ཚེ་ཏན་མཁན་པོ་སྐུ་ཕྲེང་བཅུ་བཞི་བ་ནའོ་མོ་ཧན་ཀྲ་ས་ཁུ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན།

རྩོམ་པ་པོ།:ཚེ་དབང་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-12-17 11:13:27 ཀློག་གྲངས།:
       དེ་ཡང་ཚེ་ཏན་མཁན་པོ་སྐུ་ཕྲེང་བཅུ་བཞི་བ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ནི་སྤྱི་ལོ༡༩༦༥ལོའི་ཟླ་བཞི་བའི་ཚེས་གཅིག་ཉིན་མདོ་སྨད་ས་ཡི་ཐིག་ལེ་བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་ཡུལ་རྒྱ་ཞུར་ཡུལ་དུ་ཡབ་བསོད་ནམས་དང་ཡུམ་རྡོ་རྗེ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྐུ་ན་ཆུང་དུས་སུ་རང་ཡུལ་དུ་སློབ་གྲྭ་ཆུང་འབྲིང་འགྲིམས་པའི་སྐལ་བ་ལྡན། སློབ་གཉེར་བྱེད་པའི་ཚེ་ཡང་བྱིས་པ་གཞན་ལྟར་རྩེད་འཇོ་སྣ་ཚོགས་ཀྱི་དུས་འདའ་བ་ཞིག་མིན་པར་ཀུན་སྤྱོད་ཡིད་དུ་འོང་ཞིང་སུས་མཐོང་ཡང་དང་བ་འདྲེན་པར་འགྱུར།  ༡༩༨༢ལོར་ཞིན་ཧྭ་རྫོང་སློབ་འབྲིང་ནས་བསླབ་མཐར་ཕྱིན་རྗེས་རྫོང་མི་རིགས་གླུ་གར་གླིང་དུ་བྱ་བར་ཞུགས། བར་སྐབས་སུ་དབུས་གཙང་སོགས་སུ་ཞོར་ལས་ལ་ཕེབས་ཏེ་སེམས་ཅན་གང་མང་འཇིགས་པ་ལས་གྲོལ་པའི་སྤྲུལ་རྟགས་ཀྱང་ཐེངས་མང་བསྟན། སྤྱི་ལོ༡༩༨༤ལོར་དན་ཏིག་དགོན་པར་ཕེབས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། ལོ་དེའི་ཟླ༦པའི་ཚེས༤ཉིན་བླ་མ་ཆུ་བཟང་ཚང་གི་སྐུ་མདུན་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་ལ་ངག་དབང་བསམ་གྲུབ་ཞེས་གསོལ། སྤྱི་ལོ༡༩༨༦ལོར་སྐུ་འབུམ་དུ་དགེ་བཤེས་འཇམ་དབྱངས་ཚང་བླ་མར་བསྟེན་ཏེ་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་ལ་སྦྱང་བ་མཛད། སྐུ་འབུམ་བྱམས་པ་གླིང་གི་དོ་དན་ཨུ་ཡོན་ལྷན་ཁང་དུ་བགྲང་བྱ་ལྔ་ལ་སྤྱི་གཉེར་གྱི་འགན་བཞེས། ༡༩༩༡ལོར་མཁན་པོ་འཇིགས་མེད་རིག་པའི་སྙིང་བོས་སྤྲུལ་སྐུ་ངོས་འཛིན་བྱས་ལ༡༩༩༣ལོའི་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ཚེ་ཏན་དགོན་པར་ཕེབས་ནས་ཁྲི་ལ་མངའ་གསོལ། རིམ་གྱིས་ཐོའུ་བ་དགོན་དང་སྐྱ་འབུག་དགོན། དན་ཏིག་དགོན། ཀ་ཐུང་དགོན། གོང་སྐྱ་དགོན་བཅས་ཀྱི་ཁྲི་ལ་མངའ་གསོལ་ཏེ་སྒར་བ་ཁ་དྲུག་གི་བདག་པོར་གྱུར། སྤྱི་ལོ༡༩༩༥ལོར་པེ་ཅིན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བགྲང་བྱ་གཉིས་ལ་བསླབ་གཉེར་བྱས་ཤིང་། སྤྱི་ལོ༢༠༠༠ལོར་ཀྲུང་གོའི་མི་དམངས་སློབ་ཆེན་དུ་ཕེབས་ཏེ་ལོ་གཉིས་ལ་རྒྱའི་རིག་གནས་སྦྱངས་པའོ།།
       དམ་པ་འདི་ཉིད་ཀྱིས་དུས་ཡུན་ཐུང་ངུར་འགྲོ་དོན་བསྐྱངས་ཚུལ་རགས་ཙམ་བརྗོད་ན། སྤྱི་ལོ༢༠༠༣ལོར་བ་ཡན་རྫོང་འདབ་མ་སྡེ་བར་སྒོར་ཁྲི་ལྔ་བཅུ་ལྷག་གི་རོགས་སྐྱོར་མཛད་དེ་གློག་འཐེན་པ་དང་། སྤྱི་ལོ༡༩༩༧ལོར་ཚེ་ཏན་དགོན་པར་གློག་དང་བགྲོད་ལམ་མེད་པའི་དཀའ་ངལ་སེལ། ཚེ་ཏན་ཞང་གི་སློབ་གྲྭ་ལ་སྒོར་སྟོང་གསུམ་ལྷག་གི་རོགས་སྐྱོར་མཛད། སྤྱི་ལོ༡༩༩༩ལོར་ཐོའུ་བ་དགོན་པར་སྒོར་ཁྲི་ལྔ་བཅུ་ལྷག་གི་རོགས་སྐྱོར་མཛད་དེ་གློག་འཐེན་པ་དང་རླངས་འཁོར་བགྲོད་ཐུབ་པའི་ལམ་ལས་པའོ།། སྤྱི་ལོ༢༠༠༢ལོར་དན་ཏིན་དགོན་པར་སྒོར་ཁྲི་བརྒྱ་ལྷག་གི་རོགས་སྐྱོར་མཛད་དེ་གློག་འཐེན་ཞིང་། སྤྱི་ལོ༢༠༠༣ལོར་གསེར་གཞུང་ཞང་བཟང་སྐྱ་བུ་རྒྱུད་སྡེ་བར་སྒོར་ཁྲི་ལྔ་བཅུ་ལྷག་གི་རོགས་སྐྱོར་མཛད་དེ་གློག་འཐེན། སྤྱི་ལོ༢༠༠༤ལོའི་ཟླ་བཞི་བའི་ཚེས་གཅིག་ཉིན་བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་ཡུལ་རྒྱ་ཞུར་སྡེ་བར་རྣམ་རྒྱལ་མཆོད་རྟེན་བཞེངས། དེར་མ་ཟད་ཐ་རྒྱ་དང་ཁོར་ཡུལ་སོགས་ས་རྩོད་ཆུ་རྩོད་བྱུང་པ་ལ་ཞི་བའི་སྒོ་ནས་འདུམ་སྒྲིག་བྱས་ཏེ་འགྲོ་དོན་བསྐྱངས་པ་བསམ་གྱིས་མི་ཁྱབ་བོ།།
       དམ་པ་ཁོང་ཉིད་ད་ལྟ་མདོ་སྨད་མཚོ་ཤར་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། མིན་ཧོ་རྫོང་སྲིད་གྲོས་ཀྱི་ཀྲོ་ཞུ་གཞོན་པ། མིན་ཧོ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་བཞིན་པའོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།