན་ནའང་། དུས་སྐལ་བཟང་པོའི་ཡུལ་ལྗོངས་ཡག་པོ་འདི་འདྲར་འཕྲད་ཐེངས་རེར། ངའི་སེམས་ལ་ཤར་བ་ནི་སྔར་བཞིན་ཕ་ཡུལ་གྱི་འདམ་བུའི་ཁུག་དོང་ནང་གི་ཟླ་ཆུང་དཀྱུས་མ་དེ་ཡིན། ཟླ་བ་མཐོང་ནས་ཕ་ཡུལ་དྲན་པ་ནི་ངའི་རྒྱུན་ལྡན་གྱི་མྱོང་བ་ཡིན། ཕ་ཡུལ་གྱི་དྲན་གདུང་དེ་བདེ་སྡུག་གཉིས་ཀའི་གང་ཡིན་མི་ཤེས་ལ། དེའི་ཁྲོད་དུ་སྐྱོ་བ་ཡོད་ལ། ཞེན་ཆགས་ཡོད་ལ། ཕངས་སེམས་ཀྱང་ཡོད། དུས་ནི་སྐད་ཅིག་མ་གཅིག་ལ་བཞུར་འགྲོ་བ་དང་། སྐྱུར་བའི་ནང་དུ་མངར་བའི་ཆ་ཞིག་ཀྱང་འདྲེས་འདུག
       ཕ་ཡུལ་གྱི་ཟླ་བ་ལྷག་ཏུ་གསལ། ངས་དུས་ནམ་ཞིག་ལ་ཡང་བསྐྱར་ཕ་ཡུལ་གྱི་ཟླ་བ་མཐོང་ཐུབ། ངས་ལྷོ་ཕྱོགས་ཀྱི་ནམ་མཁར་བལྟས་ཤིང་། སེམས་པ་ཕ་ཡུལ་གྱི་ཕྱོགས་ལ་དབང་མེད་དུ་ཤོར་སོང་།

ཟུར་བཀོད།
       ལོ་ཙཱ་བྱེད་སྟངས་གསལ་བཤད།
        རྩོམ་འདི་ལོ་ཙཱ་བྱེད་སྐབས་སྒྲ་སྒྱུར་དང་དོན་སྒྱུར། ཐད་སྒྱུར་བཅས་སྒྱུར་ཐབས་གཙོ་བོ་རྣམ་གསུམ་གང་ལ་གང་འཚམ་དུ་སྤྱད་ཡོད་པ་དང་། མ་ཡིག་གི་ནང་དོན་མ་ལུས་པར་བསྟན་ཡོད་ལ། མ་ཡིག་ཏུ་མེད་པའི་ནང་དོན་བཙན་གྱིས་བསྣན་མེད། མ་ཡིག་གི་རྩོམ་ལུས་སོར་དུ་བཞག་སྟེ་བསྒྱུར་ཡོད་པ་དང་། བཀླག་བདེ་ཞིང་གོ་སླ་བའི་འགྱུར་ཞིག་ཏུ་ཡོང་བར་འབད་པ་བྱས་ཡོད་ལ། རྒྱ་སྐད་ཀྱི་ཚིག་སྦྱོར་སྤེལ་སྟངས་ཁ་ཤས་རང་རེའི་བོད་སྐད་ཁྲོད་གདན་འདྲེན་པའི་དམིགས་ཡུལ་ཡང་བཟུང་ཡོད།

       སྒྱུར་མཁན་ངོ་སྤྲོད།
       ངའི་མིང་ལ་པད་མ་ཚེ་རིང་ཟེར། ཕ་ཡུལ་གཙོས་ཡིན།
2007ལོའི་ཟླ9པ་ནས2011ལོའི་ཟླ7པའི་བར་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་དངོས་གཞི་བཏོན་པ་དང་། 2011ལོའི་ཟླ9པ་ནས2014ལོའི་ཟླ7པའི་བར་དུ་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཤེས་རམས་ཞིབ་འཇུག་སློབ་མའི་བསླབ་བྱ་ཁག་སྦྱངས། 2014ལོའི་ཟླ10པ་ནས་ད་ལྟའི་བར་དུ་ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་ལས་ཀ་གཉེར། ད་ལྟར་ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལོ་ཙཱའི་ཚན་ཁག་གི་ཀྲུའུ་རེན་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།